གལ་སྲིད་ཞི་ཅིན་ཕེང་གིས “ཏང་གི་ལོ་རྒྱུས་གྲོས་ཆོད” གསུམ་པ་དེ་བཞག་ན།

Screen Shot 2018-03-05 at 12.23.16.png
ཏང་གི་ལོ་རྒྱུས་གྲོས་ཆོད་བཏུས་དེབ་ཀྱི་མདུན་ངོས།

ཞི་ཅིན་ཕེང་གི་གོ་ས་མའོ་ཙེ་ཏུང་དང་མཉམ་པའི་མཐོ་སར་བསླེབས་ཡོད། ལོ་ལྔའི་མཚམས་སུ་ཚོགས་སྲོལ་ཡོད་པའི་གུང་ཁྲན་ཏང་གི་ཚོགས་ཆེན ༡༩ བའི་སྟེང་། ཞི་ཅིང་ཕེང་གི་་དགོངས་པ་གུང་ཁྲན་ཏང་གི་སྒྲིག་སྲོལ་དུ་བཀོད་པ་རེད།
༢༠༡༨ལོར། རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་དེ་ལོ ༤༠ར་སོན་གྱིན་ཡོད་པས། བཅུ་ལ་ཐུག་དུས་དྲན་གསོ་བྱེད་པའི་གུང་ཁྲན་ཚང་གི་ལམ་སྲོལ་ལྟར་ན། པེ་ཅིང་གིས་གཟབ་རྒྱས་ཆེ་བའི་ཚོགས་ཆེན་ཞིག་བསྐོང་ནས་རྗེས་དྲན་བྱེད་སྲིད། ཞི་ཅིན་ཕེང་གིས་ལོ་སར་ཤིས་ཚིག་ནང་དུའང་དེ་འདྲའི་ཟུར་ཙམ་བཏོན་ཡོད། ལོ ༤༠འི་ཡར་སྔོན་ནང་བཞིན། ད་ལྟ་རྒྱ་ནག་གི་བཅོས་བསྒྱུར་ཡང་གར་འགྲོ་གང་འདུག་གི་བཞི་མདོ་ཞིག་ལ་བསླེབས་ཡོད། རྒྱ་ནག་གཞུང་གི་བཅོས་བསྒྱུར་གྱི་སྐད་མགོ་ད་དུང་ཉམས་མེད་ན་ཡང་། དམངས་ཁྲོད་ན་བཅོས་བསྒྱུར་ལ་སྲོག་ཁྲིམས་བཅད་མེད་པའི་དབང་དུ་བཏང་ཡང་དུས་འགྱངས་སྲོག་ཁྲིམས་བཅད་ཡོད་པས། གལ་སྲིད་ཞི་ཅིན་ཕེང་གིས་མུ་མཐུད་ནས་བཅོས་བསྒྱུར་བྱེད་བསམ་ཚེ། མི་དམངས་ཀྱི་སྤྲོ་བ་བསླང་ཐབས་ཅི་ཞིག་ཡོད་དམ། འདི་ལས་སླ་བོའི་གནད་དོན་ཞིག་མིན།
ལོ ༤༠འི་ཡར་སྔོན། གུང་ཁྲང་ཏང་གི་ཚོགས་ཆེན་བཅུ་གཅིག་པའི་ཚོགས་ཐེངས་གསུམ་པའི་སྟེང་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་གཏན་ལ་ཕབ་པ་རེད། དེ་འདྲ་ཡིན་མོད་ཀྱང་། གུང་ཁྲན་ཏང་ཡོངས་སུ་གཅིག་གྱུར་དང་། རིག་གསར་མཇུག་སྒྲིལ། བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་དངོས་སུ་གཏན་འབེབས་བྱེད་མཁན་ནི། ༡༩༨༡ལོར་བསྐོངས་པའི་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གཅིག་པའི་ཚོགས་ཐེངས་དྲུག་པ་ཡིན། ཚང་འཛོམས་ཚོགས་ཆེན་དེའི་གྲུབ་འབྲས་གཙོ་བོ་ཞིག་ནི། ཏེང་ཞོ་ཕེང་གི་ལམ་སྟོན་ལྟར ༼   རྒྱལ་ཁབ་དབུ་བརྙེས་པའི་ཚུན་ཀྱི་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་གནད་དོན་འགའི་གྲོས་ཆོད༽   ཞེས་པ་བཏོན་པ་དེ་ཡིན། དེ་ནི་གུང་ཁྲན་ཏང་གི་ལོ་རྒྱུས་གྲོས་ཆོད་གཉིས་པ་དེ་ཡིན། དེའི་སྔོན ༡༩༤༥ལོར། གུང་ཁྲན་ཏང་གི་ཚོགས་ཆེན་དྲུག་པའི་ཚོགས་ཐེངས་བདུན་པའི་སྐབས། མའོ་ཙེ་ཏུང་གིས་གུང་ཁྲན་ཏང་གི་ལོ་རྒྱུས་སུ་ལོ་རྒྱུས་གྲོས་ཆོད་དང་པོ་དེ་བཞག་ཡོད་ལ། དེ་ནི ༼   གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་གནད་དོན་འགའི་གྲོས་ཆོད༽   ཟེར་བ་དེ་རེད།

གོང་ཞུས་ལོ་རྒྱུས་གྲོས་ཆོད་དེ་གཉིས་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། གུང་ཁྲན་ཏང་ལོ་རྒྱུས་ཀྱི་འགག་རྩའི་འགྱུར་མཚམས་ལ་སླེབ་དུས། ལོ་རྒྱུས་གྲོས་ཆོད་ཀྱི་རྣམ་པས་འདས་ཟིན་པའི་ལོ་རྒྱུས་ཀྱི་ཤུལ་རྗེས་གཙང་དག་བརྒྱུད་དབུ་ཁྲིད་ཀྱི་བསམ་བློ་དང་ཆབ་སྲིད་ལམ་ཕྱོགས་གཏན་འབེབས་བྱས་ཏེ་རྣམ་པ་གསར་བའི་ལམ་ཕྱོགས་ཤིག་གི་དབུ་འབྱེད་ནས་གུང་ཁྲན་ཏང་དུས་རབས་གསར་བ་ཞིག་ཏུ་ཁྲིད་ཀྱིན་ཡོད།

