———ཨ་རིའི་འཐབ་ཇུས་ཁ་ཕྱོགས་ལ་འགྱུར་བ་བཏང་བར་དཔྱད་པ།

ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཟླ་དང་པོའི་ཚེས ༡༩ རེས་གཟའ་པ་སངས་ཉིན་བསྒྲགས་པའི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་རྒྱལ་སྲུང་འཐབ་ཇུས་གསར་བའི་ནང་། རྒྱ་ནག་དང་ཨུ་རུ་སུ་གཉིས་ཨ་མེ་རི་ཀའི་རྒྱལ་ཁབ་བདེ་འཇགས་ལ་འགྲན་ཟླ་སློང་མཁན་གཙོ་བོ་རུ་ངོས་འཛིན་བྱས་ཡོད་པ་མ་ཟད། འཇིགས་སྐུལ་རིང་ལུགས་པའི་ཉེན་ཁ་ལས་ཀྱང་ཆེ་བ་ཞེས་ངོ་བོ་གཏན་འབེབས་བྱས་ཡོད་པས། འདི་ནི་ཨ་མེ་རི་ཀའི་རྒྱལ་སྲུང་འཐབ་ཇུས་ཀྱི་འགྱུར་བ་ཆེན་པོ་ཞིག་ཡིན་ལ། འདས་པའི་ལོ་ངོ ༢༠ རིང་གི་འཐབ་ཇུས་ཁ་ཕྱོགས་དེ་འཇིགས་སྐུལ་རིང་ལུགས་པར་རྒོལ་རྡུང་ནས་རྒྱ་ནག་དང་ཨུ་རུ་སུའི་སྡིགས་བསྐུལ་ལ་གདོང་ལེན་དུ་བསྒྱུར་བ་རེད། ཨ་རིའི་རྒྱལ་སྲུང་བློན་ཆེན་ཇམ་སི་མཱ་ཊི་སི་ལགས་ཀྱིས་ཟླ་འདིའི་ཚེས ༡༩འི་ཉིན་རྒྱལ་ས་ཝ་ཞིན་ཊོན་ན་ཡོད་པའི་རྗང་སི་ཧོབ་ཁེན་སི་གཙུག་ལག་སློབ་ཆེན་དུ་གསར་དུ་བཏོན་པའི་རྒྱལ་སྲུང་འཐབ་ཇུས་སྐོར་གཏམ་བཤད་གནང་སྐབས། འཛམ་གླིང་ཡང་བསྐྱར་རྒྱལ་ཁབ་ཆེན་པོའི་འགྲན་རྩོད་ཀྱི་གནས་བབ་དུ་ཕྱིར་ལོག་པ་རེད་ཅེས་ནན་གྱིས་བརྗོད་འདུག
སྐུ་ཞབས་མཱ་ཊི་སི་ལགས་ཀྱིས་བརྗོད་དོན། འཇིགས་སྐུལ་རིང་ལུགས་པར་རྒོལ་རྡུང་གི་བྱ་བཞག་དེ་ད་དུང་ཡང་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་མོད། འོན་ཀྱང་། ད་ལྟའི་ཨ་མེ་རི་ཀའི་རྒྱལ་ཁབ་བདེ་འཇགས་ཀྱི་འབབ་ས་གཙོ་བོ་དེ་རྒྱལ་ཁབ་ཆེན་པོའི་འགྲན་རྩོད་ཡིན་པ་ལས་འཇིགས་སྐུལ་རིང་ལུགས་མིན། རྒྱལ་སྲུང་འཐབ་ཇུས་དེ་དུས་རབས་ཀྱི་འགྲོས་དང་ཤིན་ཏུ་ནས་འཚམ་ཞིང་མཐུན་པ་ཞིག་ཡིན་ཟེར།
གོང་ཞུས་སྐད་ཆའི་ཚན་པ་དེ་ནི་ཨ་རིའི་རྒྱལ་སྲུང་བློན་ཆེན་གྱིས་གསར་དུ་བསྒྲགས་པའི་ཨ་རིའི་རྒྱལ་སྲུང་འཐབ་ཇུས་ཀྱི་དམིགས་སྒོ་ལ་བརྒྱབས་པའི་བསྡོམས་ཡིན།
