
ཉེ་ལམ། རྒྱ་གར་དུ་འཚོ་བཞུགས་ཧྥ་རན་སིའི་བོད་རིག་པ་བ་སྐུ་ཞབས་ཨར་ཕི(Claude Arpi)ལགས་ཀྱིས་རྒྱ་གར་གྱི་སྨྱན་བྱེད་རེ་ཌུ་ཧྥི(Reduff)ཟེར་བའི་སྟེང་ཁ་བྱང་ལ༼ བོད་ཀྱི་རྒྱ་གར་གྲོང་ཚོ༽ ཟེར་བའི་དཔྱད་རྩོམ་ཞིག་སྤེལ་ཏེ། བོད་ཀྱི་སྟོད་མངའ་རིས་ན་བདག་དབང་རྒྱ་གར་ལ་གཏོགས་པའི་ས་ཁུལ་ཞིག་ཡོད་ལུགས་བཀོད་འདུག
བདག་དབང་ད་དུང་ཡང་རྒྱ་གར་ལ་ཡོད་པའི་ས་ཁུལ་དེ་གྲོང་ཚོ་ལྔ་ཡིས་གྲུབ་ཡོད་ཅིང་། གྲོང་ཚོ་དེ་དག་བོད་དང་རྒྱ་གར་གྱི་ས་མཚམས་ལ་ཁེལ་མེད་པ་མ་ཟད། གངས་རིན་པོ་ཆེ་དང་རྒྱང་ཐག་ཉེ་ཞིང་། ས་ཁུལ་དེ་ན་བོད་མི་ཁོ་ན་མ་གཏོགས་་མི་རིགས་གཞན་མེད།
དེ་མིན་ཡང་དཔྱད་རྩོམ་དེའི་ནང་། ལོ་རྒྱུས་འཕྲོ་ལུས་ཀྱི་མངའ་ཁུངས་གནད་དོན་དེ། དུས་རབས་སྔོན་མའི་ལོ་རབས་ལྔ་བཅུའི་ནང་བྱུང་བའི་རྒྱ་གར་ནག་གཉིས་ཀྱི་མངའ་ཁུངས་བདག་དབང་དང་འབྲེལ་བའི་གྲོས་མོལ་སྐབས་དེའི་སྐོར་གླེང་སློང་གནང་མེད་པས། གཞུང་ལུགས་ཀྱི་ཆ་ནས་བཤད་ན། རྒྱ་གར་ལ་ས་ཁུལ་དེའི་བདག་དབང་རྩོད་རྒྱུའི་ཐོབ་ཐང་ད་དུང་ཡང་ཡོད་པ་རེད། ཅེས་བཀོད་འདུག
འོ་ན་གཞན་གཏོགས་ས་ཁུལ་དེ་གང་ན་ཡོད་པ་དང་ས་མིང་ལ་ཅི་ཟེར་རམ་ཞེ་ན། གཞན་གཏོགས་ས་ཁུལ་དེ་སྟོད་མངའ་རིས་སྐོར་གསུམ་ཞེས་གྲགས་པའི་ཡུལ་དེའི་སྒར་རྫོང་གི་ཁོངས་གཏོགས་མོན་འཚེར་ཞང་ཞེས་པའི་ཁོངས་སུ་ཡོད་པ་དང་། ཞང་དེའི་གྲོང་གསེབ་ལྔ་ཚུད་ཡོད་ལུགས་བཤད་པ་ཙམ་ལས་ས་ཁྱོན་གྱི་ཆེ་ཆུང་མི་གསལ་ཞིང་། མོན་འཚེར་ཞང་གི་མི་འབོར་ནི་སྟོང་ཕྲག་གཉིས་མ་ཟིན་ཙམ་ཡིན་པ་གྷུ་གྷོལ་འཚོལ་བཤེར་མ་ལག་ཏུ་གསལ།
ལོ་རྒྱུས་ཡིག་ཚང་ལ་གཞིགས་ན། མོན་འཚེར་ཞང་གི་ཁོངས་སུ་ཁྱུང་ལུང་དངུལ་མཁར་སོགས་ཞང་ཞུང་གི་མཁར་ཤུལ་གྲགས་ཅན་འགའ་ཚུད་ཡོད་པ་རེད།
