ཚོང་དམག་གི་འབྱུང་རྐྱེན་གླེང་བ།

—–ཨ་རྒྱའི་ཚོང་དམག་གླེང་བའི་ལེའུ་དང་པོ།

index
གླག་འབྲུག་གཡུལ་འགྱེད།

ཚོང་དམག་ནི་བྱེད་ཐབས་སམ་ཕྱི་ཡི་བཀོད་པ་ཙམ་ཡིན་ལ། ནང་གི་དམིགས་པ་དེ་ཆབ་སྲིད་ཀྱི་དགོས་དབང་ཡིན། ཨ་མེ་རི་ཀ་ཚོང་དམག་གི་རྟ་གོན་ལ་ཞུགས་པ་དེའང་ཆབ་སྲིད་ཀྱི་དམིགས་ཡུལ་འགྲུབ་རྒྱུའི་ཆེད་དུ་སྤེལ་བའི་ཚོང་ལས་ཀྱི་གཡུལ་འཁྲུག་འབའ་ཞིག་ལས་མ་འདས།

ཡིན་ན་ཡང་། ཡང་དག་པར་བཤད་ན། རྒྱ་ནག་གི་མགོ་བདེ་བོའི་རིག་གཞུང་ལས་འཕྲོས་པའི་བྱ་སྤྱོད་ལས་ཚོང་དམག་བསླངས་པ་ལས། ཨ་མེ་རི་ཀ་ཚོང་དམག་རྒྱག་རྒྱུར་དགའ་བས་མིན། དེ་ཤེས་རྒྱུ་གལ་ཆེན་པོ་ཡིན་ལ། དེ་ནས་རིམ་གྱིས་བལྟས་ན་ད་གཟོད་ཐེངས་འདིའི་ཚོང་དམག་གི་འབྱུང་ལུགས་འབྱུང་རྐྱེན་དང་མཐའ་མའི་མཇུག་འབྲས་སྲོགས་གསལ་བོ་མཐོང་ཐུབ།

དོན་དངོས་སུ་ལོ་གཅིག་གི་ཡར་སྔོན་དུ་དགྲ་ནོན་ཁྲོ་འབར་ཨ་རིའི་སྲིད་འཛིན་འོས་མིར་ལངས་དུས་ནས་ཨ་རྒྱའི་ཚོང་ལས་དོ་མི་མཉམ་པའི་གནས་སྟངས་ཤེད་ཆེན་པོས་གླེང་ནས་གལ་ཏེ་གང་ཉིད་ཨ་རིའི་སྲིད་འཛིན་དུ་བདམ་ཚེ་ཚོང་དམག་རྒྱག་སྲིད་པའི་ལངས་ཕྱོགས་གསལ་བོ་བཏོན་ཡོད།

ཨ་རྒྱའི་ཚོང་དམག་གི་འབྱུང་རྩ་དེ་ཡར་དེད་ན། ༢༠༠༡ ལོར་རྒྱ་ནག་འཛམ་གླིང་ཚོང་ལས་སྒྲིག་འཛུགས་སུ་ཞུགས་དུས་ཁས་བླངས་ནས་རྟགས་བཙུགས་པའི་གན་རྒྱ་ཁག་ལ་རག་ལས་ཡོད། སྐབས་དེར་ཨ་རི་དང་རྒྱ་ནག་གིས་འཛམ་གླིང་ཚོང་ལས་སྒྲིག་འཛུགས་ཀྱི་གན་རྒྱ་མོད་པོ་ཞིག་གི་ནང་དོན་ལ་མོས་མཐུན་བྱས་ནས་རྟགས་བཙུགས་ཡོད་ཅིང་། གན་རྒྱ་དེ་དག་གི་ཁྲོད་སྐར་རྟགས་ཅན་གྱི་གན་རྒྱ་ཉི་ཤུ་ལྷག་ཡོད་པ་དང་། ལོ ༡༧ གི་རྗེས་སུ་ཕྱི་མིག་ཅིག་བལྟས་ཚེ། རྒྱ་ནག་གིས་དེ་སྔ་ཁས་བླངས་པའི་སྐར་རྟགས་ཅན་གྱི་གན་རྒྱ་ཕལ་ཆེར་གཅིག་ཀྱང་ལག་ལེན་དུ་བསྟར་མེད། ནང་སྒོས་སུ་ཨ་རིའི་གནད་འགག་ཆེ་ཞིང་གནས་བབ་ཁྱད་འཕགས་ཅན་གྱི་ལས་རིགས་ཐད་ནར་འགྱངས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱས་འདུག