ལོ་རྒྱུས་གྲོས་ཆོད་དང་པོས། མའོ་ཙེ་ཏུང་གི་བསམ་བློའི་གོ་ས་གཏན་ཁེལ་བྱས་ཤིང་། རྗེས་སུ་ཚོགས་པའི་གུང་ཁྲན་ཏང་གི་ཚོགས་ཆེན་བདུན་པའི་སྟེང་བསམ་བློ་གཅིག་གྱུར་བྱས་པ་རེད། རྒྱུན་དེ་ལ་བརྟེན་ནས་གུང་ཁྲན་ཏང་ནང་འཁྲུག་ལས་རྣམ་པར་རྒྱལ་ཏེ་གོ་མེན་ཏང་ཅང་ཇེ་ཧྲིས་དབུ་ཁྲིད་པའི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཐེ་ཝན་མཚོ་གླིང་དུ་བྲོས་བྱོལ་ལ་སོང་རྗེས། མའོ་ཙེ་ཏུང་གིས་དབུ་ཁྲིད་པའི་གུང་ཁྲན་ཏང་གིས་རྒྱ་ནག་སྐམ་ས་ཆེན་པོ་གཅིག་གྱུར་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་བཙུགས་པ་རེད།

ལོ་རྒྱུས་གྲོས་ཆོད་གཉིས་པས། ཏེང་ཞོ་ཕེང་རྒྱ་ནག་གི་དཔོན་རབས་གཉིས་པའི་འགོ་ཁྲིད་སྲོག་ཤིང་གི་གོ་ས་གཏན་ཁེལ་བྱས་ཤིང་། ཏེང་ཞོ་ཕེང་གི་བསམ་བློ་དང་ལམ་སྟོན་ལྟར་བཅོས་བསྒྱུར་སྒོ་འབྱེད་ཟེར་བའི་དུས་རབས་གསར་བ་ཞིག་དབུ་འབྱེད་པ་རེད།

དེང་སང་ཡང་ཉག་ཕྲ་བའི་གནས་སྟངས་ཤིག་ལ་ཁེལ་ཡོད་ཅིང་། གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་བས་དུས་རབས་གསར་བ་ཞིག་ཏུ་ཞུགས་ཚུལ་བསྒྲགས་ཡོད་ཀྱང་། དེང་གི་དུས་རབས་གསར་བ་དེའི་རང་བཞིན་དང་ཁྱད་ཆོས་སོགས་ཅི་ཡིན་ད་དུང་གསལ་བོ་ཆགས་མེད་པ་འདྲ། ཞི་ཅིན་ཕེང་གི་བསམ་བློ་དང་ལམ་ཕྱོགས་ལ་གཞིགས་ན། གུང་ཁྲན་ཏང་གི་ཤ་ཁྲག་དང་བསམ་བློར་དུག་སེལ་དང་།  ཤེད་ཤུགས་དྲག་པོས་གུང་ཁྲན་ཏང་འཛིན་སྐྱོང་དང་རུལ་སུངས་ལ་རྡུང་རྡེག གུང་ཁྲན་ཏང་དེང་ཐོག་གི་བསམ་བློ་གཅིག་གྱུར་དང་རྩ་འཛུགས་གཅིག་གྱུར་གྱི་དུས་དེར་ཕྱིར་ལོག་རྒྱུ། དྭངས་ནས་ཡང་དྭངས་དང་གཙང་ནས་ཡང་གཙང་གི་ངང་ཚུལ་དུས་གཏན་དུ་འཛིན་རྒྱུ་སོགས་ཡིན་མོད། འོན་ཀྱང་། དེང་གི་བཀག་པ་ཀུན་གློད་དང་བརྒྱབས་པ་ཀུན་འབྱེད་ཀྱི་སྣ་མང་དུས་རབས་འདིར། དོན་དངོས་སུ་དེ་ནི་འགྲུབ་པར་དཀའ་བའི་ལས་ཞིག་ཡིན། སྣང་བ་རྣམ་དག་གིས་བཤད་ན། འགྲུབ་སྲིད་པའི་དབང་དུ་སོང་ཡང་། བསམ་བློ་རྩ་འཛུགས་ཀྱི་དྭངས་གཙང་གི་ཆ་དེ་མའོ་ཙེ་ཏུང་གི་དུས་རབས་ལས་བརྒལ་ག་ལ་ནུས། ཡིན་ན་ཡང་། གུང་ཁྲང་ཏང་གི་དྭངས་གཙང་དུས་རབས་གསར་བའི་རྟགས་མཚན་བྱ་འདོད་ཀྱི་བློ་ནི་གཡག་སྣ་ཁུ་ཚུར་གྱི་བརྟོལ་འདོད་དེ་མི་སྲིད་པའི་དཔེ་ཡིན།
གལ་སྲིད་དུས་རབས་གསར་བ་ཞིག་གི་དབུ་འབྱེད་བསམ་ན། དམིགས་ས་དེ་བཅོས་བསྒྱུར་སྒོ་འབྱེད་ལས་གཞན་མེད་པར་སེམས། བཅོས་བསྒྱུར་སྒོ་འབྱེད་དེ་དཔལ་འབྱོར་གྱི་ངོས་ནས་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ངོས་སུ་བསྐུལ་ནས་འདེད་དགོས། དེ་ལྟ་ན་ད་གཟོད་ད་ལྟའི་འཕེལ་རྒྱས་ལས་ལྡོག་སྟེ་ཕྱི་ནུར་གྱི་རྣམ་པ་ཤར་བའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་འགག་ཕྲེང་ལས་ཐར་ངེས་ཡིན། དེ་ལྟ་ན་ད་གཟོད་མི་སེམས་བསྡུ་ཐུབ་ལ། དམངས་ཁྲོད་ཀྱི་རྒྱབ་སྐྱོར་ཡང་ཐོབ་ངེས་ཡིན།

