
ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་དྲུག་གིས་བདུན་ཕྲག་འདིའི་ནང་མཉམ་འབྲེལ་གསལ་བསྒྲགས་ཤིག་སྤེལ་ནས། བྷུལ་གྷ་རེ་ཡ(Bulgaria)གཞུང་གིས་རྒྱལ་ཁབ་དེར་སྐྱབས་བཅོལ་གྱི་རེ་བ་ཞུ་བཞིན་པའི་ཡུ་གུར་བ་ལྔ་ཕྱིར་རྒྱ་ནག་ལ་མ་སློག་རོགས་ཞེས་རེ་འདུན་བཏོན་འདུག
ཡིད་ཆེས་བརྒྱ་ཐམ་པ་བྱས་ཆོག་པའི་རྒྱུ་མཚན་ལ་གཞིགས་ན། གལ་ཏེ་བཙན་དབང་གིས་ཕྱིར་རྒྱ་ནག་ལ་སློག་ཚེ། ཡུ་གུར་བ་དེ་ཚོར་གསོ་ཐབས་མེད་པའི་གནོད་འཚེ་ཕོག་ངེས་ཡིན་ལ། གནོད་འཚེའི་ཁོངས་སུ་གང་འདོད་བཙོན་འཇུག་དང་མནར་གཅོད། ཆ་མེད་རྒྱུས་མེད་དུ་གྱུར་བ་སོགས་ཐེ་ཡོད་ཅེས་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་དེ་ཚོས་གསུངས་འདུག
ལོ་སྔོན་མའི་ཟླ ༧པར། ཡུ་གུར་བ་མི་ལྔ་ཏུར་ཁཱེ་ནས་ས་མཚམས་བརྒལ་ནས་བྷུལ་གྷ་རེ་ཡ་རུ་ཐོན་རྗེས། བྷུལ་གྷ་རེ་ཡ་ཉེན་རྟོག་པས་མི་དེ་ལྔ་འཛིན་བཟུང་བྱས་ཏེ་བཀག་ཉར་ཁང་ཞིག་ཏུ་བཟུང་ཉར་བྱས་འདུག བྷུལ་གྷ་རེ་ཡ་གཞི་སྤོ་ལས་ཁང་གིས་ཡུ་གུར་བ་དེ་ཚོའི་སྐྱབས་བཅོལ་རེ་འདུན་ངོས་ལེན་བྱས་མེད་པ་དང་། ད་ལྟ་མི་དེ་ལྔ་ཡིས་ཞུ་གཏུག་ཉན་ཞིབ་གསར་བ་ཞིག་ལ་རེ་སྒུག་བྱས་ཡོད་པ་རེད།
ཡོ་རོབ་གྲོས་ཚོགས་འཐུས་མི་ཚོས་ཚེས༡༦ཉིན་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་དེའི་ནང་། རྒྱལ་སྤྱིའི་སྒྲིག་འཛུགས་དང་རྒྱལ་ཁབ་མང་པོའི་སྲིད་གཞུང་གིས་ཡུ་གུར་བར་གནོད་འཚེ་ག་ཚོད་ཅིག་ཕོག་གིན་ཡོད་པའི་གནས་ཚུལ་རྒྱུས་ལོན་གསལ་བོ་བྱས་ཡོད། ཉེ་བའི་ལོ་ཤས་སུ། ཞིན་ཅང་ངམ་ཤར་ཏུར་ཀི་སི་ཐན་གྱི་གནས་སྟངས་ཇེ་སྡུག་ནས་ཤིན་ཏུ་ཛ་དྲག་ཆགས་ཡོད་ལ། ཡུ་གུར་བའི་ཆོས་ལུགས་དད་མོས་དང་སྨྲ་བརྗོད་རང་དབང་། ཕ་སྐད་ཀྱི་སློབ་གསོ་ཐོབ་རྒྱུ་སོགས་གཞི་རྩའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་དམ་དྲག་ནན་མོ་བྱས་དང་བྱེད་ཀྱིན་ཡོད་ཅེས་བཀོད་ཡོད་པ་རེད།