ཁྲོམ་ར་འགྲན་རྩོད་ཁྲོད་གལ་སྲིད་ཨ་རིའི་ཁེ་ལས་ཁང་གིས་རྒྱ་ནག་གི་ཁེ་ལས་ཁང་ལ་འགྲན་སློང་མ་ནུས་ན་དེ་ཨ་རིའི་ཁེ་ལས་ཁང་གི་ཞན་སྐྱོན་ཡིན་མོད། འོན་ཀྱང་དེ་ལྟ་མ་ཡིན་པར། རྒྱ་ནག་གིས་ཨ་རིའི་ཁེ་ལས་ཁང་རྒྱ་ནག་གི་ཁྲོམ་རར་ཞུགས་རྒྱུའི་སྒོ་ཡོངས་སུ་བརྒྱབས་ཡོད་པས་ཨ་རིའི་ཁེ་ལས་ཁང་དག་ལ་མཚོན་ན་འགྲན་རྩོད་བྱེད་འདོད་ཀྱང་འགྲན་རྩོད་བྱེད་སའི་སྡིགས་ཀ་མེད་པ་ཆགས་ཡོད། དཔེར་ན་ཨ་རིའི་དངུལ་རྩའི་ལས་རིགས་ཀྱིས་འཛམ་གླིང་ཁྱོན་ཡོངས་སུ་དར་རྒྱས་ཆེ་ཞིང་ཁྱད་འཕགས་ཀྱི་གོ་གནས་བཟུང་ཡོད། ཡིན་ན་ཡང་ད་བར་དུ་རྒྱ་ནག་ཏུ་ཕྱིའི་མ་དངུལ་ཁེ་ལས་ཁང་རྡོག་མ་གཅིག་ཀྱང་མེད་པས། དེ་ཡིས་མཚོན་པ་ནི།  དོན་དངོས་སུ་རྒྱ་ནག་གིས ༢༠༠༡ ལོར་མོས་རྟགས་བཙུགས་ཟིན་པའི་འཛམ་གླིང་ཚོང་ལས་སྒྲིག་འཛུགས་ཀྱི་སྒྲིག་སྲོལ་ཁག་གཅིག་ཀྱང་ལག་བསྟར་བྱས་མེད།

མགོ་ཚོད་རྒྱུའི་སླད་དུ་གྲངས་གནས་ཁ་ཤས་དྲངས་ན། ༢༠༡༧ལོའི་རྒྱ་ནག་གི་ཞབས་ཞུ་ལས་རིགས་ཀྱི་ཚོང་ལས་ཧེ་བག་ནི་ཁྲག་ཁྲིག་གཉིས་དང་ཐེམ་འབུམ་ཆེ་མོ་ལྔ་ཐེམ་འབུམ་ལྔ་དང་དུང་ཕྱུར་ལྔ༼   ༢༥༥༥༠༠༠༠༠༠༠༠༽  ཡིན་པ་དང་། ཚོང་ཟོག་ཚོང་ལས་ཀྱི་ཧེ་བག་ནི་ཁྲག་ཁྲིག་བཞི་དང་ཐེམ་འབུམ་ཆེ་མོ་གཉིས་ཐེམ་འབུམ་གཉིས་དང་དུང་ཕྱུར་གཅིག༼   ༤༢༢༡༠༠༠༠༠༠༠༠༽  རེད། ཕན་ཚུན་ཕབ་ཆ་བཅགས་རྗེས། རྒྱ་ནག་དང་འཛམ་གླིང་རྒྱལ་ཁབ་གཞན་ཚོའི་བར་གྱི་ཞབས་ཞུ་ལས་རིགས་ཀྱི་ཚོང་ལས་དང་ཚོང་ཟོག་ཚོང་ལས་ལས་རིགས་གཉིས་ཀྱི་ཧེ་བག་ནི་ཁྲག་ཁྲིག་གཅིག་དང་ཐེམ་འབུམ་ཆེ་མོ་དྲུག་ཐེམ་འབུམ་དྲུག༼   ༡༦༦༠༠༠༠༠༠༠༠༠༽  ལས་མེད་པ་དང་། གོ་སླ་བོར་བཤད་ན། རྒྱ་ནག་གིས་འཛམ་གླིང་རྒྱལ་ཁབ་གཞན་དག་ནས་དོ་མི་མཉམ་པའི་ཚོང་ལས་ཁྲོད་ཁེ་བཟང་ཁྲག་ཁྲིག་གཅིག་དང་ཐེམ་འབུམ་ཆེ་མོ་དྲུག་ཐེམ་འབུམ་དྲུག་བླངས་ཡོད་པ་དང་། དེའི་ཁོངས་ནས ༧༥%འི་ཡན་གྱི་ཚོང་ལས་ཨ་རི་དང་མཉམ་དུ་སྤེལ་ཡོད་པས། ཨ་རི་ཕུད་པའི་རྒྱལ་ཁབ་གཞན་དག་དང་རྒྱ་ནག་བར་ཚོང་ལས་ཉོ་ཚོང་ཧ་ཅང་ཉུང་ཉུང་ཡིན་པ་མཚོན་ཡོད། གྲངས་གནས་འདི་ལས་གསལ་བ་ཞིག་ནི་ཨ་རི་དང་རྒྱ་ནག་བར་ཕྱི་འཚོང་དང་ནང་འདྲེན་གྱི་ཚོང་ལས་གཞི་རྒྱ་ཆེན་པོ་ཡིན་པ་གསལ་བོ་རེད།