དེ་བས་ན། ཞི་ཅིན་ཕེང་གིས་ཏེང་ཞོ་ཕེང་ལ་ལད་མོ་བྱས་ནས། ལོ་རྒྱུས་ཀྱི་འགག་རྩའི་འགྱུར་མཚམས་འདིར། བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་རབས་ཚུགས་ནས་ལོ ༤༠ འཁོར་བའི་གོ་སྐབས་དེར་བསྟུན་ནས། ལོ་རྒྱུས་གྲོས་ཆོད་གསུམ་པ་ཞིག་བཏོན་ཐུབ་མིན་དེ་ལྟ་ཞིབ་ཀྱི་རིན་ཐང་ཆེ་བའི་དམིགས་ཚད་ཅིག་ཆགས་ཡོད། དེང་གི་ཆབ་སྲིད་གནས་སྟངས་ལ་གཞིགས་ན། ཞི་ཅིན་ཕེང་གིས་ལོ་རྒྱུས་གྲོས་ཆོད་ཁྲོད་གུང་ཁྲན་ཏང་གི་འགོ་ཁྲིད་ཇེ་དམ་ཇེ་ཧྲགས་སུ་གཏོང་རྒྱུ་དེ་ལོ་རྒྱུས་ཀྱི་ཉམས་མྱོང་གཙོ་བོ་རུ་བཟུང་ནས་སྤྱི་བསྡོམས་རྒྱག་མདོག་ཁ་བོ་རེད། ཡིན་ན་ཡང་། གལ་ཏེ་ཞི་ཅིན་ཕེང་གིས་ལོ་རྒྱུས་གྲོས་ཆོད་ཆ་ཚང་བ་ཞིག་འཇོག་འདོད་ཡོད་ན། འདས་པའི་ལོ་ངོ ༤༠འི་རིང་གི་བཅོས་བསྒྱུར་སྒོ་འབྱེད་ལ་གོ་བསྐོན་གསེད་འགྲོལ་དང་གདེང་འཇོག་བྱེད་རྒྱུ་ལས་གདམ་ཀ་གཞན་མེད།

དོན་དངོས་སུ། ཞི་ཅིན་ཕེང་ནི་ལོ་རྒྱུས་ལ་གཙིགས་འཛིན་བྱེད་མཁན་ཞིག་ཡིན། ༢༠༡༣ལོའི་ཟླ ༡པོར། ཞི་ཅིན་ཕེང་དམར་ཤོག་སྤྱི་ཁྱབ་དྲུང་ཆེ་ཆགས་ནས་ཅུང་མ་འགོར་པར་བསྐོངས་པའི་རྒྱ་ནག་དབུས་རྒྱུན་ལས་གསར་བ་དང་། རྗེས་སྣོན་འཐུས་མིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་གི་འཛིན་གྲྭར་ཞི་ཅིན་ཕེང་གིས་གཏམ་བཤད་གནང་སྐབས། དམར་ཤོག་ཚོགས་མི་དང་ལས་བྱེད་པས་བསྐྱར་སྦྱོང་བྱེད་དགོས་པའི་ཡིག་ཆ་ནི ༼   རྒྱལ་ཁབ་དབུ་བརྙེས་པའི་ཚུན་ཀྱི་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་གནད་དོན་འགའི་གྲོས་ཆོད༽   ཞེས་པ་དེ་ཡིན་ཞེས་རེ་འདུན་བཏོན་ཡོད་པ་རེད། དེ་བཞིན་ཞི་ཅིན་ཕེང་གིས་དམར་ཤོག་ཏང་གི་སློབ་གྲྭའི་སློབ་སྤྱིའི་འགན་བཞེས་དུས། ༢༠༠༡ ལོའི་སློབ་གྲྭ་བསྐྱར་ཚུགས་ཀྱི་མཛད་སྒོ་རུ་འགོ་ཁྲིད་ལས་བྱེད་པས་ལོ་རྒྱུས་ཀློག་དགོས་པ་བརྗོད་གཞི་བྱས་ནས་གཏམ་བཤད་གནང་ཡོད་པ་རེད། གཞན་ཡང་རྒྱ་ནག་དབུས་ཡིག་ཆ་ཞིབ་འཇུག་ཁང་གིས ༢༠༡༣ ལོར་མི་དམངས་ཉིན་རེའི་ཚགས་པར་སྟེང་སྤེལ་བའི་རྩོམ་ཡིག་ཞིག་ཏུ། ཞི་ཅིན་ཕེང་གིས་གུང་ཁྲན་ཏང་གི་ཚོགས་ཆེན ༡༧ དང ༡༨ སྐབས། རྒྱ་ནག་དབུས་དམར་ཤོག་ཏང་གི་སློབ་གྲྭར༼    ལོ ༣༠འི་རིང་གི་བཅོས་བསྒྱུར་སྒོ་འབྱེད་སྐབས་ཏང་གི་འཛུགས་སྐྲུན་ལ་བསམ་གཞིག༽   དང་། ༼   རྒྱ་ནག་གསར་བ་དབུ་བརྙེས་ནས ༦༠འི་རིང་ཏང་གི་འཛུགས་སྐྲུན་ཐད་ཀྱི་བསམ་གཞིག་འགའ༽   སོགས་དཔྱད་རྩོམ་སྤེལ་ནས། གུང་ཁྲན་ཏང་གི་ལོ ༦༠འི་རིང་གི་འཛིན་སྐྱོང་དང་ལྷག་དོན་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ ༣༠འི་རིང་གི་འཛུགས་སྐྲུན་ཉམས་མྱོང་བཅས་ལ་གཞིགས་པའི་སྤྱི་བསྡོམས་ཤིག་བརྒྱབས་ཡོད་པ་རེད།