རྒྱལ་སྲུང་བདེ་འཇགས་སྙན་ཐོའི་ནང་། ཉིན་རེ་ཞག་རེར་ཇེ་གསལ་ནས་ཤིན་ཏུ་ཇེ་གསལ་དུ་གྱུར་བཞིན་པ་ཞིག་ནི། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་འཛམ་གླིང་འདི་ཁོང་ཚོའི་ཟིལ་དབང་མ་དཔེ་དང་མཐུན་པའི་རྣམ་པ་ཅན་ཞིག་ཏུ་བསྒྱུར་འདོད་ཡོད་པ་དང་། རྒྱལ་ཁབ་འདི་གཉིས་ཀྱིས་རྒྱལ་ཁབ་གཞན་དག་གི་དཔལ་འབྱོར་དང་། ཕྱི་འབྲེལ། བདེ་འཇགས་ཀྱི་ཐབས་ཇུས་གཏན་འབེབས་ལས་དོན་སོགས་རྩིས་མེད་རྣམ་པར་གཅོད་པའི་ཟློག་དབང་ཐོབ་ཐབས་བྱས་དང་བྱེད་ཀྱིན་ཡོད། ཅེས་བཀོད་འདུག
རྒྱ་ནག་གི་ཐད། ཨ་རིའི་རྒྱལ་སྲུང་འཐབ་ཇུས་སྙན་ཐོའི་ཡིས་ངོ་བོ་ངོ་འཛིན་བྱས་པ་འདི་ལྟར། རྒྱ་ནག་གིས་རང་ཉིད་ཀྱི་དམག་དོན་དེང་རབས་ཅན་དང་། ཤུགས་རྐྱེན་ནུས་པ། འཕྲོག་བཅོམ་གྱི་རྣམ་པའི་དཔལ་འབྱོར་ལས་འགུལ་སོགས་ལ་བརྟེན་ནས་ཁྱིམ་མཚེས་རྒྱལ་ཁབ་དག་ལ་འཇིགས་སྣང་བསྐུལ་ནས། ཧིན་དྷུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་སྒྲིག་སྲོལ་བསྒྱུར་ཏེ་རྒྱ་ནག་རང་ཉིད་ལ་ཁེ་བཟང་ཐོབ་ཐབས་བྱེད་ཀྱིན་ཡོད། རྒྱ་ནག་གི་དཔལ་འབྱོར་དང་དམག་དོན་ནུས་ཤུགས་བསྟུད་མར་འཕེལ་ཞིང་དར་བཞིན་ཡོད་ལ། དུས་ཡུན་རིང་པོའི་རྒྱལ་ཁབ་ཧྲིལ་བོའི་འཐབ་ཇུས་ཀྱི་དངོས་ཤུགས་ལ་བརྟེན་ནས། རྒྱ་ནག་གི་བསྟུད་མར་འཕེལ་རྒྱུས་སུ་འགྲོ་བཞིན་པའི་དམག་དོན་དེང་རབས་ཅན་གྱི་རྣམ་གྲངས་ཀྱི་དུས་ཡུན་ཐུང་ངུའི་དམིགས་འབེན་ནི་ཧིན་དྷུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་དུ་བཙན་རྒྱལ་དབང་འཛིན་པའི་གོ་ས་འཚོལ་གྲུབ་བྱེད་རྒྱུ་དེ་ཡིན་ཞིང་། ད་དུང་འབྱུང་འགྱུར་གྱི་དུས་ཡུན་གང་འཚམ་ཞིག་ལ་ཨ་མེ་རི་ཀའི་གོ་ཚབ་བླངས་ནས་གོ་ལ་ཧྲིལ་བོ་དབང་བསྒྱུར་བྱེད་འདོད་ཀྱི་ཧམ་སེམས་བཅངས་ཡོད། ཅེས་སོགས་བཀོད་འདུག