ལོ་དུ་མའི་ཡར་སྔོན་གྱི་དུས་ཡུན་གང་ཙམ་ཞིག་གི་རིང་། སྟོད་མངའ་རིས་ས་ཁུལ་ཁག་ཅིག་གི་བདག་དབང་དེ་ལོ་རྒྱུས་ཡིག་ཚགས་ཁག་ན་བོད་ཆུང་བ་རུ་འབོད་པའི་ལ་དྭགས་ཀྱི་རྒྱལ་བོར་དབང་ཞིང་། ༡༦༨༤ལོར། བོད་དམག་དང་ལ་དྭགས་ཀྱི་དམག་དཔུང་བར་འཐབ་འཁྲུག་བྱུང་ནས། བོད་དམག་གིས་ལ་དྭགས་ཀྱི་དམག་དཔུང་ཆམ་ལ་ཕབས་རྗེས། བོད་དང་ལ་དྭགས་བར་ཐེ་མི་སི་གྷང་ཆིངས་ཡིག(Temisgang)ཟེར་བ་བཞག་ཡོད་པ་དང་། ཆིངས་ཡིག་ཏུ་སྟོད་མངའ་རིས་བདག་དབང་དགའ་ལྡན་ཕོ་བྲང་གིས་བདག་སྤྲོད་བྱས་ཡོད་ཀྱང་། སྟོད་མངའ་རིས་མོན་འཚེར་ས་ཁུལ་གྱི་བདག་དབང་མུ་མཐུན་ནས་ལ་དྭགས་རྒྱལ་བོ་ལ་ཡོད་པ་བཀོད་ཡོད་པ་རེད།
དུས་རབས ༡༩ བའི་ནང་ཇཱ་མུ་ཀ་ཤི་མུར་གྱི་རྒྱལ་པོས་སྟོད་ལ་དྭགས་དབང་འོག་ཏུ་བཅུགས་ཡོད་པས། སྟོད་ལ་དྭགས་ཀྱི་བདག་དབང་ཇཱ་མུ་ཀ་ཤི་མུར་ལ་གཏོགས་ཤིང་། དེ་བས་ན། མོན་འཚེར་ས་ཁུལ་གྱི་བདག་དབང་ཡང་ཇཱ་མུ་ཀ་ཤི་མུར་ལ་རང་བཞིན་གྱིས་གཏོགས་ཡོད།
༡༩༤༧ ལོའི་ཟླ ༡༠ པར། ཇཱ་མུ་ཀ་ཤི་མུར་གྱི་རྒྱལ་པོས ༼ རྒྱ་གར་གྱི་མངའ་ཁོངས་སུ་ཞུགས་རྒྱུའི་ཆིངས་ཡིག༽ ལ་མོས་པའི་རྟགས་བཙུགས་པ་དང་ཆབས་ཅིག སྟོད་མངའ་རིས་སྒར་རྫོང་གི་མོན་འཚེར་གྲོང་ཚོ་ལྔ་ཡི་བདག་དབང་དུས་དེ་ནས་བཟུང་ནས་དུས་རབས་སྔོན་མའི་ལོ་རབས ༥༠འི་བར་རྒྱ་གར་ལ་གཏོགས་པའི་ས་ཁུལ་དམིགས་བསལ་བ་ཞིག་ཏུ་གྱུར་བ་རེད།
༡༩༥༣ལོར། སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རོ་ཡིས་རྒྱ་གར་ནག་བར་མཛའ་མཐུན་ཆིངས་ཡིག་འཇོག་རྒྱུར་དམིགས་ཏེ། རྒྱ་ནག་ལ་མཛའ་མཐུན་གྱི་རྣམ་འགྱུར་མཚོན་རྒྱུའི་སླད་དུ་ཕྱོགས་གཅིག་ཁོ་ནས་མོན་འཚེར་ས་ཁུལ་གྱི་བདག་དབང་འདོར་རྩིས་བྱས་པའི་མ་ཚད། བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ཁས་བླངས་པ་རེད།
ཡིན་ན་ཡང་། སྟབས་ཡག་ནས་རྒྱ་གར་ནག་གི་མཐའ་མཚམས་གྲོས་མོལ་སྐབས་སུ། རྒྱ་ནག་ཕྱོགས་ནས་མོན་འཚེར་ས་ཁུལ་གྱི་བདག་དབང་སྐོར་ཚིག་གཅིག་ཀྱང་གླེང་མེད་ལ། གཅིག་བགྱིས་ན་རྒྱ་ནག་གཞུང་གིས་དེ་འདྲའི་ལོ་རྒྱུས་འཕྲོ་ལུས་མངའ་ཁོངས་ཀྱི་གནད་དོན་ཞིག་ཡོད་པ་ཤེས་ཡོད་རྒྱུ་མ་རེད། དེའི་སྟབས་ཀྱིས་རྗེས་ཕྱོགས་སུའང་རྒྱ་ནག་གཞུང་གིས་གནད་དོན་དེའི་སྐོར་གླེང་སློང་བྱུང་མྱོང་མེད། དེ་འདྲའི་གནས་སྟངས་འོག མོན་འཚེར་གྲོང་ཚོ་ལྔ་སུ་ལ་གཏོགས་མིན་དང་བདག་དབང་སུ་ལ་ཡོད་མེད་ཀྱང་ཚིག་ཐག་ཆོད་མེད་པར་ལྷག་ཡོད་པ་རེད།
ཉེ་བའི་ཆར་རྒྱ་གར་ནག་བར་རྒྱ་བོད་འབྲུག་གསུམ་གྱི་ས་མཚམས་སུ་ཁེལ་བའི་འབྲོག་ལམ་ས་རྩོད་ཀྱིས་མཚོན་ས་མཚམས་རྩོད་པ་ཡང་བསྐྱར་ལངས་པའི་སྐབས་འདིར། རྒྱ་ནག་གི་གནད་དོན་རིགས་ལ་མཁས་པར་བློམ་པའི་ལ་དྭགས་པ་ཕུན་ཚོགས་སྟོབས་ལྡན(Phunchok stobdan)ལགས་ཀྱིས་ཆེད་བརྗོད་རྩོམ་ཡིག་ཅིག་སྤེལ་ནས། སྐབས་དེར་སྲིད་བློན་ནེ་རོ་ཡིས་མོན་འཚེར་གྲོང་ཚོ་ལྔ་ཡི་བདག་དབང་འདོར་རྩིས་ཀྱི་དགོངས་འཆར་ལ། རྒྱ་གར་གྲོས་ཚོགས་གོང་འོག་གཉི་གས་དེའི་ཐད་ཆོག་མཆན་ཕར་ཞོག་མ་མཐའི་གོ་བསྡུར་རིགས་ཀྱང་ཅི་ཡང་བྱས་མྱོང་མེད་པ་དང་། རྒྱ་ནག་ཕྱོགས་ནས་ཀྱང་ད་བར་དུ་མོན་འཚེར་ས་ཁུལ་གྱི་བདག་དབང་སྐོར་གསེད་བཀྲོལ་གསལ་བཤད་ཅི་ཡང་བྱས་མྱོང་མེད་སྟབས། དོན་དངོས་སུ་མོན་འཚེར་ས་ཁུལ་གྱི་བདག་དབང་ད་དུང་ཡང་རྒྱ་གར་ལ་ཡོད་པས། འབྱུང་འགྱུར་གྱི་རྒྱ་གར་ནག་གི་ས་མཚམས་རྩོད་པ་དང་འབྲེལ་བའི་གྲོས་མོལ་ཁྲོད། གོང་སྒྲིག་གོང་གཏམ་གྱི་ལག་ཆར་སྤྱོད་ཆེད་མོན་འཚེར་ས་ཁུལ་གྱི་བདག་དབང་གི་རྩོད་པ་ཡང་བསྐྱར་གླེང་དགོས་ཞེས་བློ་གསལ་དང་སྐུལ་མ་གནང་འདུག