དབྱིན་ཇིའི་སྲུང་སྐྱོབ་ཚགས་པར་གྱིས་ཚེས༡༨རེས་གཟའ་ཕུར་བའི་ཉིན་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་ཞིན་ཅང་ས་ཁུལ་དུ་ཚོད་ལྟ་བྱེད་བཞིན་པའི་མི་ངོ་ངོས་འཛིན་མ་ལག་གིས་ས་ཁུལ་དེ་ཚན་རིག་ལག་རྩལ་མཐོ་བའི་ཉེན་རྟོག་པའི་ས་ཁུལ་ཞིག་ཏུ་བསྒྱུར་ཡོད། དེ་སྔ་རྒྱ་ནག་གཞུང་གིས་ཞིན་ཅང་ས་ཁུལ་དུ་ཡུ་གུར་བའི་རྒྱུད་རྒྱུ་བསྡུ་ལེན་བྱེད་ཀྱིན་པ་དང་། ལག་འཁྱེར་ཁ་པར་ནང་ལྟ་ཞིབ་མཉེན་ཆས་འཛུགས་པ། བཙན་དབང་གིས་རླངས་འཁོར་ནང་འཁོར་སྐར་གནས་ཐིག་གཏན་ཁེལ་མ་ལག་འཛུགས་པ་ལ་སོགས་པའི་གནས་ཚུལ་ནུབ་གླིང་སྨྱན་བྱེད་ཁག་མང་པོས་སྤེལ་ཡོད་པ་བཞིན། སྲུང་སྐྱོབ་ཚགས་པར་གྱིས་ས་གནས་ཡུ་གུར་བ་ཞིག་གི་སྐད་ཆ་ལུངས་དྲང་བའི་ནང་། “ང་སེ་རེ་ཡའི་སྐྱབས་བཅོལ་བ་ཞིག་བྱེད་འདོད་པ་ལས་རྒྱ་ནག་གི་མི་སེར་ཞིག་བྱེད་འདོད་མེད”ཅེས་བརྗོད་འདུག
དེ་མིན་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་མཉམ་འབྲེལ་གསལ་བསྒྲགས་ནང་། མི་རྣམ་དབུགས་ཀྱི་རྒྱུ་བ་འགག་པའི་ཁོར་ཡུག་དང་བྱུང་རྒྱལ་དུ་དུས་ངེས་མེད་ལ་འཛིན་བཟུང་བཀག་སྐྱིལ་བྱེད་སྲིད་པའི་འཇིགས་སྐུལ་འོག་ཡུ་གུར་བ་མང་པོས་རྒྱ་ནག་གི་དམ་དྲག་འོག་ནས་ཐར་ཐབས་སུ་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བྲོས་བྱོལ་ལ་འགྲོ་བཞིན་ཡོད། རྒྱ་ནག་གཞུང་གི་མངོན་ལྐོག་གཉིས་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡུ་གུར་སྐྱབས་བཅོལ་བ་དང་སྐྱབས་བཅོལ་འཚོལ་སྙེག་མཁན་ཚོ་འཛིན་ཐབས་བྱེད་ཀྱིན་ཡོད་ལ། ད་དུང་ཉིན་རེ་ཞག་རེར་འཕར་བཞིན་པའི་ཤུགས་རྐྱེན་དང་དཔལ་འབྱོར་སྟོབས་ཤུགས་ལག་ཆ་བྱས་སྟབས། རྒྱལ་ཁབ་དང་གཞུང་མང་པོས་ཡུ་གུར་བ་ཚོ་ཕྱིར་རྒྱ་ནག་ལ་མི་སློག་རང་སློག་གི་གནས་སྟངས་ཤར་ཡོད། ཕྱིར་སློག་པའི་ཡུ་གུར་བ་མང་པོ་འཇའ་འོད་ལྟར་འཇིག་རྟེན་ཉི་མའི་འོག་གར་སོང་ཆ་མེད་དུ་གྱུར་ཡོད་ལ། ཕྱི་རོལ་ཡུལ་གྲུས་དེ་ཚོའི་ལུས་སེམས་ཀྱི་བདེ་ཐང་སྐོར་གཅིག་ཀྱང་ཤེས་རྟོགས་ཐུབ་ཀྱིན་མེད། ཅེས་བཀོད་འདུག
