མིར་སེ་ཌེ་སི—བྷན་ཙི་ཡིས་ཁ་ཕྲེད་ཕྲེད་སྒྱིད་ཞ་ཞས་བླ་བཙོང་བ།

Screen Shot 2018-02-16 at 16.57.53
མིར་སེ་ཌེ་སི-བྷན་ཙིའི་རྟགས།

འཇར་མཱ་ནེའི་མིར་སེ་ཌེ་སི—བྷན་ཙི(Mercedes-Benz) ཁེ་ལས་ཁང་གི་དོ་སྣང་གིས་མ་འདང་བའི་པར་དང་ཡི་གེ་སྦྲགས་མའི་ཁྱབ་བསྒྲགས་ཞིག་གིས་རྒྱ་ནག་གཞུང་དམངས་གཉིས་ཀྱི་སྤྲོ་ཐུང་ཐུང་དང་ང་རྒྱལ་ཚ་བོ་ཡང་ཐེངས་གཅིག་ལ་སྟོབས་ཀྱིས་འབར་དུ་བཅུགས་ཡོད་ལ། རྒྱ་ནག་གཞུང་གི་དགོངས་དག་ཞུ་དགོས་པའི་དགོས་འདུན་མ་བཏོན་གོང་། བྷན་ཙི་རླངས་འཁོར་ཁེ་ལས་ཁང་གིས་རང་བཤེར་གྱི་ཚུལ་གྱིས་ཁྱབ་བསྒྲགས་ཆུང་ཆུང་དེ་དྲྭ་ངོས་ནས་བཀོག་སྟེ་ཡང་དང་བསྐྱར་དུ་དགོངས་དག་ཞུས་པའི་མ་ཚད། རྒྱ་ནག་གི་བདག་དབང་ལ་འགྲན་ཟླ་སློང་འདོད་མེད་ལུགས་དང་རྗེས་ཕྱོགས་སུ་རྒྱ་ནག་གི་བདག་དབང་ལ་གཏོར་བརླག་རིགས་ཀྱི་བྱ་སྤྱོད་མཐའ་དག་ལ་རྒྱབ་སྐྱོར་མི་བྱེད་ཅེས་དམ་བཅས་ནས། མདོར་ན་འཆི་བ་མིན་པའི་གཞན་ཐམས་ཅད་ཁས་བླངས་ཡོད་པ་རེད། འོན་ཀྱང་། ༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞལ་གདམས་ལེགས་བཤད་ཚིག་རྐང་གཅིག་བཀོལ་པ་དེ་རྒྱ་ནག་གི་རྒྱལ་ཁབ་བདག་དབང་དང་འབྲེལ་བ་ཇི་ལྟར་ཆགས་པ་མི་རྣམ་པའི་བློས་དཔོག་དཀའ་བའི་གནས་སུ་གྱུར།

བློ་ཡུལ་ལས་མ་འདས་པ་ཞིག་ལ། རྒྱ་ནག་གཞུང་འབྲེལ༼   གོ་ལའི་དུས་བབ༽   དང༼ ཞིན་ཧྭ༽  སོགས་མགྲིན་ལྕེའི་ཚོགས་ཀྱིས། བྷན་ཙི་རླངས་འཁོར་ཁེ་ལས་ཁང་གིས་རྒྱ་ནག་མི་དམངས་དགྲ་རུ་བཟུང་ལུགས་སྐྱོན་འཛུགས་བྱས་པ་དེ་རང་རྟོན་གྱི་ཀུན་ནས་དབུལ་བའི་རྒྱ་ནག་གུང་ཁྲན་དེང་གཞུང་གི་སྲོལ་རྒྱུན་ཡིན་པས་མི་རྣམ་དེར་ཧང་སངས་མེད་མོད། ཡ་མཚར་པོ་ཞིག་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞལ་གདམས་ལེགས་བཤད་ཚིང་རྐང་གཅིག་བཀོལ་བ་དེས་རྒྱ་ནག་མི་དམངས་དགྲ་རུ་ཇི་ལྟར་བཟུང་བ་རེད་དམ། དེའང་བློས་དཔོག་དཀའ་བའི་གནས་སུ་གྱུར་བ་གཞན་ཞིག་ཡིན།