ཨུ་རུ་སུ་ཐད་སྙན་ཐོའི་ནང་། ཨུ་རུ་སུས་ཕྱོགས་མཐའི་རྒྱལ་ཁབ་ཆུང་ངུ་དག་ལ་བཙན་འཛུལ་བྱས་ནས། ཕྱོགས་མཐའི་རྒྱལ་ཁབ་དག་གི་གཞུང་དང་། དཔལ་འབྱོར། ཕྱི་འབྲེལ་ཐག་གཅོད་སོགས་རྩིས་མེད་དུ་ཟློག་འདོད་ཡོད་པ་མ་ཟད། བྱང་ནུབ་མཚོ་ཆེན་མོ་མནའ་འབྲེལ་སྒྲིག་འཛུགས་ལ་གཏོར་བརླག་བརྒྱུད་ཡོ་རོབ་དང་དཀྱིལ་ཤར་གྱི་བདེ་འཇགས་དང་དཔལ་འབྱོར་གྱི་སྒྲོམ་གཞིར་བསྒྱུར་བཅོས་བཏང་ནས་རང་ཉིད་ལ་ཁེ་བཟང་ཐོབ་ཐབས་བྱེད་འདོད་ཡོད། ཨུ་རུ་སུས་ད་དུང་ལག་རྩལ་བཀོལ་ནས་རྗོར་རྗི་ཡ་དང་། ཁིར་མེ་ཡ། ཝུ་ཁི་རེན་ཤར་མའི་དམངས་གཙོའི་འཕེལ་རིམ་གྱི་མགོ་རྟིང་སློག་པ་རེད། དེའི་ཁར་ཨུ་རུ་སུས་དེང་རབས་ཅན་གྱི་རྡུལ་ཕྲན་གོ་མཚོན་འབོར་ཆེན་བཟོ་སྐྲུན་བྱེད་ཀྱིན་ཡོད་པ་ལས། འགྲན་སློང་གི་རྣམ་པ་གསལ་བོ་རེད། ཅེས་སོགས་བཀོད་འདུག
ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཞི་ཆུང་ངུའི་སྐབས་ཀྱི་རྒྱལ་སྲུང་བློན་ཆེན་གཞོན་པ་སྐུ་ཞབས་ཌོ་ཧྥུ་ཙག་ཧེམ་ལགས་ཀྱིས་ཨ་རིའི་རིག་མཛོད་ནུབ་མཚོ་ཆེན་མོ་ལས་དོན་ཁང་གིས་རྒྱལ་སྲུང་འཐབ་ཇུས་གསར་བའི་སྐོར་བསྐོངས་པའི་ཁ་པར་ཚོགས་འདུའི་སྐབས། སྙན་ཐོ་ཡིས་ཚིག་སྦྱོར་དྲག་པོས་རྒྱ་ནག་དང་ཨུ་རུ་སུའི་སྡིགས་བསྐུལ་གླེང་ཡོད་པ་ལས། རྒྱལ་ཁབ་དེ་གཉིས་ཀྱིས་ཨ་ལན་ཅི་ཞིག་སློག་ཡོང་ལ་ཨ་མེ་རི་ཀ་འཇིགས་སྣང་མེད་པ་གསལ་བོ་རེད་ཅེས་བརྗོད་འདུག
གསར་དུ་གཏན་འབེབས་བྱས་པའི་རྒྱལ་སྲུང་འཐབ་ཇུས་ལས་ཤེས་ཐུབ་པ་ཞིག་ལ། སྲིད་འཛིན་དགྲ་ནོན་ཁྲོ་འབར་གཞུང་ལ་མཚོན་ན། རྒྱལ་སྲུང་འཐུབ་ཇུས་ཀྱི་གཙོ་གནད་ལ་འགྱུར་བ་ཆེན་པོ་བཏང་འདུག འདས་པའི་ལོ་ངོ ༢༠འི་ནང་། ཨ་རིའི་རྒྱལ་སྲུང་འཐབ་ཇུས་ཀྱི་གཙོ་གནད་དེ་ཨེ་སི་ལམ་ཁ་ཆེའི་སྒྲིག་འཛུགས་དང་ཨེལ་ཁེ་ཌ་སྒྲིག་འཛུགས། དེ་མིན་རྒྱལ་ཁབ་ཁྲམ་པ་དག་ལ་རྡུང་རྡེག་བྱེད་རྒྱུ་དེ་ཡིན།
