ཨ་རྒྱའི་ཚོང་དམག་གི་བོའུ་སྐད་ཐོག་མ།

Screen Shot 2018-03-25 at 20.04.23
ཁྲོ་འབར་གྱིས་རྒྱ་ནག་ནས་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་ཡིག་ཆར་རྟགས་བཙུགས་པ།

སྔོན་ཀྱི་དུས་སུ། འཛམ་གླིང་ཤར་ནུབ་ཀྱི་གནད་དོན་དབྱེ་ཞིབ་པའི་སྡེ་ཡིས་ཨ་མེ་རི་ཀ་དང་རྒྱ་ནག་བར་ཚོང་ལས་དམག་འཐབ་དུས་ནམ་ཡང་ལངས་མི་སྲིད་པ་རིག་པས་དཔྱད་ཅིང་རྒྱུ་མཚན་སྣ་མང་གིས་བསྒྲུབས་ཡོད་པ་མ་ཟད། དེ་ལ་ཡིད་ཆེས་བརྟན་པོ་བྱས་ཡོད་མོད། འོན་ཀྱང་ད་ལྟ་ཨ་རྒྱའི་ཚོང་དམག་དངོས་སུ་འགོ་ཚུགས་ཡོད་ལ། ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱིས་རྒྱ་ནག་གི་ཚོང་ཟོག་ཁག་ཅིག་ལ་ཨ་སྒོར་དུང་ཕྱུར་དྲུང་བརྒྱའི་སྒོ་ཁྲལ་འཕར་མ་བསྡུ་ཡིན་ཞེས་པ་དེ་ཚོང་དམག་གི་བོའུ་སྐད་ཐོག་མ་དེར་ངོས་འཛིན་བྱ་རུང་སྙམ།
ཨ་མེ་རི་ཀས་འབྱུང་འགྱུར་ལོ་ཤས་སུ་ལོ་རེ་རེར་ཉུང་མཐའ་ཡང་རྒྱ་ནག་ནས་ནང་འདྲེན་ཚོང་ཟོག་ཁག་ཅིག་ལ་ཨ་སྒོར་དུང་ཕྱུར་དྲུག་བརྒྱ་སྟེ་ཐེམ་འབུམ་ཆེ་མོ་དྲུག་གི་དགག་སྒོའི་དཔྱ་ཁྲལ་འཕར་མ་བསྡུ་ལེན་བྱ་རྒྱུ་ཡིན་ཚུལ་གཏན་འབེབས་དང་གསལ་བསྒྲགས་གནང་ཡོད་པ་རེད།
སྤྱི་ཟླ ༣ པའི་ཚེས ༢༢ རེས་གཟའ་ཕུར་བུའི་ཉིན། ཨ་མེ་རི་ཀའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་མཆོག་གིས་གོ་ལ་ཧྲིལ་བོའི་ཚོང་ལས་ལམ་སྲོལ་ཡང་བསྐྱར་བཟོ་སྒྲིག་གི་ཐབས་ལམ་འཚོལ་གྲུབ་ལ་དམིགས་ནས། གང་གིས་སྲིད་འཛིན་འོས་མིའི་སྐབས་ནས་ཁས་བླངས་པའི་དམ་བཅའ་དངོས་སུ་ལག་ལེན་དུ་བསྟར་ཆེད་རྒྱ་ནག་ལ་ཚོང་ལས་དཔུང་འཇུག་བྱས་འདུག ཁྲོ་འབར་གཞུང་གིས་རྒྱ་ནག་ནས་ནང་འདྲེན་ཧ་ཡང་དང་དྭངས་ལྕགས་སོགས་ཚོང་ཟོག་ཁག་ཅིག་ལ་སྒོ་ཁྲལ་དུང་ཕྱུར་དྲུང་བརྒྱ་བསྡུ་ལེན་བྱ་རྒྱུའི་སྡིགས་བསྐུལ་བཏང་པ་མ་ཟད། རྒྱ་ནག་གི་མ་རྩས་ཨ་རིའི་ཁེ་ལས་ལས་ཁང་དང་ཉོ་སྒྲུབ། ལག་རྩལ་བརྒྱུད་བཤུག་བྱེད་རྒྱུར་ཚོད་འཛིན་བྱས་ཡོད་ཚུལ་ངོས་འཛིན་དང་སྐྱོན་འཛུགས་བྱས་འདུག