༡༩༡༤ལོར་དགའ་ལྡན་ཕོ་བྲང་དང་དབྱིན་ཇི། རྒྱ་ནག་གི་སྐུ་ཚབ་གསུམ་རྒྱ་གར་ཞིམ་ལཱ་རུ་འཛོམས་ནས་གཙོ་བོ་བོད་དང་རྒྱ་ནག་བར་གྱི་གནད་དོན་ཐད་གྲོས་མོལ་གནང་ཡོད་པ་དང་། སྐབས་དེར་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༩༠༠༠༠ ཅན་གྱི་ལྷོ་བོད་ཀྱི་མོན་རྟ་དབང་རྒྱ་གར་གྱི་མངའ་ཁོངས་སུ་བཅད་པ་རེད། དུས་དེ་ནས་བཟུང་ལྷོ་བོད་ཀྱི་མོན་རྟ་དབང་དེ་རྒྱ་གར་གྱི་ཆ་ཤས་ལྟ་བུར་ཆགས་པ་རེད།
ལོ་རྒྱུས་སུ་མག་མཱ་ཧོན་ས་ཐིག(McMahon Line )ཞེས་འབོད་པའི་བོད་ས་རྒྱ་གར་ལ་བཅད་པའི་གཞི་རྒྱ་ཆེ་བའི་ས་ཁུལ་དེ་རྒྱ་ནག་གཞུང་གིས་བོད་ས་ཧྲིལ་བོ་བཙན་འཛིན་བྱས་པའི་རྗེས། ༡༩༥༤ལོར་རྒྱ་གར་ནག་གཉི་ཀས་བོད་དོན་སྐོར་གྱི་གྲོས་མོལ་དང་ཆིགས་ཡིག་འཇོག་སྐབས་ཀྱང་གླེང་སློང་བྱས་མེད་མོད། འོན་ཀྱང་རྗེས་ཕྱོགས་སུ་རྒྱ་ནག་གཞུང་གིས་མོན་རྟ་དབང་གི་བདག་དབང་རྒྱ་ནག་ལ་ཡོད་ལུགས་དུས་ནས་དུས་སུ་བཤད་བསྡད་ཡོད།
༡༩༦༢ལོའི་ཟླ ༡༠ བའི་ཚེས ༢༠འི་ཉིན། རྒྱ་ནག་དམག་དཔུང་གིས་རྒྱ་གར་མངའ་ཁོངས་ལ་བཙན་འཛུལ་བྱས་པ་ལྟར། རྒྱ་གར་གྱི་སྲིད་བློན་ནེ་རོ་ཡིས “རྒྱ་ནག་གི་དམང་དཔུང་རྒྱ་གར་ས་ཐོག་ནས་མཐར་སྐྲོད་ཐོངས་ཤོག” ཅེས་རྒྱ་གར་དམག་དཔུང་ལ་བཀའ་ཕབ་ནས། རྒྱ་གར་ནག་གི་བར་ས་མཚམས་འཐབ་འཁྲུག་དངོས་སུ་ལངས་པ་རེད། འཐབ་འཁྲུག་ལངས་ནས་ཉིན་གཅིག་ཁོ་ནའི་རྗེས་སུ། རྒྱ་ནག་གི་དམག་དཔུང་གིས་རྒྱ་གར་གྱི་དམག་དཔུང་གིས་བཙན་བཟུང་ས་ཚུགས ༡༦ ཚང་མ་ཕར་བླངས་ནས་འཐབ་འཁྲུག་ལས་རྣམ་པར་རྒྱལ་ཡོད།
ཡིན་ན་ཡང་། ཧ་ཅང་གནད་དགག་ཆེ་བའི་དུས་སྐབས་དེར། རྒྱ་ནག་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ནས། སྤྱི་ཟླ ༡༡ པའི་ཚེས ༢༢ ཀྱི་མཚན་མོའི་ཆུ་ཚོད ༡༢ ཐོག་ནས་འཐབ་འཁྲུག་ཡོངས་སུ་མཚམས་འཇོག་རྒྱུའི་གྲོས་མགོ་བཏོན་པ་རེད།