ཨོ་བྷ་མ་གཞུང་གི་རྒྱལ་སྲུང་འཐབ་ཇུས་སུ། དམིགས་བྱ་རྒྱ་ནག་དང་ཨུ་རུ་སུ་བཟུང་བའི་འཐབ་ཇུས་གཏན་འཇགས་ཡིན་དགོས་ལུགས་བརྗོད་ནས། ཨུ་རུ་སུ་དང་མཉམ་གཅིག་ཏུ་རྡུལ་ཕྲན་མཚོན་ཆ་ཇེ་ཆུང་དུ་གཏོང་རྒྱུར་རེ་འདུན་བཏོན་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པས། རྒྱལ་སྲུང་འཐབ་ཇུས་འདི་ལས་གསལ་བ་ཞིག་ལ། སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱི་དམག་དོན་མདུན་ན་དོན་ཚོས་ཕུགས་རྒྱང་རིང་པོར་བལྟས་ཡོད་པ་ལས། བྱང་ཀོ་རེ་ཡའི་རྡུལ་ཕྲན་ཧམ་པ་དང་། ཨེ་སི་ལམ་ཁ་ཆེ་སྒྲིག་འཛུགས་ཀྱི་སྡིགས་བསྐུལ། ཨེ་རན་གྱི་དཀྱིལ་ཤར་ལ་ཐེབས་པའི་ཤུགས་རྐྱེན་ལ་སོགས་ཀྱིས་མཚོན་པའི་མིག་མདུན་གྱི་འགལ་བ་ཙག་ཙིག་རིགས་ལ་མགོ་འཁོར་ནས་བསྡད་མེད་པ་མཚོན་ཡོད་ཚུལ་དཔྱད་འདུག
དེ་མིན་སྐུ་ཞབས་ཌོ་ཧྥུ་ཙག་ཧེམ་ལགས་ཀྱིས་ཨ་མེ་རི་ཀའི་ས་ཆེན་འདི་སྔོན་ཆད་ཀྱི་བདེ་འཇགས་ཡུལ་གྲུ་དེ་མ་ཡིན་པར། ད་ལྟ་ཕ་རོལ་དགྲ་བོས་རྒོལ་བྱའི་དམིགས་འབེན་དུ་གྱུར་ཡོད་ལུགས་ངོས་འཛིན་བྱས་འདུག
གནད་དོན་དབྱེ་ཞིབ་པ་ཚོས་ད་དུང་ཡང་། གསར་བྱུང་གི་རྒྱལ་སྲུང་འཐབ་ཇུས་དེ་ནི་འཐུས་གུ་ཚང་ཞིང་མིག་རྒྱང་རིང་པོར་བཞག་པའི་སྙན་ཐོ་ཧ་ཅང་ཡག་པོ་ཞིག་ཏུ་ངོས་འཛིན་བྱས་པ་དང་ཆབས་ཅིག མ་རྩ་མི་དམའ་པའི་གནས་སྟངས་ལ་བློ་འཚབ་སྐྱེས་ཡོད་པ་རེད། ཁོང་ཚོས་ཨ་མེ་རི་ཀར་འདི་ལྟ་བུའི་འཐབ་ཇུས་ཞིག་ལེགས་འགྲུབ་བྱུང་རྒྱུར་དཔལ་འབྱོར་གྱི་མཐུན་རྐྱེན་འཛོམས་མིན་ལ་དོགས་པ་ཟོས་འདུག
ཨ་རིའི་རྒྱལ་སྲུང་བློན་ཆེན་ཇམ་སི་མཱ་ཊི་སི་ལགས་ཀྱིས་གོང་ཞུས་གཙུག་ལག་སློབ་ཆེན་དེའི་གཏམ་བཤད་སྐབས། ཨ་རིའི་གྲོས་ཚོགས་ཀྱིས་རྒྱལ་སྲུང་ལྷན་ཁང་ལ་གདང་ངེས་ཀྱི་མ་རྩ་མཁོ་སྤྲོད་མ་བྱས་པའི་ཐག་གཅོད་ལ་སྐྱོན་བརྗོད་བྱས་འདུག ཁོང་གིས་ཨ་རིའི་སྔོན་རྩིས་སྟངས་འཛིན་ཁྲིམས་གཞི་དང་དུས་ཡུན་ཐུང་ངུའི་ཁྲིམས་གཞིས་ཨ་རིགས་དམག་དཔུང་གི་འཐབ་འཁྲུག་ནུས་ཤུགས་ལ་ཐེབས་པའི་ཤུགས་རྐྱེན་དེ་འཐབ་འཁྲུག་ཁྲོད་དགྲ་ཡའི་ཤུགས་རྐྱེན་ལས་ཀྱང་བརྒལ་ཡོད་ཅེས་སྐྱོན་བརྗོད་བྱས་པ་དང་སྦྲགས། ངས་གསལ་ཁ་འདོན་འདོད་པ་ཞིག་ལ། འདས་པའི་ལོ་ངོ ༡༦རིང་ང་ཚོའི་དམག་དཔུང་གིས་དཀའ་བ་ཐམས་ཅན་ཁྱད་དུ་བསད་ནས་འཐབ་འཁྲུག་རབས་དང་རིམ་པ་སྣ་ཚོགས་ཤིག་ལས་རྣམ་པར་རྒྱལ་ཡོད། འོན་ཀྱང་། ཨ་རིའི་སྔོན་རྩིས་ཁྲིམས་གཞིས་གཏན་ལ་ཕབ་པའི་རྒྱལ་སྲུང་འགྲོ་སོང་ཉུང་འཕྲི་ཡིས་ཨ་རིའི་དམག་མིའི་འཐབ་འཁྲུག་སྙིང་སྟོབས་དང་ནུས་ཤུགས་ལ་ཐེབས་པའི་ཤུགས་རྐྱེན་དེ་འཐབ་འཁྲུག་བྱེད་ཡུལ་དགྲ་བོས་ཐེབས་པའི་ཤུགས་རྐྱེན་ལས་ཀྱང་ཆེ་བ་ཡོད་ཅེས་གསུངས་འདུག
ཨ་རིའི་གྲོས་ཚོགས་འོག་མའི་དམག་དོན་ཚོགས་ཆུང་གི་འགན་འཛིན་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་མཱག་ཐོ་རིན་བྷེ་རེ་ལགས་ཀྱིས་གྲོས་ཚོགས་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་རྒྱལ་སྲུང་ཆེད་མ་རྩ་གཏོང་རྒྱུའི་སྐུལ་མ་གནང་འདུག
ཨ་རིའི་རྒྱལ་སྲུང་འཐབ་ཇུས་གསར་བ་དེ་བསྒྲགས་ནས་ཉིན་གཅིག་གི་རྗེས་སུ། རྒྱ་ནག་གཞུང་གིས་དེ་ནི་གྲང་དམག་གི་རྣམ་པས་ཁེངས་པའི་སྙན་ཐོ་ཞིག་རེད་ཅེས་ཁ་རྡུང་བཏང་འདུག
ཨ་རིའི་འཐབ་ཇུས་ལ་འགྱུར་བ་བཏང་ནས་སྡིགས་བསྐུལ་གཏེ་བོ་དེ་རྒྱ་ནག་ལ་ངོས་འཛིན་བྱས་པ་དེས་འབྱུང་འགྱུར་གྱི་ལོ་ངོ་དུ་མ་ཞིག་གི་རིང་ཨ་རི་དང་རྒྱ་ནག་གཉིས་རྒྱལ་ཁབ་ཆེན་པོའི་འགྲན་རྩོད་ཀྱི་ལས་ལ་ཞུགས་རྒྱུ་ཡིན་པ་ས་རིས་ཐང་གསལ་རེད། བཤད་སྟངས་གཞན་ཞིག་གི་ལམ་ནས་བཤད་ན། རྒྱ་ནག་དེ་ཨ་རིའི་དགྲ་བོ་གཏེ་བོ་རུ་ངོས་བཟུང་པ་རེད། དེ་འདྲ་ཡིན་ཙང་། ཨ་རིའི་རྒྱལ་སྲུང་འཐབ་ཇུས་ཀྱི་འགྱུར་མཚམས་འདུ་རུ་ང་ཚོ་ལ། ང་ཚོའི་ཁ་བ་བོད་པའི་རང་དབང་སླར་གསོའི་འཐབ་རྩོད་ལས་དོན་ལ་གོ་སྐབས་གསར་བ་ཞིག་ཡོད་པ་སྨོས་མ་དགོས།