འོ་ན། གནས་ཚུལ་དེ་དོན་ངོ་མའི་ཅི་ཞིག་རེད་དམ་ཞེ་ན། ཡོ་རོབ་འཇར་མཱ་ནེ་རྒྱལ་ཁབ་ཀྱི་སྐད་གྲགས་ཆེ་བའི་མིར་སེ་ཌེ་སི—བྷན་ཙི་ཞེས་པའི་རྟགས་ཅན་རླངས་འཁོར་ཁེ་ལས་ཁང་གིས་འདྲ་པར་ཁོ་ནར་དམིགས་པའི་སྤྱི་ཚོགས་འབྲེལ་འདྲིས་སྨྱན་བྱེད་ཨིན་སི་ཊཱ་གྷི་རམ(Instagram) ཞེས་པའི་དྲྭ་ཚུགས་སུ་པར་དང་ཡི་གེ་སྦྲགས་མའི་ཁྱབ་བསྒྲགས་ཆུང་ཆུང་ཞིག་སྤེལ་ཡོད་པ་དང་། ཁྱབ་བསྒྲགས་དེའི་ཚུལ་ནི།  མཚོ་ཁའི་བྱེ་ཐང་ཞིག་ཏུ་ཁ་དོག་དཀར་པོའི་མིར་སེ་དེ་སི—བྷན་ཙི་རླངས་འཁོར་ཞིག་བསྡད་ཡོད་པ་དང་། པར་དེ་དང་སྦྲགས་པའི་ཡི་གེ་ནི་དབྱིན་ཡིག་གིས་བཀོད་པའི༧གོང་ས་མཆོག་གི་ཞལ་གདམས་ལེགས་བཤད་ཚིག་རྐང་གཅིག་སྟེ“ཟུར་མ་འདྲ་བ་སོ་སོ་ནས་ལྟ་ནུས་ཚེ།  ཁྱེད་ཉིད་བློ་རྒྱ་ཅན་ཞིག་ཏུ་གྱུར་ངེས”ཞེས་བ་དེ་རེད།  འདི་ནི་མིར་སེ་ཌེ་སི—བྷན་ཙིའམ་རྒྱའི་སྐད་དུ་པིན་ཁྲི་ཟེར་བའི་འཇར་མཱ་ནེའི་རླངས་འཁོར་ཁེ་ལས་ཁང་དེའི་ཁྱབ་བསྒྲགས་ཆུང་ཆུང་དེའི་བརྗོད་བྱ་ཚང་མ་རེད།

Screen Shot 2018-02-16 at 16.59.52.png
༧གོང་ས་མཆོག་གི་ཞལ་གདམས་བཀོད་པའི་བྷན་ཙི་ཚང་གི་ཁྱབ་བསྒྲགས།

ཁྱབ་བསྒྲགས་དེ་ལས་འཕྲོས་པའི་ཚུར་སྣང་ལས། མི་རྣམས་པས་རྒྱ་ནག་དང་བྷན་ཙི་རླངས་འཁོར་ཁེ་ལས་ཁང་གཉི་གའི་ངོ་གདོང་ངོ་མ་དེ་ཤེས་རྒྱུར་ཕན་ཐོགས་བྱུང་ཡོད། རྒྱ་ནག་ནི་རང་རྟོན་མེད་པའི་ངོ་ཚ་དགའ་ཆེ་བའི་བག་མ་གསར་བ་ཞིག་དང་འདྲ་ཞིང་། གུང་ཁྲན་གཞུང་རང་ཉིད་ཀྱི་ལྟ་བའི་སྒྲོན་གཞིའི་ནང་མི་ཤོང་བའི་བཤད་ཚུལ་བསམ་ཚུལ་ཚང་མ་བདག་དབང་ལ་གནོད་འཚེ་བཏང་བ་དང་ནང་སྲིད་ལ་ཐེ་གཏོགས་བྱས་པར་ངོས་འཛིན་བྱེད་ཅིང་། བྷན་ཙི་ཁེ་ལས་ཁང་ནི་མིང་དོན་མཚུངས་པའི་ཟོག་པོ་ཞིག་ལས་མ་འདས་ཤིང་། ཕྱོགས་གཅིག་ནས་འགྲོ་བ་དུང་ཕྱུར་མོད་པོས་གུས་བཀུར་ཐོབ་པའི་ཆོས་ལུགས་དབུ་ཁྲིད་ཅིག་གི་ཞལ་གདམས་ལེགས་བཤད་བེད་སྤྱད་ནས་ཚོང་རྫས་བྲིན་ཐབས་བྱེད་ཀྱིན་ཡོད་ལ། ཡང་ཕྱོགས་གཞན་ཞིག་ནས་ཁེ་བཟང་ཁོ་ནར་སྙེག་པའི་ཧམ་པ་རྗེན་པར་ཐོན་འདུག