རྒྱ་ནག་གིས་བཙན་སྐུལ་དང་རྒྱལ་ཁབ་ཀྱིས་རོགས་དངུལ་མཁོ་སྤྲོད་སོགས་འཛམ་གླིང་ཚོང་ལས་ལམ་སྲོལ་དང་འགལ་བའི་ལམ་ནས་ཉོ་སྒྲུབ་དང་། དེ་མིན་བྱེད་ཐབས་འདྲ་མིན་ལ་བརྟེན་ནས་ཨ་རིའི་ལག་རྩལ་ཐོབ་ཐབས་བྱས་དང་བྱེད་ཀྱིན་ཡོད་པར་གཞིགས་ནས་རྒྱ་ནག་ལ་ཨ་ལན་སློག་པའི་ཚུལ་དུ་ལས་འགུལ་འདི་མི་སྤེལ་རང་སྤེལ་ཆགས་སོང་ཞེས་ཨ་རི་གཞུང་གིས་གོ་བསྐོན་གསེད་འགྲོལ་གནང་འདུག

ཁྲོ་འབར་གཞུང་གིས་རྒྱ་ནག་ནས་ནང་འདྲེན་ཚོང་ཟོག་ཁག་ཅིག་ལ་སྒོ་ཁྲལ་འཕར་མ་བསྡུ་ལེན་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ནས་ཆུ་ཚོད་འགའི་རྗེས་སུ། ཞི་ཅིན་ཕེང་གཞུང་གིས་ཀྱང་ངར་ཤེད་ཀྱི་ཡ་ལན་སློག་ཡོད་པ་དང་། དེ་ཡང་ཨ་མེ་རི་ཀ་ནས་ནང་འདྲེན་ཚོང་ཟོག་རིགས་བརྒྱ་ཁ་ལྷག་ལ་སྒོ་ཁྲལ ༡༥ %ནས ༢༠%འཕར་མ་བསྡུ་ལེན་བྱ་རྒྱུ་ཡིན་པ་བསྒྲགས་པ་དང་ཆབས་ཅིག རྒྱ་ནག་ལ་གྲ་སྒྲིག་ཨང་གསར་ཡོད།  ཨ་རིས་རང་ལྟ་མཁྲེགས་བཟུང་གིས་ཚོང་དམག་རྒྱག་རྒྱུ་ཡིན་ཟེར་ན། རྒྱ་ནག་གི་ཁ་གཏད་མཐའ་འཁྱོལ་བྱེད་ངེས་ཡིན་ཞེས་རྒྱ་ནག་གི་ཨ་རིར་བཅས་སྡོད་གཞུང་ཚང་ཆེན་མོས་བརྗོད་འདུག

