འཐབ་འཁྲུག་རྒྱག་རྒྱུར་གྲ་སྒྲིག་ཨང་གསར་ཡོད།

38586528792_df16798f6b_b.jpg
ཨ་རིའི་ཟུར་ལྔ་ཐོག་ཁང་།

ཟླ ༢ པའི་ཚེས ༢ ཉིན། ཨ་རིའི་རྒྱལ་སྲུང་བློན་ཆེན་ཇམ་སི་མཱ་ཊི་སི་ལགས་ཀྱིས། རྒྱལ་ཁབ་ཆེན་པོའི་འགྲན་སློང་ལ་གདོང་ལེན་བྱ་རྒྱུ་ནི་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མ་འོངས་པའི་འགན་ཁུར་གཙོ་བོ་དེ་ཡིན། ཨ་མེ་རི་ཀ་ངེས་པར་དུ་འཐབ་འཁྲུག་རྒྱག་རྒྱུར་གྲ་སྒྲིག་ཨང་གསར་ཡོད་དགོས་ཞེས་གསུངས་འདུག
ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཟླ ༡པོའི་ཚེས ༡༩འི་ཉིན། འདས་པའི་ལོ་བཅུའི་ནང་གི་རྒྱལ་སྲུང་འཐབ་ཇུས་སྙན་ཐོ་དང་པོ་དེ་བསྒྲགས་ཡོད་པ་དང་། རྒྱལ་སྲུང་འཐབ་ཇུས་ནང་རྒྱ་ནག་དང་ཨུ་རུ་སུ་གཉིས་ཨ་རིའི་འགྲན་སློང་ངོ་ཡ་རུ་ངོས་འཛིན་བྱས་ཡོད་པ་རེད།
གསར་འགྱུར་སྨྱན་བྱེད་མོད་པོས་ཨ་རིའི་འཐབ་ཇུས་སྙན་ཐོའི་ནང་རྒྱ་ནག་དང་ཨུ་རུ་སུ་གཉིས་ཨ་རིའི་འགྲན་སློང་ངོ་ཡ་རུ་ངོས་འཛིན་བྱས་པའི་རྣམ་བཞག་དེ་འགྲེལ་བཤད་རྒྱག་དགོས་པའི་དགོས་འདུན་བཏོན་པ་བཞིན། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་བློན་ཆེན་མཱ་ཊི་སི་ལགས་ཀྱིས་རེས་གཟའ་པ་སངས་ཉིན་འགྲེལ་བརྗོད་གནང་ཡོད་པ་དང་། དེ་ཡང་ཁོང་གིས། ད་ལྟའི་ཆར་ང་ཚོ་བྱང་ཀོ་རེ་ཡའི་སྡིགས་བསྐུལ་ལ་ཐུག་ཡོད་མོད། འོན་ཀྱང་། རྒྱལ་ཁབ་ལ་ལ་ཞིག་གིས་ཨ་མེ་རི་ཀའི་འགྲན་སློང་ངོ་ཡ་བྱེད་རྒྱུ་བདམས་ཡོད་པའང་ང་ཚོས་ཤེས་ཚོར་བྱུང་། ཡུག་ཁི་རན་ལ་བཙན་འཛུལ་བྱས་ཀྱང་རུང་། ང་ཚོའི་སྲིད་འཛིན་འདེམས་བསྐོ་ལ་འགལ་རྐྱེན་བཟོས་ཀྱང་རུང་། ཡང་ན་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་འོག་བྲག་རྡོའི་སྟེང་འཛུགས་སྐྲུན་བྱས་ཀྱང་རུང་། ང་ཚོས་འགྲན་སློང་དེ་དག་ལ་གདོང་ལེན་མི་བྱེད་རང་བྱེད་ཆགས་ཡོད་པས། གལ་ཏེ་འཐབ་འཁྲུག་བྱུང་ཚེ། ང་ཚོ་གཡུལ་ལ་ཞུགས་རྒྱུ་ལས་གདམ་ཀ་གཞན་མེད་ཞེས་ལངས་ཕྱོགས་གསལ་བཤད་གནང་འདུག