ཕལ་ཆེར་འཛམ་གླིང་ཡོངས་ཀྱི་ལྟ་ཐུབ་པའི་སྤྱི་ཚོགས་འབྲེལ་འདྲིས་སྨྱན་བྱེད་ཨིན་སི་ཊཱ་གྷི་རམ་ཞེས་པ་དེ་རྒྱ་ནག་གཞུང་གིས་བཀག་ཡོད་པས་རྒྱ་ནག་མི་དམངས་ལ་དེ་ལྟ་ཀློག་དང་བཀོལ་སྤྱོད་ཀྱི་སྐལ་བ་ནི་ནམ་ཡང་ཡོད་མ་ཡིན། དེའི་སྟབས་ཀྱིས་བྷན་ཙི་ཚང་གིས་ཁྱབ་བསྒྲགས་དེ་ཨིན་སི་ཊཱ་གྷི་རམ་དྲྭ་རྒྱའི་སྟེང་སྤེལ་དུས། རྒྱ་ནག་མི་མང་གིས་དེ་ལྟ་བུའི་ཁྱབ་བསྒྲགས་ཤིག་སྤེལ་ཡོད་པ་ཕལ་ཆེར་ཤེས་ཡོད་རྒྱུ་མ་རེད། ཡིན་ན་ཡང་། དེ་ཡིས་རྒྱ་ནག་གཞུང་འབྲེལ་སྨྱན་བྱེད་མགྲིན་ལྕེའི་ཚོགས་ཀྱིས་རྩུབ་ཀྱང་དྲག་པའི་སྨྲ་བརྗོད་ཀྱིས་ཡ་ལན་སློག་རྒྱུར་གནོད་པ་ཅི་ཡང་མེད། རྒྱུ་མཚན་ནི་རྒྱ་གཞུང་གི་ཕྱིའི་དྲྭ་རྒྱ་སོགས་སྨྱན་བྱེད་རིགས་འགོག་བྱད“མེ་རི”ཡིས་རྒྱ་ནག་གི་མི་དམངས་དཀྱུས་མའི་ལྟ་ཉན་བཀག་པ་ལས་མཐོ་རིམ་ལས་ཁུངས་དང་འགོ་ཁྲིད་ཚོར་ནུབ་གླིང་མི་དམངས་དང་འདྲ་མཉམ་གྱི་རང་དབང་ཡོད་པས་ཡིན། རྒྱ་གཞུང་གི་མགྲིན་ལྕེའི་རིག་གསར་གྱི་རྣམ་པའི་ཁ་རྡུང་སྐྱོན་འཛུགས་དེའི་རྗེས་སུ་བཀོད་པའི་མཆན་ཞིག་ཏུ། “གལ་ཏེ་རྒྱལ་ཁབ་ག་གེ་མོའི་ཁེ་ལས་ཁང་ཞིག་གིས་ཧེ་ཊི་ལིར་ལ་བསྟོད་བསྔགས་བྱས་ཏེ། ཧེ་ཊི་ལིར་གྱི་སྐད་ཆ་ཞིག་བསྒྲགས་ནས། འཇར་མཱ་ནེ་ཁ་བྲལ་སྟོབས་ཤུགས་ཀྱི་བཤད་སྟངས་ཚད་མར་བཟུང་ཚེ། འཇར་མཱ་ནེ་མི་དམངས་ཀྱི་སེམས་སུ་ཚོར་བ་ཅི་ཞིག་སྐྱེ་སྲིད་དམ” ཞེས་བཀོད་ནས། འཛམ་གླིང་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཛམ་གླིང་འཁྲུག་ཆེན་གཉིས་པའི་གཏེ་བོ་དང་རྗིའུ་མི་རིགས་ཁྲི་ཕྲག་མང་པོ་དམར་གསོད་བྱེད་མཁན་ཧེ་ཊི་ལིར་གཉིས་མཚུངས་པར་སྨྲ་སྟངས་དེ་ཅི་འདྲའི་གནས་ལུགས་རྒྱུ་མཚན་མེད་ཅིང་དགྲོད་བྲོ་བ་ཞིག་རེད་ཨང་།