སྲིད་པ་རྒད་པོའི་ཁ་དཔེ་རུ། རང་གིས་རང་ལ་ངན་བྱེད་འདོད་ན། ཁ་གནམ་ལ་འཁོར་ནས་གཅིན་ཐོངས་ཟེར་བ་ནང་བཞིན། རྒྱ་ནག་གིས་དང་ཐོག་འཛམ་གླིང་ཚོང་ལས་སྒྲིག་འཛུགས་སུ་ཞུགས་སྐབས། ཟོལ་སྒྱུའི་བསམ་ངན་བཅངས་ནས་ཞུགས་སྟབས། དེ་ཡི་ལས་འབྲས་སུ་དེང་སང་རྒྱ་ནག་ཟེར་བ་དེ་ཡིད་ཆེས་མི་རུང་བའི་མི་རིགས་ཤིག་ཏུ་དུས་གཏན་དུ་གྱུར་བ་རེད།

ལྷག་བསམ་སྤུ་ཙམ་ཡང་མེད་པར་རྒྱ་ནག་པའི་རིག་གཞུང་ཁྲོད་ཀྱི་མགོ་བདེ་བོའི་གཤིས་ཀ་ཁྱེར་ནས་འཛམ་གླིང་མི་དམངས་མགོ་སྐོར་གཏོང་ཆེད་སྤེལ་བའི་ལས་འབའ་ཞིག་ཡིན་པས་རྒྱ་ནག་གི་ཕྱོགས་ན་གནད་དོན་མང་པོ་ཞིག་ཡོད་པ་སྨོས་མ་དགོས།

རྒྱ་ནག་གི་མཐོ་ས་ནས་ཀྲུའུ་ཞི་དང་སྲིད་བློན། དམའ་ས་ནས་བློན་ཆེན་རྣམས། གཞན་ཡང་ཆེད་མཁས་རིག་པ་བ་སོགས་མགོ་ནས་མཇུག་བར་གྱིས་བཅངས་པའི་ལྟ་བ་ཞིག་ནི། ཁྲིམས་ལུགས་དང་སྒྲིག་སྲོལ་གང་ཡིན་ཡང་དེ་ལ་སྲུབས་ཀ་ཡོད་ཡོད་པ་ཡིན་ན། ཀླན་ཀ་འཚོལ་རྒྱུ་དང་བྱེད་ཐབས་སྣ་ཚོགས་ཀྱི་ལམ་ནས་གཡོལ་ཐབས་བྱེད་རྒྱུ། གལ་ཏེ་ཁྲིམས་སྲོལ་ལྟར་ཉེས་ཆད་གཅོད་རྒྱུ་ཡིན་ཟེར་ན། གང་ཐུབ་ཅི་ཐུབ་ཀྱིས་ཁྲེབ་འཚོལ་དང་ནར་འགྱངས་བྱས་ན། ཁྲིམས་སྲོལ་གང་ཞིག་ཐོག་མའི་ཁྲིམས་གཏུག་ནས་བར་གྱི་ཞིབ་བཤེར། མཐའ་མའི་ཐག་གཅོད་བར་ཉུང་མཐའ་ལོ་བཞི་ལྔ་འགོར་སྲིད་པས། དུས་ཡུན་དེའི་རིང་ང་ཚོར་ཁེ་བཟང་རག་ཚར་ཡོད་དུས་ཉེས་ཆད་ཕོག་ཀྱང་མི་སྐྱོན་ཞེས་ཁྲིམས་ཀྱི་འདུ་ཤེས་ཀྱིས་ཀུན་ནས་དབེན་པའི་རིག་གཞུང་དེ་ལས་འཕྲོས་པའི་མགོ་བདེ་བོའི་རིག་གནས་སྐྱོན་ཅན་དེ་བཀོད་སྤྱོད་མཐར་ཕྱིན་བྱེད་འདོད་དང་བྱས་ཡོད་ན། དེ་ན་ལྷག་བསམ་ཟེར་བའི་དྲི་བ་ཙམ་ཡང་ཡོད་མ་ཡིན། དང་ཐོག་སྒྲིག་འཛུགས་ནང་མ་ཞུགས་གོང་གི་གྲོས་མོལ་སྐབས་ནས་བཟུང་རྒྱ་ནག་གིས་ཁྲིམས་སྲོལ་དེ་གཙི་སྲུང་བྱེད་འཆར་ཡེ་ནས་མེད།