ཡོ་རོབ་འཇར་མཱ་ནེའི་མོ་ནེ་ཁཱ་གྲོང་ཁྱེར་དུ་ཚུགས་པའི་འཛམ་གླིང་ཡུ་གུར་བའི་འཐུས་མི་ཚོགས་ཆེན་གྱིས་ཀྱང་བྷུལ་གྷ་རེ་ཡ་རུ་སྐྱབས་བཅོལ་ཞུ་བཞིན་པའི་ཡུ་གུར་བ་མི་ལྔ་ཡི་ལས་དབང་ལ་སེམས་ཁུར་བྱས་ཡོད་པ་དང་། འཛམ་གླིང་ཡུ་གུར་བའི་འཐུས་མི་ཚོགས་ཆེན་གྱིས་སྤེལ་བའི་གསལ་བསྒྲགས་ནང་། ངེད་འཛམ་གླིང་ཡུ་གུར་བའི་འཐུས་མི་ཚོགས་ཆེན་དང་ཡོ་རོབ་གྲོས་ཚོགས་འཐུས་མི་ལྔས་མཉམ་གཅིག་ཏུ་བྷུལ་གྷ་རེ་ཡ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་གཙི་སྲུང་དང་ཕྱིར་མི་སློག་པའི་རྩ་དོན་གཞིར་འཛིན་རྒྱུ་འབོད་སྐུལ་ཞུས་པ་ཡིན། བཙན་དབང་གིས་སྐྱབས་བཅོལ་ཞུ་བཞིན་པའི་ཡུ་གུར་བ་མི་ལྔ་ཕྱིར་རྒྱ་ནག་ལ་མ་སློག་རོགས་ཞེས་འབོད་སྐུལ་ཞུས་འདུག
རྒྱལ་སྤྱིའི་སྒྲིག་འཛུགས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཀྱིས་ཚེས ༡༨རེས་གཟའ་ཕུར་བུའི་ཉིན༼ ༢༠༡༨ལོའི་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ༽ སྤེལ་ཡོད་པ་དང་། སྙན་ཐོ་དེའི་ནང་། ལོ་སྔོན་མར་ཨེ་རྗབ་གཞུང་གིས་འཛིན་བཟུང་དང་ཕྱིར་རྒྱ་ནག་ལ་བསློགས་པའི་ཡུ་གུར་བའི་སློབ་མ ༢༠འི་ཁྲོད ༡༢ མ་གཏོགས་གློད་བཀྲོལ་ཐོབ་མེད་པ་མ་ཟད། སློབ་མ་སྐོར་ཞིག་བཟུང་ཉར་བྱས་ཡོད། དེ་མིན་ཨེ་རྗབ་ནས་འབུམ་རམས་པའི་སློབ་རམས་ཐོབ་པའི་ཨེ་སི་ལམ་རིག་པ་བ་ཞིག་ཕྱིར་རྒྱ་ནག་ལ་ལོག་རྗེས། ཞིན་ཅང་གི་ཁྲིམས་ཁང་ཞིག་གིས་ཁོང་ལ་ལོ ༡༠ ཡི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་པ་རེད། ཅེས་སོགས་བཀོད་འདུག
དེ་བཞིན་དུ། ཡང་ལོ་སྔོན་མའི་ཟླ ༡༡ པར། ཐེ་ལནྡིའི་བཙོན་ཁང་ཞིག་ཏུ་ཡུ་གུར་བ ༢༥ མཉམ་གཅིག་ཏུ་བཙོན་ཁང་ནས་བྲོས་པའི་དོན་རྐྱེན་བྱུང་ཡོད་པ་དང་། རྗེས་སུ་མི་ལྔ་བསྐྱར་དུ་འཛིན་བཟུང་བྱས་ཡོད། རིག་པ་བ་ལ་ལས། རྒྱ་ནག་གཞུང་གིས་ཞིན་ཅང་ས་ཁུལ་དུ་གདུག་རྩུབ་ཆེ་ཞིང་དམ་དྲག་གི་སྲིད་ཇུས་ལག་བསྟར་བྱས་སྟབས་བཙོན་ཁང་ནས་བྲོས་པའི་ཡུ་གུར་བ་དེ་ཚོ་འུ་ཐུག་ནས་ཉེན་ཁར་མ་འཛེམ་པ་རེད་ཅེས་བརྗོད་འདུག
དེ་མིན ༢༠༡༤ལོར། ཐེ་ལནྡི་གཞུང་གིས་ཤར་ལྷོ་ཨེ་ཞི་ཡ་བརྒྱུད་ཏུར་ཁཱེ་རུ་བྲོས་བྱོལ་ལ་འགྲོ་མཁན་ཡུ་གུར་བ ༢༠༠ འཛིན་བཟུང་བྱས་ཤིང་། ༢༠༡༥ལོར། ཐེ་ལནྡི་གཞུང་གིས་དེའི་ནང་ནས་ཡུ་གུར་བ ༡༠༩ མགོར་རས་ཁུག་ནག་པོས་གཡོགས་ནས་བདེ་སྲུང་མི་སྣས་ལྟ་སྐྱེལ་འོག་ཕྱིར་རྒྱ་ནག་ལ་རྩིས་སྤྲད་པ་རེད།