གོང་ཞུས་མཛད་པ་འདི་དག་ལས། དེ་སྔ་ཞི་ཅིན་ཕེང་གིས་གང་གི་དབང་འཛིན་དུས་སྐབས་སུ་ལོ་རྒྱུས་གྲོས་ཆོད་གསུམ་པ་དེ་འཇོག་རྒྱུའི་དགོངས་ཚུལ་སྐྱེས་ཡོད་པ་མཚོན་ཡོད་དམ། རྒྱ་ནག་དམར་ཤོག་ཚོགས་པའི་བསམ་བློ་གུ་ཡངས་པ་ཚོའི་ཁྲོད། སྔ་མོ་ནས་ལོ་རྒྱུས་གྲོས་ཆོད་གསུམ་པ་འཇོག་དགོས་པའི་བསམ་འཆར་བྱུང་ཡོད་པ་མ་ཟད། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ ༣༠རིང་གི་ཉམས་མྱོང་དང་བསླབ་བྱ་ལ་སྤྱི་ཁོག་ནས་བསྡོམས་རྒྱག་དགོས་པའི་དགོངས་འཆར་རབ་དང་རིམ་པ་ཞིག་བཏོན་འདུག དུས་ཀྱི་ཆ་ནས་བལྟས་ན། ལོ་རྒྱུས་གྲོས་ཆོད་དང་པོ་དང་གཉིས་པའི་བར་དུ་ལོ ༣༦ ཡོད་པ་དང་། ༡༩༨༡ལོ་ནས༢༠༡༨བར་ན་ལོ ༣༧ ཡོད་པས། ལོ་རྒྱུས་གྲོས་ཆོད་ཀྱི་རྣམ་པས་ལོ་རྒྱུས་དུམ་བུ་དེར་སྤྱི་བསྡོམས་རྒྱག་པའི་དུས་ལ་སླེབ་ཡོད་པར་སེམས།

དེ་འདྲ་ཡིན་མོད་ཀྱང་། རྩ་བའི་ཆ་ནས་ཞིན་ཅིན་ཕེང་གིས ༢༠༡༨ལོར་དེ་ལྟ་བུའི་ལོ་རྒྱུས་གྲོས་ཆོད་ཅིག་འཇོག་མི་སྲིད། དེ་ལ་རྒྱུ་མཚན་སྣ་ཚོགས་ཤིག་ཡོད་སྲིད་ཀྱང་། རྒྱུ་མཚན་གཅིག་ནི་ཞི་ཅིན་ཕེང་གནད་དོན་ཞིག་ལ་ཐུག་ཡོད། དེ་ནི་ཏེང་ཞོ་ཕེང་དང་གྱ་དགུའི་དོན་རྐྱེན་ལ་གདེང་འཇོག་ཇི་ལྟར་བྱེད་རྒྱུ་དང་། གུང་ཁྲན་ཏང་གི་ད་ལྟའི་གནས་བབ་དང་བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་ལ་ཇི་ལྟར་གདེང་འཇོག་བྱེད་རྒྱུ་དེ་ཡིན། གནད་དོན་འདི་རིགས་ནི་ལོ་རྒྱུས་གྲོས་ཆོད་གསུམ་པས་མ་གླེང་ཐབས་མེད་ཀྱི་གནད་དོན་རྐྱང་རྐྱང་ཡིན། གལ་ཏེ་དེ་ལས་ལྡོག་ཚེ་ལོ་རྒྱུས་གྲོས་ཆོད་དུ་མི་འགྲོ། ཡིན་ན་ཡང་གནད་དོན་དེ་གཉིས་རྒྱ་ནག་དེང་གཞུང་གིས་སྔ་མོ་ནས་གླེང་མ་ཆོག་སློང་མ་ཆོག་པའི་སྦས་ལུང་དུ་བཅུགས་ཡོད། ད་ལྟའི་གནས་སྟངས་འདི་རྟོལ་བ་དང་ཡང་ན་རྒྱུན་འཁྱོངས་གང་གདམ་ཡང་། རྟོགས་པ་གཅིག་གྱུར་གྱི་ནུས་པ་ཐོན་མི་སྲིད་པ་མ་ཟད། གཅིག་བགྱིས་ན་དེ་ལས་ལྡོག་དེ་གུང་ཁྲན་ཏང་དང་རྒྱ་ནག་སྤྱི་ཚོགས་ཀྱི་བསམ་བློ་འདི་ལས་ལྷག་པའི་ཁ་བྲལ་དུ་འགྲོའང་སྲིད།