རྒྱ་ནག་མི་དམངས་ཀྱིས་ཀློག་མི་ཐུབ། བརྗོད་བྱའི་ཆ་ན་ཕོག་ཐུག་མེད་པའི་ལུང་ཚིག་ཞིག་ལ་དེ་འདྲའི་ཞེ་སྡང་དྲག་པོ། ཚོར་ཤུགས་ཆེན་པོ་ཞིག་ལངས་རིན་འདུག་གམ། དོ་བདག་གིས་དགོངས་དག་ཐེངས་གཅིག་ལ་ཞུས་པའི་མ་ཆོག་པར་ཐེངས་གཉིས་གསུམ་ཞུ་དགོས་པའི་གནས་ཚུལ་ཞིག་རེད་དམ། རྒྱ་ནག་གུང་ཁྲན་གཞུང་གི་ཁོག་རྒྱ་ཆུང་དྲགས་པ་མ་རེད་དམ་ཞེ་ན། རེད་དེ། རྒྱ་ནག་གཞུང་རང་ཉིད་ཀྱི་སྟོབས་ཤུགས་ལ་ཡིད་རྟོན་མེད་པ་གསལ་བོ་རེད། རང་རྟོན་མེད་པའི་དབང་གིས་གཞན་གྱི་ཤེས་མ་ཤེས་དང་། བསམ་བཞིན་ཡིན་མིན་གྱི་བར་ནས་རྒྱ་ནག་གུང་ཁྲན་གཞུང་གི་ལྟ་བ་ལངས་ཕྱོགས་དང་མི་མཐུན་པའི་ཚིག་ཟུར་ཙམ་ཡང་ན་རྣམ་འགྱུར་ཙམ་ཐོན་ཚེ། རྒྱ་ནག་གཞུང་གི་མགྲིན་ལྕེའི་ཚོགས་ཀྱིས་སྣེ་ཤན་ནས་བླུན་བསྒྱུར་མི་དམངས་དུང་ཕྱུར་བཅུ་བཞི་རྗེས་སུ་འབྲངས་ནས་ངར་མདོག་ཚ་མདོག་ཡང་ནས་ཡང་དུ་བསྟན་དང་སྟོན་གྱིན་ཡོད་པ་ལས་ཤེས་ཐུབ།

བྷན་ཙི་རླངས་འཁོར་ཁེ་ལས་ཁང་གིས་རྒྱ་ནག་གཞུང་དམངས་གཉིས་ལ་ཡིག་ཐོག་ནས་ཡང་དང་བསྐྱར་དུ་དགོངས་དག་ཞུས་པ་དེ་དོན་རྐྱེན་རང་ག་བ་ཞིག་མིན། བདུན་ཕྲག་ཁ་ཤས་ཀྱི་སྔོན་དུ་ཨ་རིའི་གསོལ་མགྲོན་ཁང་མཱ་རིའོ་ཊི (Marriott) དང་སི་པན་གྱི་གྱོན་ཆས་བཟོ་ལས་ཁང་ཛཱ་རཱ (Zara)གཉིས་ཀྱིས་ལས་ཁུངས་དེ་གཉིས་ཀྱི་གཞུང་འབྲེལ་དྲྭ་རྒྱའི་རྒྱལ་ཁབ་དང་ཡུལ་གྲུ་གདམ་སའི་རེའི་མིག་ཏུ་ཐེ་ཝན་དང་བོད། ཧོང་ཀོང་། ཨོ་མིན་སོགས་རྒྱལ་ཁབ་དང་ཡུལ་གྲུའི་ཁོངས་སུ་བཅུགས་པར་རྒྱ་ནག་གཞུང་དམངས་གཉི་ཀས་རྒྱ་ནག་གི་ས་ཁོངས་བདག་དབང་ལ་བརྩི་བཀུར་མ་བྱས་ལུགས་ལ་བསྙད་ནས་སྐྱོན་བརྗོད་རབ་དང་རིམ་པ་བྱས་སྟབས། གོང་ཞུས་སྡེ་ཚན་དེ་གཉི་ཀས་དགོངས་དག་མི་ཞུ་རང་ཞུ་ཆགས་ནས་དགོངས་དག་ཐེངས་མང་ཞུས་པ་རེད།