འདས་པའི་ལོ་ངོ་བཅུ་དྲུག་གི་རིང་དུ། ཨ་རིའི་སྲིད་འཛིན་གཉིས་ཁ་ཆེ་དྲག་སྤྱོད་པའི་ཨབ་རྫབ་དང་ཨེ་རྫབ་ཏུ་ཟུག་ནས་རྒྱ་ནག་གི་སྡིགས་བསྐུལ་ཐད་དོ་སྣང་ཆེན་པོ་བྱེད་ཐུབ་མེད། ཡིན་ན་ཡང་། སྲིད་འཛིན་འདི་བ་ཚང་གིས་བློ་བརྟན་འགྱུར་མེད་ངང་། སྤོབས་པ་ཆེན་པོས་དགྲ་ངོ་མ་དེ་ངོས་ཟིན་ནས་མདོང་རྩེ་སྡིགས་བསྐུལ་གྱི་གཏེ་བོ་རྒྱ་ནག་ལ་གཏད་རྒྱུ་བློ་ཐག་བཅད་ནས་འཛམ་གླིང་ཧྲིལ་བོར་བསྒྲགས་དུས། དེ་ནི་ཕྱོགས་ཐམས་ཅད་ལ་དཔྱད་དཔོག་གཏིང་ཟབ་ཅིག་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་དང་། ཁ་ཚ་དགོས་གཏུག་གི་འཐབ་ཇུས་དགོས་ངེས་ཤིག་ལས་བྱུང་བའི་ཐག་གཅོག་ཅིག་ཡིན་པ་དེ་བས་ཀྱང་སྨོས་མ་དགོས།
དེ་བས་ན། རང་གཞུང་གིས་ཀྱང་ཨ་རིའི་འཐབ་ཇུས་འགྱུར་ལྡོག་ལ་དཔོག་པའི་འཐབ་ཇུས་ཤིག འཐབ་ཇུས་དེར་དགོས་ངེས་ཀྱི་ཐབས་ཇུས་ཤིག་གཏན་འབེབས་བྱེད་རྒྱུའི་དུས་ལ་བབ་ཡོད་པར་སེམས། རང་གཞུང་གི་ལས་ཀྱི་སྣེ་མོ་བ་ཚོས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས། བློ་རྩེ་ཤི་ཉི་ཤུ་རྩ་ལྔ་བཀོལ་ནས་ནང་འཁྲུག་ལ་མཁས་མཁས་ཀྱི་རྣམ་དཔྱོད་དེ་ཕྱི་དགྲ་ལ་བཀོལ་ནས། གོ་སྐབས་འདི་དམ་འཛིན་དང་བློ་རིག་གྲིམ་རྒྱུ་ནི་དེང་གི་བྱ་བཞག་གཙོ་བོ་ལས་གཞན་ཅི།
འཛམ་གླིང་རྒྱལ་ཁབ་མང་པོའི་ཁྲོད་ལོ་བརྒྱ་དང་ཐ་ན་ལོ་སྟོང་གི་འཆར་གཞི་བཀོད་མཁན་ཡང་ཡོད་མོད། འོན་ཀྱང་འཆར་གཞི་དང་དམིགས་ཡུལ་དེ་འགྲུབ་ཆེད། དུས་རབས་དང་བསྟུན་ནས་འཐབ་ཇུས་དང་ཐབས་ཇུས། སྲིད་ཇུས་གཏན་འབེབས་བྱེད་ཀྱིན་ཡོད་པས། དུས་གཏན་དུ་འཐབ་ཇུས་གཅིག་སྲིད་ཇུས་གཅིག་འཛིན་པ་ཤིན་ཏུ་དཀོན། རྒྱུ་མཚན་ནི་རྒྱལ་སྤྱིའི་གནས་སྟངས་ལ་དུས་རབས་ཀྱི་འགྲོས་དང་མཉམ་དུ་འགྱུར་ལྡོག་ཐེབས་ཀྱིན་ཡོད།
དེའི་སྟབས་ཀྱིས། རང་རེ་བོད་པའི་རང་དབང་སླར་གསོའི་ལས་དོན་དེ་མྱུར་དུ་འགྲུབ་ཆེད། ད་ལྟའི་འཐབ་ཇུས་དང་སྲིད་ཇུས་ལ་བསྐྱར་ཞིབ་ཅིག་བྱེད་དགོས་པའི་དགོས་པ་མཐོང་སོང་ངམ་ལས་ཀྱི་སྣེ་མོ་བ་ཚོ།