འཛམ་གླིང་ཚོང་ལས་སྒྲིག་འཛུགས་ཀྱི་གཞི་རྩའི་དགོས་འདུན་ཞིག་ནི། གཅིག་མཚུངས་ཀྱི་སྤྱི་ཚོགས་ལམ་ལུགས་འོག་འདྲ་མཉམ་གྱི་ཚོང་ལས་སྤེལ་རྒྱུ། སྤྱི་ཚོགས་འདྲ་མཉམ་མ་ཡིན་པ་དང་འདྲ་མཉམ་མ་ཡིན་པའི་གནས་བབ་འོག་སྤེལ་བའི་ཚོང་ལས་དེ་སྐྱོན་ཅན་ཞིག་ཡིན་པའི་ངེས་པ་རེད།

སྐབས་དེའི་རྒྱ་ནག་དང་ཨ་རི་སྤྱི་ཚོགས་ཀྱི་གནས་བབ་གཉིས་རྦད་དེ་ཁ་ཁ་སོ་སོ་ཡིན། དེ་འདྲ་ཡིན་མོད་ཀྱང་། ཨ་རྒྱ་གཉི་ཀས་སོ་སོའི་དམིགས་ཡུལ་འགྲུབ་ཆེད་བཙན་གྱིས་གྲོས་ཆོད་བཞག་ནས། ཨ་རིས་རྒྱ་ནག་ལ་དཔལ་འབྱོར་ཐད་ནས་རོགས་སྐྱོར་བརྒྱུད་སྤྱི་ཚོགས་ཡར་རྒྱས་དང་མཉམ་དུ་ཆབ་སྲིད་ལ་འགྱུར་བ་ཐེབས་རྒྱུའི་དམིསག་ཡུལ་བཅངས། རྒྱ་ནག་གིས་ཡར་རྒྱས་ཁྲོད་རིམ་གྱིས་སྤྱི་ཚོགས་ལམ་ལུགས་ལ་བསྒྱུར་བཅོས་བྱ་རྒྱུར་ཁ་གཡར་ནས་དཔལ་འབྱོར་གྱི་རོགས་སྐྱོར་ཐོབ་ཐབས་སུ་དམིགས། དོན་ཀྱིས་ཧེབ་རྒན་གྱི་མགོ་ཧམ་རྒན་གྱིས་གཡོག་པའི་དཔེ་རུ་སོང་བ་རེད།

བློ་ཕམ་པ་ཞིག་ལ། ཨ་མེ་རི་ཀའི་དམངས་གཙོ་ཚོགས་པའི་སྲིད་འཛིན་བྷེལ་ཁི་ལིན་ཏོན་ནས་རྒྱ་ནག་ལ་ཚོང་ལས་དམིགས་བསལ་གཟིགས་སྐྱོང་གི་ཐོབ་ཐང་སྤྲད་པ་ནས། རྒྱ་ནག་གི་ཅང་ཙེ་མིན་དང་ཀྲུའུ་རོན་ཇིའི་དུས་རབས་ནས་ཧོའུ་ཅིན་ཐོ་དང་ཝིན་ཇ་པའོ་ཡི་དུས་རབས། དེ་ནས་ཞི་ཅིན་ཕེང་དང་ལི་ཁི་ཆིང་གི་དུས་རབས་བཅས་ལོ་ངོ ༢༨ གི་རྗེས་སུ། རྒྱ་ནག་གློ་བུར་དུ་འཛམ་གླིང་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པའི་རྒྱལ་ཁབ་ཏུ་གྱུར་པ་དང་། དེ་དང་མཉམ་དུ་ཨ་རི་དང་རྒྱ་ནག་བར་གྱི་ཚོང་ལས་ཧེ་བག་ཇེ་ཆེ་ནས་ཤིན་ཏུ་ཇེ་ཆེར་སོང་བ་མ་ཟད། རྒྱ་ནག་གི་སྤྱི་ཚོགས་ལ་འཛམ་གླིང་མཐུན་ལམ་གྱི་ཆ་ནས་བཟང་ཕྱོགས་ཀྱི་འགྱུར་ལྡོག་སྤུ་རྩེ་ཙམ་ཡང་མཐོང་རྒྱུ་མ་བྱུང་སྟབས། ཨ་རི་གཞུང་དམངས་གཉི་ཀ་ཡིད་ཆད་བློ་ཕམ་ནས་འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་མི་བལྟ་རང་བལྟ་ཆགས་པ་མ་ཟད། འབྱུང་འགྱུར་རྒྱ་ནག་དང་ཚོང་ལས་སྤེལ་དུས་ཐབས་ལམ་ཅི་ཞིག་བཀོལ་དགོས་པ་འཚོལ་ཞིབ་བྱ་རྒྱུ་དེ་གལ་འགངས་ཧ་ཅང་ཆེན་པོར་ཆགས། ལྷག་པར་དུ་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་མཆོག་ཨ་རིའི་སྲིད་འཛིན་ལ་བདམས་རྗེས། ཨ་མེ་རི་ཀར་ཚོང་པས་སྲིད་སྐྱོང་བའི་དུས་རབས་གསར་བ་ཞིག་གི་སྒོ་འབྱེད་པ་དང་དུས་མཚུངས་སུ། ཁྲོ་འབར་གཞུང་གིས་གྲ་སྒྲིག་སྡུག་ས་དང་རེ་བ་ཡག་ས་བྱས་ནས། དབུ་ཁྲིད་དང་དབུ་ཁྲིད་བར་གྱི་འབྲེལ་བ་དང་གཞུང་དང་གཞུང་བར་གྱི་འབྲེལ་བ་ཇེ་ཡག་ཇེ་བརྟན་དུ་བཏང་ནས་མཐར་དོན་ཨ་རི་དང་རྒྱ་ནག་བར་ཚོང་ལས་དོ་མི་མཉམ་པའི་གནས་བབ་ལེགས་བཅོས་ཡོད་ཐབས་སུ་འབད་ཀྱང་། རེ་བ་བརྒྱབས་པ་ནང་བཞིན་ཇེ་ཡག་དུ་མ་སོང་མ་ཟད་ཇེ་སྡུག་ཏུ་སོང་ཡོད་ལ། དཔེར་ན༢༠༡༧ལོའི་ཨ་རྒྱའི་བར་གྱི་ཚོང་ལས་ཧེ་བག་ནི་ཨ་སྒོར་ཁྲག་ཁྲིག་གསུམ་དང་ཐེར་འབུམ་ཆེ་མོ་བཞི་དང་ཐེམ་འབུམ་བདུན༼   ༣༤༧༠༠༠༠༠༠༠༠༠༽  ཡིན་པ་དང་། ༢༠༡༨ལོར་བག་ཧེ་ཁྲག་ཁྲིག་གསུམ་དང་ཐེར་འབུམ་ཆེ་མོ་བདུན་དང་ཐེན་འབུམ་ལྔ་དུང་ཕྱུར་གཉིས༼   ༣༧༥༢༠༠༠༠༠༠༠༠༽  སུ་འཕར་ཡོད་པས། ཆ་སྙོམས་བྱས་ན་འདས་པའི་ལོ་གཅིག་གི་རིང་། ཉི་མ་རེ་ལ་ཚོང་ལས་ཧེ་བག་ཨ་སྒོ་ས་ཡ་བདུན་དང་འབུམ་བདུན༼   ༧༧༠༠༠༠༠༽  ལྷག་བྱུང་གིན་ཡོད་པ་རེད། ཨ་རིའི་སྲིད་འཛིན་ཁྲོ་འབར་གྱིས་རྒྱ་ནག་གི་ཀྲུའུ་ཞི་ཞི་ཅིན་ཕེང་ལ་རེ་ལྟོས་བྱས་པ་ཇི་བཞིན་འབྲས་བུ་ཞིག་མ་ཐོན་པའི་ཁར་ཚོང་ལས་ཧེ་བག་མུ་མཐུད་ནས་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་ཤར་ཚེ། ཚོང་ལས་ཁྲོད་མི་ཚེ་བསྐྱལ་བའི་སྲིད་འཛིན་ཁྲོ་འབར་གྱིས་གྱོང་གད་དེ་འདྲ་ཞིག་རྩ་བ་ཉིད་ནས་སྒོམ་མི་སྲིད་ལ། རྒྱུ་མཚན་དེར་གཞིགས་ནས། ཕུགས་བསམ་རིང་ལུགས་པ་ཨོ་བྷ་མ་ནང་བཞིན་འདས་མ་ད་གསུམ་དུ་ཨ་རི་ལ་གནོད་པ་ཆེན་པོ་ཐེབས་དང་ཐེབས་བཞིན་པ་མཐོང་བཞིན་དུ་ད་དུང་ཡང་བཟོད་པ་སྒོམ་མ་ནུས་པར། ཨ་རིའི ༼   ༡༩༧༤ལོའི་ཁྲིམས་སྲོལ༽   གྱི་དོན་ཚན ༣༠༡ ལྟར་ཨ་རྒྱའི་ཚོང་ལས་ཕྱི་འཚོང་དང་ནང་འདྲེན་ལ་བརྟག་དཔྱད་བྱས་པའི་སྙན་ཐོ་གཞིར་བཞག་ནས། ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་མཆོག་གིས་ཐབས་ཟད་འུ་ཐུག་ནས་ད་ལོའི་ཟླ་གསུམ་པའི་ཚེས ༢༣ ཉིན་མི་འདོད་བཞིན་དུ་ཚོང་དམག་གི་གཡུལ་འཁྲུག་ལ་མི་ཞུགས་རང་ཞུགས་ཆགས་ནས། རྒྱ་ནག་ནས་ནང་འདྲེན་ཧ་ཡང་དང་དྭངས་ལྕགས་སོགས་ཚོང་ཟོག་ལ་ཨ་སྒོར་ཐེར་འབུམ་ཆེ་མོ་དྲུག་གི་སྒོ་ཁྲལ་འཕར་མ་བསྡུ་ལེན་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་ནས་ཚོང་དམག་གི་བོའུ་སྐད་ཐོག་པ་དེ་བསྒྲགས་པ་རེད།