རྒྱ་ནག་གིས་དུས་དང་རྣམ་པ་ཀུན་ཏུ་ཕྱི་འཚོང་དང་ནང་འདྲེན་ལ་དོ་མི་མཉམ་པའི་སྲིད་ཇུས་བཟུང་ཡོད་པ། ཕྱི་ནང་གི་ཁེ་ལས་ཚན་པར་ཚད་ཐིག་མ་འདྲ་བ་གཉིས་བཞག་ཡོད་པ། སྒོར་མོའི་འཛའ་ཐང་ལ་བཏང་འཛིན་བྱེད་ཀྱིན་པ་སོགས་ཀྱི་གནད་དོན་རིགས་ལོ་དུ་མའི་སྔོན་ནས་ཡོད་པ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཤེས་ཡོད། ཡིན་ན་ཡང་དེ་དུས་རྒྱ་ནག་གི་རྒྱལ་ཁབ་གནས་སྟངས་ལ་གཞིགས་ནས་དམིགས་བསལ་གཟིགས་སྐྱོང་གི་ཐོབ་ཐང་སོགས་སྤྲད་ནས་འཕེལ་རྒྱས་ཁྲོད་རིམ་གྱིས་བཅོས་བསྒྱུར་ཡོང་རྒྱུར་རེ་བ་ཡག་ས་ནས་བརྒྱབས་པ་རེད། ལྷག་པར་དུ ༢༠༠༡ ལོར་ཨ་རིས་རོགས་སྐྱོར་འོག་རྒྱ་ནག་འཛམ་གླིང་ཚོང་ལས་སྒྲིག་འཛུགས་སུ་ཞུགས་ནས་ལོ་བཅོ་ལྔའི་རིང་རིམ་བཞིན་གོང་ཞུས་གནད་དོན་དེ་དག་གིས་མཚོན་རྒྱལ་སྤྱིའི་འགྲོ་ལུགས་འདུག་སྟངས་དང་རྒྱབ་འགལ་ཡིན་པའི་ལམ་སྲོལ་དང་། ནང་སྒོས་སུ་བསམ་བཞིན་དུ་རྒྱལ་ཁབ་དང་གཞུང་གི་ངོ་བོས་སྤེལ་བཞིན་པའི་འཛམ་གླིང་ཚོང་ལས་མཐུན་ལམ་དང་ལྡོག་པའི་བྱ་སྤྱོད་རིགས་ལེགས་བཅོས་ཡོང་རྒྱུར་སྐུལ་འདེད་དང་རེ་ལྟོས་བྱས་པ་རེད། ཡིན་ན་ཡང་། བློ་ཕམ་པ་ཞིག་ལ་རྒྱ་ནག་གུང་ཁྲན་གཞུང་གིས་དུས་ནས་དུས་སུ་འཛམ་གླིང་ཚོང་ལས་ལམ་སྲོལ་དང་རྒྱབ་འགལ་གྱི་བྱ་སྤྱོད་རིགས་མཚམས་འཇོག་རྒྱུ་ཕར་ཞོག དེ་ལས་ཀྱང་གོམ་གང་མདུན་སྤོས་ཀྱིས་གཏོར་བཤིག་གཏོང་རྒྱུ་དང་རྒྱ་ནག་ཁོ་ནའི་ཁེ་ཕན་འབའ་ཞིག་གི་ཆེད་དུ་ཕྱིན་གྱིས་ལོག་པའི་ལས་དག་སྤེལ་སྟབས། ཨ་རིས་གཙོས་འཛམ་གླིང་རྒྱལ་ཁབ་ཕལ་མོ་ཆེས་སུན་འབྱིན་དང་སྐྱོན་བརྗོད་མཐའ་གཅིག་ཏུ་བྱས་དང་བྱེད་ཀྱིན་ཡོད། དེ་འདྲའི་གནས་སྟངས་འོག་ད་གཟོད་ཨ་རིས་དོ་མི་མཉམ་པའི་ཚོང་ལས་ཀྱི་གནས་སྟངས་སྙོམས་སྒྲིག་བྱེད་སྒོ་ཚུགས་དུས། རྒྱ་ནག་གུང་ཁྲན་གཞུང་གིས་རང་གི་བྱས་ཉེས་བསྒྱུར་བཀོད་བྱེད་རྒྱུ་ལྟ་ཅི། ཕར་རྒྱ་རྒན་མ་ཟེར་གོང་ཚུར་ལངས་སྐྱག་ཟེར་ནས་ཨ་རི་གཙོ་བོ་ཡིན་པའི་ནུབ་ཕྱོགས་རྒྱལ་ཁབ་དག་ལ་སྐྱོན་འཛུགས་བྱེད་ཀྱིན་ཡོད།