ལོ་རྒྱུས་གྲོས་ཆོད་དང་པོ་དང་གཉིས་པར་གཞིགས་ན། མའོ་ཙེ་ཏུང་གིས་དེ་སྔོན་གྱི་ཏང་ནང་ཁུལ་གྱི་དབུ་ཁྲིད་རིམ་བྱུང་རྣམ་པའི་ནོར་འཁྲུལ་ཅན་གྱི “གཡོན་ལྷུང་ལམ་ཕྱོགས” རྩིས་མེད་རྣམ་པར་བཅད་པ་བརྒྱུད་ནས། རང་ཉིད་ཀྱི་ལམ་ཕྱོགས་དེ་ཡང་དག་པ་ཡིན་པའི་དམིགས་ཡུལ་འབུར་དུ་ཐོན་ཐབས་བྱས་ཡོད། ཏེང་ཞོ་ཕེང་གིས “རིག་གནས་གསར་བརྗེ་ཆེན་མོ” དེ་རྩིས་མེད་རྣམ་པར་བཅད་པ་བརྒྱུད་བཅོས་བསྒྱུར་སྒོ་འབྱེད་དེ་ནོར་མེད་འཁྲུལ་མེད་ཡིན་པ་བསྒྲུབས་འདུག ཡིན་ན་ཡང་། ལམ་ཕྱོགས་ནོར་བའི་དབུ་ཁྲིད་ཚོར་གདེང་འཇོག་བྱེད་སྐབས། མའོ་ཙེ་ཏུང་ལས་ཀྱང་ཏེང་ཞོ་ཕེང་ཐབས་ལ་མཁས་ཤིང་བཏང་ལྷོད་དང་ལྡན་པ་ཞིག་ཡིན། ཏེང་ཞོ་ཕེང་གིས་སོམ་ཉི་སྤུ་ཙམ་ཡང་མེད་པར “རིག་གསར” རྩིས་མེད་རྣམ་པར་བཅད་ཡོད། ལོ་རྒྱུས་གྲོས་ཆོད་དུ “རིག་གསར” ལ་འདི་ལྟར་གདེང་འཇོག་དང་ཞིབ་གླེང་བྱས་ཡོད། “དབུ་ཁྲིད་ཀྱིས་ནོར་འཁྲུལ་གྱི་ལམ་ནས་སྤེལ་བའི་ལས་འགུལ་ཞིག་གསར་བརྗེ་ངོ་ལོག་ཤོག་ཁག་གིས་བེད་སྤྱད་ནས། ཏང་དང་རྒྱལ་ཁབ། མི་རིགས་སོ་སོར་གནོད་འཚེ་ཚབ་ཆེན་ཐེབས་པའི་ནང་འཁྲུག་ཅིག” ཡིན་ན་ཡང་། མའོ་ཙེ་ཏུང་གླེང་དུས་ཧ་ཅང་གིས་གཟབ་གཟབ་གནང་འདུག ཏེང་གིས་གསལ་བོར་ཤེས་པ་ཞིག་ནི། གལ་ཏེ་མའོ་ཙེ་ཏུང་གི་གདེང་འཇོག་ཐད་འཕྱུགས་སྐྱོན་བྱུང་ཚེ། གུང་ཁྲན་ཡང་ཡོངས་སུ་བསམ་བློའི་རྙོག་འཛིང་ཆེན་པོ་བསླང་གིན་རེད། དེ་བས་ན། ཁོང་གིས “སུའུ་ལེན་གྱི་དབུ་ཁྲིད་ཟུར་པ་ཁུ་རུ་ཞོ་ཧྥུKhrushchov ཡིས་སི་ཏཱ་ལེན་ལ་གདེང་འཇོག་བྱས་པ་ནང་བཞུན་དུ་མའོ་ཙེ་ཏུང་ལ་གདེང་འཇོག་བྱེད་མི་རུང” ཞེས་གསལ་བོར་བཤད་ཡོད། ཏེང་ཞོ་ཕེང་གི་ལམ་སྟོན་འོག ལོ་རྒྱུས་གྲོས་ཆོད་ནང “མའོ་ཙེ་ཏུང་གིས‘རིག་གསར’ ལ་འགན་ཆེ་ཤོས་དེ་འཁུར་དགོས” ཞེས་བཀོད་པ་དང་ཆབས་ཅིག “མའོ་ཙེ་ཏུང་གི་ནོར་འཁྲུལ་ནི་མཐར་ཐུག་ན་རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གསར་བརྗེ་བ་ཞིག་གི་ནོར་འཁྲུལ་ཡིན” ཞེས་ངོ་བོ་ངོས་འཛིན་བྱས་ཡོད་པ་རེད། “ཁོང་གི་སྐུ་ཚེ་ཧྲིལ་བོར་མཚོན་ན། མའོ་ཙེ་ཏུང་གི་རྒྱ་ནག་གསར་བརྗེ་ཐད་ཀྱི་བྱས་རྗེས་དེ་ནོར་འཁྲུལ་ལས་ལྡབ་འགྱུར་གྱིས་ཆེ་བས། ཁོང་གི་མཛད་རྗེས་དང་པོ་ཡིན། ནོར་འཁྲུལ་གཉིས་པ་ཡིན།” ཞེས་དང་། ཏེང་ཞོ་ཕེང་གིས་མའོ་ཙེ་ཏུང་ལ་འདྲ་ཆགས་པོའི་གདེང་འཇོག་ཅིག་བྱས་ཡོད་པ་ནི། “གསུམ་བདུན་གྱི་དབྱེ་བ” སྟེ། བྱས་རྗེས་བདུན་དང་ནོར་འཁྲུལ་གསུམ།

ཏེང་ཞོ་ཕེང་གིས“རིག་གསར” རྩིས་མེད་རྣམ་གཅོད་བྱས་ཡང་། གང་ཐུབ་ཅི་ཐུབ་ཀྱིས་མའོ་ཙེང་ཏུང་སྲུང་སྐྱོབ་བྱེད་དོན་གྱི་རྒྱུ་རྐྱེན་གལ་ཆེན་ཞིག་ནི། གལ་ཏེ་མའོ་ཙེ་ཏུང་རྩིས་མེད་རྣམ་པར་བཅད་ཚེ་གུང་ཁྲན་ཏང་གི་ཁྲིམས་མཐུན་རང་བཞིན་རྩིས་མེད་རྣམ་པར་བཅད་པ་དང་གཉིས་སུ་མ་མཆིས་ན། མའོ་ཙེ་ཏུང་ལ་ནོར་འཁྲུལ་ག་འདྲ་ཞིག་ཡོད་མེད་དང་རྒྱ་ནག་མི་དམངས་ལ་གནོད་འཚེ་ག་འདྲ་ཞིག་ཐེབས་ཡོད་མེད་ལ་མ་ལྟོས་པར། མི་རྣམས་མའོ་ཙེ་ཏུང་ལ་ད་དུང་ཡང་དགའ་སྡང་ག་འདྲ་ཞིག་ཡོད་མེད་ལའང་མ་ལྟོས་པར། མའོ་ཙེ་ཏུང་གི་ལོ་རྒྱུས་གོ་ས་དེ་ངེས་པར་དུ་རྒྱུན་འཁྱོངས་དང་དམ་སྲུང་བྱེད་དགོས་པ་ཏེང་ཞོ་ཕེང་གིས་གསལ་བོར་མཁྱེན་གྱིན་ཡོད།