དེ་ལྟ་ན་རྒྱ་ནག་གི་དམག་དཔུང་གིས་རྒྱ་གར་གྱི་དམག་དཔུང་སར་བླངས་པའི་ས་ཁུལ་ཡོངས་སུ་རྫོགས་པ་འདོར་བའི་མ་ཚད། འཐབ་འཁྲུག་སྔོན་གྱི་མག་མཱ་ཧོན་ས་ཐིག་ནས་ཕྱིར་སྤྱི་ལེ ༢༠ ནུར་བ་རེད། དེ་མིན་རྒྱ་གར་གྱི་དམག་དཔུང་སར་འཕྲོག་པའི་གོ་མཚོན་དང་དམག་ཆས་སོགས་ཚང་མ་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཕྱིར་རྒྱ་གར་ལ་སྤྲད་པ་མ་ཟད། གསོན་བཟུང་གི་རྒྱ་གར་དམག་མི་ཚང་མ་ཕྱིར་རྒྱ་གར་ལ་རྩིས་སྤྲད་འདུག
རྒྱ་ནག་གི་བྱ་སྤྱོད་དེ་ལས། འཛམ་གླིང་འཐབ་འཁྲུག་ལོ་རྒྱུས་སུ་བྱུང་མ་མྱོང་བའི་ཁྱད་མཚར་ཆེ་བའི་དོན་དག་ཅིག་བྱུང་ཞིང་། རྒྱ་ནག་གཡུལ་འཁྲུག་ཁྲོད་རྒྱལ་ཁ་ཐོབ་ཀྱང་ས་ཆ་ཤོར། རྒྱ་གར་གཡུལ་འཁྲུག་ཁྲོད་ཕམ་ཁ་ཉོས་ཀྱང་ས་ཆ་ཐོབ། རྒྱ་ནག་གིས་དམག་དཔུང་ཕྱིར་འཐེན་བྱས་རྗེས། རྒྱ་གར་དམག་དཔུང་གིས་འཐབ་འཁྲུག་བྱུང་རྐྱེན་ས་ཁུལ་ལས་ཀྱང་ཆེ་བའི་ས་ཁུལ་ལ་བཙན་འཛིན་བྱས་ནས་དུས་དེ་རིང་བར་བདག་འཛིན་བྱས་པ་རེད།
༡༩༨༧ལོར་རྒྱ་གར་གཞུང་གིས་རྒྱ་ནག་གིས་ཕར་བླངས་ཟིན་ཡང་ཡང་བསྐྱར་འདོར་བའི་ལྷོ་བོད་མོད་རྟ་དབང་ཐེ་བའི་ས་ཁུལ་དེར་ཨ་རོ་ནཱ་ཅལ་མངའ་སྡེ་ཞེས་པའི་མངའ་སྡེ་གསར་བ་ཞིག་བཙུགས་ནས་མོན་རྟ་དབང་ས་ཁུལ་དེ་རྒྱ་གར་གྱི་གཏན་ཆགས་ས་ཁུལ་ཞིག་ཏུ་བསྒྱུར་བ་རེད། མོན་རྟ་དབང་གི་ས་ཁྱོན་ན་ཐེ་ཝན་གླིང་ཕྲན་གསུམ་གྱི་ཆེ་ཆུང་ཡོད་པ་རེད།
ལོ་རྒྱུས་དང་དེ་རིང་གང་ལ་གཞིགས་ཀྱང་། རྒྱ་གར་ནི་བོད་ལ་བཀའ་དྲིན་ཆེན་པོ་ཡིན། ཡིན་ན་ཡང་རྒྱ་གར་གྱིས་བོད་ཀྱི་མངའ་ཁོངས་ཆེན་པོ་ཞིག་བཙན་འཛུལ་བདག་འཛིན་བྱས་ཡོད། ས་ཁྱོན་ན་སྤྱི་ལེ་གྲུ་བཞི་མ ༤༥༠༠༠ ལྷག་དང་མི་འབོར་ན་འབུམ་གསུམ་ཙམ་ཡོད་པའི་ལོ་རྒྱུས་སུ་བོད་ཆུང་བ་རུ་འབོད་པའི་སྟོད་ལ་དྭགས་དང་། དེ་མིན་མོན་རྟ་དབང་སྟེ་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་ཡང་རྒྱ་མཚོའི་འཁྲུངས་ཡུལ། མོན་རྟ་དབང་གི་ས་ཁྱོན་ན་སྤྱི་ལེ་གྲུ་བཞི་མ ༢༢༠༠ལྷག་དང་མི་འབོར་ལ ༤༠༠༠༠ཙམ་ཡོད། གཞན་བོད་དང་རྒྱ་གར། འབྲུག་ཡུལ། བལ་ཡུལ་བཅས་རྒྱལ་ཁབ་བཞིའི་ས་མཚམས་ལ་ཁེལ་བའི་དེ་སྔ་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་ཕྲན་ཞིག་ཡིན་པའི་འབྲས་ལྗོངས་བཅས།
གོང་ཞུས་ད་ལྟ་རྒྱ་གར་གྱི་བདག་འཛིན་འོག་ཡོད་པའི་ས་ཁུལ་ཏེ་སྟོད་ལ་དྭགས་དང་། མོན་རྟ་དབང་། འབྲས་ལྗོངས་བཅས་སུ་འཚོ་གནས་མི་རིགས་ཀྱི་རིགས་རྒྱུད་དང་ཡུལ་སྲོལ། སྐད་དང་ཡི་གེ ཆོས་དང་རིག་གཞུང་ཐམས་ཅད་བོད་རང་ཡིན།
ད་ལྟ་རྒྱ་གར་གྱི་ཆེད་མཁས་པ་སྐོར་ཞིག་གིས་བོད་ཀྱི་སྟོད་མངའ་རིས་སྐོར་གསུམ་གྱི་ཁོངས་གཏོགས་སྒར་རྫོང་གི་མོན་འཚེར་གྲོང་ཚོ་ལྔ་ཡི་བདག་དབང་ཡང་རྒྱ་གར་ལ་ཡོད་ལུགས་སྒྲུབ་ཀྱིན་པ་རེད།
ལོ་རྒྱུས་དང་ད་ལྟ་གང་ལ་གཞིགས་ཀྱང་། རྒྱ་གར་བོད་ལ་བཀའ་དྲིན་ཆེན་པོ་ཡིན་པ་སྨོས་མི་དགོས་ཤིང་། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཆུ་ཐིགས་གཅིག་གི་དྲིན་ལན་དུ་རྒྱ་མཚོའི་བོངས་ཀྱིས་མཇལ་རྒྱུའི་སེམས་པ་བཅངས་ཡོད་དང་ཡོད། ཡིན་ན་ཡང་། རྒྱ་གར་བའི་ཆབ་སྲིད་རིག་གནས་ལས་གྲུབ་པའི་བློ་གཅིག་སེམས་གཉིས་ཀྱི་གཤིས་རྒྱུད་ལ་ག་དུས་ཡིན་ཡང་གཟབ་གཟབ་བྱེད་དགོས། དཔེར་ན་རྒྱ་གར་ས་ཐོག་ནས༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རང་དབང་ཆ་ཚང་ཡོད་ཅེས་བཤད་ཞོར་དུ། རྒྱ་གར་གཞུང་གིས་བཀའ་ཁྱབ་བཏང་ནས་རྒྱ་གར་གཞུང་གི་དཔོན་རིགས་ཚོ་ཏཱ་ལའི་བླ་མའི་དུས་དྲན་མཛད་སྒོར་ཞུགས་རྒྱུར་བཀག་པ་ལྟ་བུ་རེད།
གང་ལྟར་གོང་ཞུས་གནད་དོན་འདི་རིགས་རྒྱུས་ལོན་ཐུབ་ན་དེ་ལ་དགེ་མཚན་ལས་སྐྱོན་ཡོད་རྒྱུ་མ་རེད་བསམ་བྱུང་། མ་རེད་དམ། གྲོགས་པོ་ཚོ།