ཕར་བལྟས་ཚོད་ཀྱིས་འདི་ལྟ་བུའི་གནད་དོན་རིགས་རྒྱ་ནག་གཞུང་དམངས་གཉི་ཀས་རྩ་བ་ཉིད་ནས་བཟོད་མི་ཐུབ་པ་ཞིག་ཆགས་ཡོད་པས། མི་རྣམ་ལ་ལོ་རྒྱུས་རིང་པོ། རིག་གནས་གཏིང་ཟབ། དཔལ་འབྱོར་སྟོབས་ཆེན། མི་གྲངས་འབོར་ཆེན་སོགས་ཀྱིས་གྲུབ་པའི་རྒྱལ་ཁབ་ཅིག་གི་ལྟ་སྤྱོད་ལས་འདས་པའི་རང་རྟོན་གྱིས་དབེན་ཞིང་ཧ་ཅང་ཅོལ་ཆུང་གི་བརྟུལ་ཞུགས་བཟུང་བའི་རིགས་ཚོགས་ཤིག་ལས་མ་འདས་པའི་ཚོར་བ་ཞིག་ངང་གིས་སྐྱེ་རུ་བཅུགས་ཡོད།

ཁེ་བཟང་ཁོ་ན་བསམ་པའི་ཁེ་གཉེར་ལས་ཁང་ཞིག་ལ་མཚོན་ན། ཁ་ཕྲེད་ཕྲེད་དང་སྒྱིད་ཞ་ཞས་ཁེ་བཟང་ཉར་རྒྱུའི་ཆེད་དུ་ཕ་བླ་རྒྱ་བཙོང་ནས་སྟག་ཤ་ཁྱི་ལ་བྱིན་པར་བསམ་ཤེས་བྱེད་ཐུབ། མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་སུ་མ་རྩ་ལས་བསམ་རྒྱུ་མེད་མཁན་ཞིག་ལ་བླ་ཟེར་བ་དེ་རིན་དོད་མེད་པའི་ཚིག་རྐྱང་སྐམ་པོ་ཞིག་ལས་མ་འདས་ན། ཁེ་བཟང་ནི་ཡོད་ཚད་ཡིན་དང་ཡིན། ལྟོས་དང་། ༢༠༡༧ ལོར། མཱ་སེ་ཌི་སི—བྷན་ཙི་རླངས་འཁོར་འབུམ་དྲུག་ལྷག་རྒྱ་ནག་ཏུ་ཚོང་བསྒྱུར་བྱས་ཡོད་པས། གྲངས་ཀ་དེས་འཛམ་གླིང་ཧྲིལ་བོར་ལོ་གཅིག་ལ་བཙོང་བའི་རླངས་འཁོར་གྱི་སྤྱི་བསྡོམས་ཀྱི་བཞི་ཆའི་གཅིག་ཟིན་འདུག ཁག་མི་འདུག་བསམ་སྤྱད་ཅིག་མ་རེད་དམ།