གལ་སྲིད་ཞི་ཅིན་ཕེང་གིས་ལོ་རྒྱུས་གྲོས་ཆོད་གསུམ་པ་དེ་འདོན་དགོས་བསམ་ཚེ། ཏེང་ཞོ་ཕེང་ལ་གདེང་འཇོག་བྱེད་སྟངས་ཐད་གཅིག་མཚུངས་ཀྱི་དཀའ་ངལ་ལ་འཕྲད་ངེས་ཡིན། ཏེང་ཞོ་ཕེང་གི་གདེང་འཇོག་དེ་ཕྱོགས་གཉིས་དང་འབྲེལ་བ་ཡོད། གཅིག་ནི་བྱས་རྗེས་ཡིན། གཉིས་པ་ནི་ནོར་འཁྲུལ་ཡིན། བྱས་རྗེས་ཐད་འགལ་ཟླ་ཆེན་པོ་ཡོད་མ་ཡིན། ཏེང་ཞོ་ཕེང་གི་བྱས་རྗེས་ཆེ་ཤོས་ནི “བཅོས་བསྒྱུར་སྒོ་འབྱེད་ཇུས་འགོད་བྱས་པ” དེ་ཡིན། བཅོས་བསྒྱུར་དེས་རྒྱ་ནག་ཡང་དག་པའི་འཕེལ་རྒྱས་ཀྱི་ལམ་ཆེན་ཞིག་ཏུ་འཁྲིད་པར་ངོས་འཛིན་བྱས་ཡོད། གུང་ཁྲན་ཏང་ལ་མཚོན་ན། བཅོས་བསྒྱུར་བརྒྱུད་ཏང་བསྐྱབས་པ་རེད། ཏང་གི་ཚེ་ཐག་ཇེ་རིང་དུ་བཏང་བ་རེད། གནད་དོན་ནི་ཕྱི་མ་དེ་ནོར་འཁྲུལ་ཅི་ཡོད་དེ་ཡིན། ཏེང་ཞོ་ཕེང་གི་ནོར་འཁྲུལ་ལམ་འཕྱུགས་སྐྱོན་ཇི་ལྟར་ངོས་འཛིན་བྱེད་རྒྱུ་དང་། ལྷག་དོན “གྱ་དགུ་ལོའི་དྲག་གནོན” དེ་ཁོང་གི་ནོར་འཁྲུལ་གྱི་ཁོངས་སུ་འཇོག་མིན། འདི་གནད་འགག་ཆགས་ཡོད།

ཏེ་ཞོ་ཕེང་དང་གུང་ཁྲན་ཏང་སུ་ལ་མཚོན་ཡང་། “གྱ་དགུ་ལོའི་དོན་རྐྱེན” དེ་ནི་གཡོལ་ཐབས་མེད་པའི་དངོས་ཡོད་གནས་ཚུལ་ཞིག་ཡིན། ཏེང་ཞོ་ཕེང་ལ་གདེང་འཇོག་བྱེད་དགོས་ཚེ “གྱ་དགུ་ལོའི་དོན་རྐྱེན” གཡོལ་ནས་འགྲོ་ས་མེད། གལ་ཏེ་དེ་ལས་ལྡོག་ན་གདེང་འཇོག་དེ་གདེང་འཇོག་དྲང་པོ་ཞིག་མི་ཆགས
གལ་སྲིད་ལོ་རྒྱུས་གྲོས་ཆོད་ཀྱིས་དེ་སྔ་གུང་ཁྲན་ཏང་གིས“ གྱ་དགུ་ལོའི་དོན་རྐྱེན” གྱི“ཟིང་འཁྲུག”གི་ངོ་བོ་གཏན་ཁེལ་བྱས་པ་ལྟར། ཏེང་ཞོ་ཕེང་གི་དྲག་གནོན་བཀའ་ཁྱབ་ཀྱིས “གནད་དགག་གི་སྐབས་དུས་སུ་གུང་ཁྲན་ཏང་འཇིག་ཉེན་ལས་བསྐྱབས་པ་རེད”ཞེས་དུས། ནོར་འཁྲུལ་མིན་པར་བྱས་རྗེས་ཆགས་ཡོད། གལ་ཏེ་དམངས་གཙོ་ལས་འགུལ་གྱིས“རྒྱལ་གཅེས་དམངས་གཙོའི་སློབ་མའི་ལས་འགུལ”ཞེས་ངོ་བོ་ངོས་འཛིན་བྱས་ཚེ། གུང་ཁྲན་ཏང་གིས “གྱ་དགུ་ལོའི་ལས་འགུལ” ལ་དྲག་གནོན་བྱས་པ་དེ་ནོར་འཁྲུལ་ཆེན་པོ་ཞིག་ཡིན། དེ་བས་ན་ཏེང་ཞོ་ཕེང་གིས་དྲག་གནོན་བྱ་སྤྱོད་ལ་འགན་འཁུར་དགོས། གདེང་འཇོག་རིགས་གཉིས་ཀས་འབྲས་བུ་དང་ཤུགས་རྐྱེན་རྦད་དེ་ཁ་ཁ་སོ་སོ་ཡིན། ཡིན་ན་ཡང་། ཞི་ཅིན་ཕེང་དང་གུང་ཁྲན་ཏང་གཉིས་ཀར་མཚོན་ན། དེ་ཡིས་དགོས་མེད་ཀྱི་རྙོག་དྲ་དང་བློ་ཡུལ་ནས་འདས་པའི་འབྲས་བུ་བསླངས་སྲིད་པ་རེད། ཐབས་ལམ་གཅིག་རང་ཡོད་པ་ནི་རྨ་ཁ་དེར་མ་ཐུག་ན་ཡག་ཤོས་དེ་ཡིན་པས། མུ་མཐུད་ནས་དེ་ལྟར་དཔྱང་བཞག་ནས། ཆུ་ཚོད་ཁྲོད་དལ་བ་དལ་བུས་བརྗེད་འགྲོ་བར་གྱིས།
“གྱ་དགུ་ལོའི་དོན་རྐྱེན” ལས་གཞན། ཏེང་གི་བཅོས་བསྒྱུར་སྒོ་འབྱེད་ལ་ཇི་ལྟར་གདེང་འཇོག་བྱེད་དམ། ཏེང་གིས་བཅོས་བསྒྱུར་ཁྲོད་བྱུང་བའི་གནད་དོན་རིགས་ལ་འགན་འཁུར་དགོས་སམ། དེའང་ལོ་རྒྱུས་གྲོས་ཆོད་ཀྱི་དཀའ་གནད་ཅིག་ཡིན།

བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་ལ་ཁས་མི་ལེན་རྒྱུ་ཅི་ཡང་མེད། ཡིན་ན་ཡང་། བཅོས་བསྒྱུར་ཁྲོད་གནད་དོན་མང་པོ་བྱུང་ཡོད། གནད་དོན་དེ་རིགས་རིམ་བཞིན་ཇེ་ཆེར་སོང་ནས་ད་ལྟ་ཁ་ཤས་ཤིག་ཧ་ཅང་ཛ་དྲག་ཆགས་ཡོད། བཅོས་བསྒྱུར་ལམ་ཕྱོགས་མཚོན་བྱེད“ཆུར་རྒལ་ཞོར་རབ་འཚོལ་ཞོར”དང་།  “བྱི་བ་ཟིན་པའི་བྱི་ལ་ལ། དཀར་པོ་ནག་པོའི་ཁྱད་པར་མེད ”། ད་དུང“ སྔན་ན་མི་སྐོར་ཞིག་ཕྱུག་པོར་བསྒྱུར”ལ་སོགས་ཀྱིས་མཇུག་རྐྱེན་ངན་པ་བཞག་པ་ད་ལྟ་ཚང་མས་མིག་མཐོང་ལག་ཟིན་ཡིན་བཞིན། ལྐོག་ཟ་རུལ་སུངས་དང་སྤྱི་ཚོགས་དབུལ་ཕྱུག་དོ་མི་མཉམ་པའི་གནད་དོན་ནི་ཚབ་ཆེ་བའི་འབྲས་བུ་རུ་ངོས་འཛིན་བྱ་རུང་།

ཞི་ཅིན་ཕེང་གིས་སྲིད་དབང་བཟུང་རྗེས། བཅོས་བསྒྱུར་ཚོགས་ཆུང་ཟེར་བ་མོད་པོ་ཞིག་གསར་དུ་བཙུགས་ནས “ཡང་སྟེང་གི་ཇུས་འགོད”དང “འབངས་མིར་ཐོབ་པའི་ཚོར་སྣང”ལ་སོགས་ནན་གྱིས་བརྗོད་ནས།  GDPསྟེ་རྒྱལ་དམངས་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་དེ་དཔྱད་ཞིབ་ཀྱི་ཚད་གཞིར་མི་འཛིན་པར། “ལྗང་མདོག་དང་འཕེལ་རྒྱས་མཉམ་རོལ་གྱི་འདུ་ཤེས། རུལ་སུངས་ལ་རྡུང་རྡེག གནད་ལ་འཕུགས་པའི་དབུལ་སྐྱོབ” སོགས་ནན་གྱིས་གླེང་འདུག འདི་དག་ལས་ཤེས་ཐུབ་པ་ཞིག་ནི། ཞི་ཅིན་ཕེང་གིས་ཏེང་གི“ཆུར་རྒལ་ཞོར་རབ་འཚོལ་ཞོར”དང་།  “བྱི་བ་ཟིན་པའི་བྱི་ལ་ལ། དཀར་པོ་ནག་པོའི་ཁྱད་པར་མེད ”། ད་དུང“ སྔན་ན་མི་སྐོར་ཞིག་ཕྱུག་པོར་བསྒྱུར ”བཅས་ཀྱི་གཞུང་ལུགས་འོག་རབ་དང་རིམ་པར་བྱུང་བའི་མཇུག་འབྲས་ངན་པ་དག་མཐོང་ཡོད་པ་མ་ཟད། དེ་དག་ཡོ་བསྲང་བྱེད་འདོད་ཀྱང་ཡོད་པ་མཚོན་ཡོད། དེའི་སྟབས་ཀྱིས་གུང་ཁྲན་ཏང་གིས་ཏེང་ཞོ་ཕེང་བཅོས་བསྒྱུར་སྒོ་འབྱེད་ཀྱི“ཇུས་འགོད་སྤྱི་འདོམས་པ”རུ་ངོས་འཛིན་བྱས་ཡོད་པས། དེ་ལ་འགན་འཁུར་དགོས་པ་ཆོས་ཉིད་དུ་གྲུབ་ཡོད།
གོང་ཞུས་དབྱེ་ཞིབ་ལྟར་མཚམས་འདིར་འོལ་ཚོད་ཅིག་བྱས་ན། འབྱུང་འགྱུར་གྱི་ལོ་ཤས་སུ། གལ་ཏེ་ཞི་ཅིན་ཕེང་གིས་ཀྱང་ཏེང་ཞོ་ཕེང་ལ་ལད་མོ་བྱས་ན་ལོ་རྒྱུས་གྲོས་ཆོད་ཅིག་འཇོག་པའི་དཔང་དུ་སོང་ན། ཇི་ལྟར་སྙོམས་བསྒྲིག་བྱེད་དམ། གཅིག་བགྱིས་ན་ཞི་ཅིན་ཕེང་གིས “གྲུབ་འབྲས་ཆེ་བརྗོད་ནོར་འཁྲུལ་ཆུང་གླེང” གི་སྒོ་ནས་འདས་པའི་ཏང་གི་ལོ་ངོ༤༠འི་རིང་གི་ལོ་རྒྱུས་ལ་སྤྱི་བསྡོམས་རྒྱག་སྲིད། ཏེང་ཞོ་ཕེང་དང་གྱ “དགུ་ལོའི་དོན་རྐྱེན” དང་འབྲེལ་བའི་གནད་དོན་ཐད། ཞི་ཅིན་ཕེང་གིས་ཏེང་ཞོ་ཕེང་གིས་མའོ་ཙེ་ཏུང་ལ་གདེང་འཇོག་བྱས་པ་ནང་བཞིན “ལོ་རྒྱུས་རགས་རུང་ཡང་ཞིབ་མི་རུང” གི་རྩ་དོན་གཞི་རུ་འཛིན་ངེས་ཡིན། “གྱ་དགུ་ལོའི་དོན་རྐྱེན” ཐད་འགྲེལ་བཤད་རགས་རིམ་ཞིག་བྱས་ནས་གླེང་བ་ཙམ་གྱིས་འགྲོ་ཐབས་བྱེད་སྲིད། བཅོས་བསྒྱུར་སྒོ་འབྱེད་ཐད་གྲུབ་འབྲས་ཡོད་ཚད་ཏེང་ཞོ་ཕེང་གི་སྟེང་སྤུངས་ངེས་ཡིན་ལ། ཡིན་ན་ཡང་མཇུག་རྐྱེན་ངན་པའི་རིགས་ཏེང་གི་ནོར་འཁྲུལ་ཡིན་པ་དང་འགན་འཁུར་དགོས་མིན་གསལ་བོ་མི་གླེང་།