སྤྱིར་བཏང་མེ་རྫས་ཀྱི་དུ་རླུང་མེད་པའི་ཚོང་ལས་འཐབ་འཁྲུག་ལ་རྒྱལ་ཕམ་གྱི་དབྱེ་བ་འབྱེད་དཀའ་ཞིང་། མཐའ་མའི་མཇུག་འབྲས་སུ་ཕྱོགས་གཉིས་ཀར་གནོན་འཚེ་ཕོག་སྲིད་མོད། འོན་ཀྱང་ལྟོས་ས་ལྟོས་འཇོག་གིས་བཤད་ན། ཨ་རི་དང་རྒྱ་ནག་གི་ཚོང་ལས་དམག་འཐབ་ཁྲོད་རྒྱ་ནག་ལ་གྱོང་ཆེན་པོ་རག་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་པས་ངེས་གཏན་ཁེལ་ཡོད་པ་རེད།

ཚང་མའི་མཁྱེན་གསལ་རེད། རྒྱ་ནག་ནང་ཕྱི་རྒྱལ་གྱི་བཅའ་དངོས་རིགས་ཀྱི་རིན་གོང་ཧ་ཅང་མཐོན་པོ་ཡིན་པས་རྒྱུ་མཚན་ནི་རྒྱ་ནག་གིས་ཕྱི་རྒྱལ་གྱི་ཚོང་ཟོག་ལ་སྒོ་ཁྲལ་ཧ་ཅང་མཐོན་པོ་ལེན་གྱིན་ཡོད་པས་ཡིན་ལ། དེ་བཞིན་དུ་ཨ་མེ་རི་ཀ་སོགས་སུ་རྒྱ་ནག་གི་བཅའ་དངོས་རིགས་ཀྱི་རིན་གོང་ཧ་ཅང་ཆུང་ཆུང་ཡིན། དེའི་རྒྱུ་མཚན་ནི་ཨ་རིས་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་དམའ་མོ་ཞིག་ལས་ལེན་གྱིན་མེད་པས་རེད། དཔེར་ན། ཨ་རི་ནས་ནང་འདྲེན་རླངས་འཁོར་རིགས་ལ་རྒྱ་ནག་གི་སྒོ་ཁྲལ ༢༥% ལེན་གྱིན་ཡོད་པ་དང་། ཨ་རིས་རྒྱ་ནག་ནས་ནང་འདྲེན་རླངས་འཁོར་རིགས་ལ་སྒོ་ཁྲལ ༢.༥%ལས་ལེན་གྱིན་མེད། འདི་དཔེ་མཚོན་ཙམ་ཡིན། བཅའ་དངོས་གཞན་དག་ཀྱང་དེ་བཞིན་རེད།

འོ་ན། སྒོ་ཁྲལ་སྙོམས་སྒྲིག་བྱེད་དགོས་ཚེ། ཨ་རི་ལ་རྒྱ་ནག་ནས་ནང་འདྲེན་ཚོང་ཟོག་རིགས་ལ་སྒོ་ཁྲལ་སྤར་འདོད་ན་སྤར་ས་ཡོད་མོད། རྒྱ་ནག་ལ་སྤར་འདོད་ཀྱང་སྤར་ས་མེད། ཨ་རི་ནི་མཛད་སྤྱོད་ལ་བརྟེན་པའི་རྒྱལ་ཁབ་དང་། རྒྱ་ནག་ནི་ཕྱི་འཚོང་ལ་བརྟེན་པའི་རྒྱལ་ཁབ། དེ་མིན་ཕྱི་འཚོང་དང་ནང་འདྲེན་གྱི་མང་ཉུང་སོགས་གང་གི་ཆ་ནས་བཤད་ཀྱང། རྒྱ་ནག་གིས་འདས་པའི་ལོ་དུ་མའི་རིང་ཁེ་བཟང་ཡོད་ཚད་བླངས་ཚར་ཡོད། དེ་བས་ན། ཨ་རི་དང་རྒྱ་ནག་གི་ཚོང་དམག་ཁྲོད་རྒྱལ་ཁ་ཨ་རི་ལ་ཐོབ་རྒྱུ་ངེས་པ་རེད།

 

Advertisements