དེ་འདྲ་ཡིན་མོད་ཀྱང་། མི་རྣམ་པར་རང་ཤུགས་སུ་ཐོན་པའི་དྲི་བ་ཞིག་ནི། བོད་མི་རྣམས་ལའང་བརྩེ་དུང་དང་རིན་ཐང་གི་ལྟ་བ་ཡོད་དམ་ཞེས་པ་དེ་ཡིན་ལ། བྷན་ཙི་ཁེ་ལས་ཁང་ལ་མཚོན་ན་དྲིས་ལན་མ་བཤད་ཀྱང་ཤེས་ཐུབ། དེ་ནི་བོད་མི་ཚོར་བརྩེ་དུང་ཡོད་སྲིད། འོན་ཀྱང་ཁོང་ཚོར་སྒོར་མོ་མེད།
སྤྱིར་བཏང་ཁེ་བཟང་གི་ཆེད་དུ་དགོངས་དག་ཞུས་པ་དེ་གླེང་རིན་ཡོད་པ་ཞིག་མ་མཐོང་མོད། འོན་ཀྱང་བྷན་ཙི་ཁེ་ལས་ཁང་གིས་མཁོ་དུས༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞལ་གདམས་ལེགས་བཤད་བཀོལ་རྐྱང་བྱས་ཤིང་། འགལ་རྐྱེན་ཞིག་ལ་ཐུག་མ་ཐག་ཡང་དོར་རྐྱང་བྱས་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མི་དམངས་ལ་དགོངས་དག་མ་ཞུས་པར། རྒྱ་ནག་གཞུང་དམངས་གཉིས་ལ། དོན་དངོས་སུ་བོད་མིར་གཉའ་གནོན་བྱེད་མཁན་དང༧གོང་ས་ཏཱ་ལའི་བླ་མ་མཆོག་བདུད་རེད་གདོན་རེད་ཅེས་མཚན་དམོད་ཞུ་མཁན་རྒྱ་ནག་དམར་པོ་གུང་ཁྲན་གཞུང་ལ་དགོངས་དག་ཞུས་པ་དེ་བློ་ཕམ་བྱུང་ཡུལ་ཞིག་ཅི་ལ་མིན། བསམ་བློ་གཏོང་སྲོལ་དང་བྱ་སྤྱོད་སྤེལ་སྟངས་དེ་ཧ་ཅང་ཡ་ང་ཆོག་པའི་སྐྱོ་གར་ཞིག་ཅེས་ཀྱང་ཡིན་ངེས།

བྷན་ཙིས་སྲིད་དབང་སྒེར་གཅོད་ཀྱི་རྒྱ་ནག་དམར་པོའི་གཞུང་ལ་ཕྱག་མཚལ་བ་དེས་འཛམ་གླིང་མི་དམངས་ལ་འགྲམ་ལྕག་ཐེངས་ཤིག་གཞུས་པ་དང་གཉིས་སུ་མ་མཆིས་ན། ཐོག་མར་སྨྲ་བརྗོད་རང་དབང་ལ་ཡིད་ཆེས་དང་དེར་འཐབ་རྩོད་པ། དེ་ནས༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཡིད་ཆེས་དང་དད་གུས་ཡོད་པའི་སྐྱེས་བུ་ཡོད་དོ་ཅོག་གི་སེམས་ཚོར་ལ་བསམ་བློ་བཏང་ཡོད་རྒྱུ་མ་རེད། ཡིན་ན་ཡང་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ནི། མིར་སེ་ཌེ་སི—བྷན་ཙི་རླངས་འཁོར་ཁེ་ལས་ཁང་གིས་ཁ་ཕྲེད་ཕྲེད་དང་སྒྱིད་ཞ་ཞས་རང་གི་རྣམ་ཤེས་ཚོང་ལ་བསྒྱུར་བ་དེ་རྒྱ་ནག་གཞུང་ལ་བརྩི་བཀུར་བྱས་པ་མིན་པར། འཇིགས་སྣང་ཞིག་དང་ཚོང་གི་ཁེ་བཟང་ཁོ་ནའི་ཆེད་དུ་ཡིན་པར་ཡིད་ཆེས་བྱ་རུང་།

ཁེ་བཟང་ཀུན་སྤྱོད་ཀྱི་གོང་དུ་འཇོག་སྲོལ་དེ། ནུབ་ཕྱོགས་ཁེ་ལས་ཁང་ཆེ་རིགས་ཀྱི་རྒྱ་ནག་གུང་ཁྲན་གཞུང་དང་ཚོང་ལས་བྱ་རྒྱུའི་དེང་དུས་ཀྱི་འཁོར་ཕྱོགས་གསར་བ་ཞིག་ཏུ་ཆགས་འདུག