ལོ་རྒྱུས་གྲོས་ཆོད་ནང་གཞི་རྒྱ་ཆེན་པོས་ཞི་ཅིན་ཕེང་རང་ཉིད་ཀྱི་དུས་རབས་གསར་བའི་བསམ་བློ་དང་ལམ་ཕྱོགས་སོགས་རྒྱས་བཤད་བརྒྱུད། རྒྱ་ནག་གིས་མུ་མཐུད་ནས་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལམ་ཕྱོགས་འཛིན་རྒྱུ་ཡིན་ཚུལ་གསལ་ཁ་འདོན་ངེས་ཡིན། ༢༠༡༨ལོའི་ལོ་སར་ཤིས་ཚིག་ཏུ་བརྗོད་པ་ལྟར། “རི་ལ་ཐུག་ན་ལམ་བཟོ་བ། ཆུ་ལ་ཐུག་ན་ཟམ་བཟོ་བའི” སྙིང་སྟོབས་ཀྱིས་བཅོས་བསྒྱུར་མཐུར་གཏུག་རྒྱུ། དེ་དང་དུས་མཚུངས་སུ། གུང་ཁྲན་ཏང་གི་བཀའ་དྲིན་འོག་རྒྱ་ནག་དེང་རབས་ཅན་དུ་ཐོན་ལུགས་ནན་གྱིས་བརྗོད་ནས། ཕྱོགས་མཐའ་དག་ནས་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་གོ་ས་ཇེ་བརྟན་དུ་གཏོང་དགོས་པའི་དགོས་འདུན་འདོན་ངེས་ཡིན།

གོང་ཞུས་དཀའ་ཚེགས་ཆེ་བའི་གནད་དོན་དེ་དག་གི་རྐྱེན་པས། ཞི་ཅིན་ཕེང་གིས ༢༠༡༨ལོར་ལོ་རྒྱུས་གྲོས་ཆོད་འཇོག་མི་སྲིད་མོད། འོན་ཀྱང་ནང་ཁུལ་དུ་འདས་པའི་ལོ ༤༠འི་རིང་གི་བཅོས་བསྒྱུར་སྒོ་འབྱེད་ལ་དཔྱད་དཔོག་སྤྱི་བསྡོམས་ཤིག་རྒྱག་སྲིད།

གལ་ཏེ་ཞི་ཅིན་ཕེང་གིས་རང་ཉིད་ལ་གཏོགས་པའི་མིང་དོན་མཚུངས་པའི་དུས་རབས་གསར་པ་ཞིག་གི་སྒོ་ཕྱེ་འདོད་ཡོད་ཚེ། གུང་ཁྲན་ཏང་མུ་མཐུད་ནས་མདུན་དུ་བསྐྱོད་འདོད་ཡོད་ཚེ། ལོ་རྒྱུས་གྲོས་ཆོད་ཀྱི་རྣམ་པ་ཡིན་མིན་ལ་མ་ལྟོས་པར། ངེས་པར་དུ་འདས་ཟིན་པའི་ལོ༤༠འི་རིང་གི་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་ཉམས་མྱོང་ལ་ཡང་དག་པའི་སྤྱི་བསྡོམས་ཤིག་ཅིས་ཀྱང་རྒྱག་དགོས།
༼ ཏེང་ཡུ་ཝེན། ནིའུ་ཡོག་དུས་བབ༽

 

Advertisements