གོང་ཞུས་ཨ་རིའི་འཐབ་ཇུས་སྙན་ཐོ་དེའི་ནང་། འཐབ་ཇུས་དེ་ལག་ལེན་དུ་བསྟར་ཆེད། ཨ་མེ་རི་ཀའི་དམག་དཔུང་གིས་བསད་རྨས་གཏོང་ཤུགས་མཐོ་རུ་འདེགས་རྒྱུ་དང་ཆབས་ཅིག ས་ཁུལ་མནའ་འབྲེལ་དང་གྲོགས་པོ་རྒྱལ་ཁབ་བར་གྱི་འགོག་སྲུང་མཉམ་ལས་ཀྱི་འབྲེལ་བ་ཇེ་དམ་དུ་གཏོང་རྒྱུ་ཡིན་ཞེས་བཀོད་འདུག

ཨ་རིའི་རྒྱལ་སྲུང་བློན་ཆེན་མཱ་ཊི་སི་ལགས་ཀྱིས་རྒྱལ་ཁབ་འཐབ་ཇུས་སྙན་ཐོ་དེ་བསྒྲགས་མ་ཐག ཧིན་དྷུ་ནེ་ཞི་ཡ་དང་ཝེ་ཐི་ནམ་རྒྱལ་ཁབ་གཉིས་ལ་འཚམས་གཟིགས་གནང་ནས། ལྷོ་རྒྱ་ནག་རྒྱ་མཚོ་དང་ཨེ་ཞི་ཡ་ཞི་བདེ་རྒྱ་མཚོའི་ས་ཁུལ་གཞན་དག་ཏུ་ཨ་མེ་རི་ཀའི་དམག་དཔུང་གི་ལས་དོན་ལ་དམག་དོན་མཉམ་ལས་གྲོགས་པའི་འབྲེལ་ལམ་གསར་བ་འཚོལ་གྲུབ་གནང་ཡོད་ཅིང་། དེ་མིན་ད་དུང་འདས་པའི་ཉིན་ཤས་སུ། རྒྱལ་སྲུང་བློན་ཆེན་མཱ་ཊི་སི་ལགས་ཀྱི་རྒྱལ་སྲུང་ལས་ཁང་ཟུར་ལྔ་ཐོག་ཁང་དུ་ཡུག་ཁི་རེན་དང་རོ་རོབ་ཀྱི་རྒྱལ་ཁབ་གཞན་འགའི་རྒྱལ་སྲུང་བློན་ཆེན་དང་འཇལ་འཕྲད་གནང་ཡོད་པ་རེད། རྒྱལ་སྲུང་བློན་ཆེན་མཱ་རི་སི་ལགས་ཀྱི་གསར་འགོད་པར། འདི་དག་ཚང་མ་ནི་རྒྱལ་སྲུང་འཐབ་ཇུས་གསར་བ་དེ་དངོས་སུ་ལག་བསྟར་ཡོང་ཆེད་འབད་པའི་བྱ་སྤྱོད་ཤར་སྟག་ཡིན་ཞེས་བརྗོད་འདུག

རྒྱ་ནག་གཞུང་གིས་ཨ་མེ་རི་ཀའི་རྒྱལ་སྲུང་འཐབ་ཇུས་གསར་པ་དེ་གྲང་དམག་གི་རྣམ་པས་ཁེངས་ཡོད་ལ། རྒྱ་ནག་བློ་བརྟན་འགྱུར་མེད་ཀྱིས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་ཁར་བགྲོད་རྒྱུ་ལས། འཛམ་གླིང་ཧམ་འཛིན་དང་བཙན་དབང་ཧམ་རྩོད་ཀྱི་འདོད་པ་མེད་ལུགས་བཤད་ཡོད་པ་རེད།

Advertisements