མདོར་བསྡུས་ན། ལོ་དུས་མའི་རིང་རྒྱ་ནག་གིས་རྒྱ་ནག་པའི་མགོ་བདེ་བོའི་རིག་གནས་ཀྱིས་རྩེད་མོ་འཁྲབ་ནས་ཨ་རི་སོགས་ནུབ་གླིང་བ་མགོ་གཡོག་མགོ་སྐོར་བཏང་བའི་ཉེར་ལན་གྱིས་ཐེངས་འདིའི་ཚོང་དམག་ལངས་པ་རེད་མ་གཏོགས། དེའི་ནང་ན་རྒྱ་ནག་གིས་བཤད་པ་ནང་བཞིན་གྲང་དམག་གི་བསམ་བློ་དང་། ཚོང་ལས་སྲུང་སྐྱོབ་རིང་ལུགས་སོགས་གཅིག་ཀྱང་ཡོད་མ་ཡིན།

ཚོང་དམག་གླེང་དུས། རྒྱ་ནག་གིས ༢༠༠༡ལོར་འཛམ་གླིང་ཚོང་ལས་སྒྲིག་འཛུགས་སུ་ཞུགས་པའི་ཉིན་དང་པོ་ནས་བཟུང་། ཨི་རིས་གཙོས་ནུབ་གླིང་རྒྱལ་ཁབ་ཀུན་པོར་ཚོང་དམག་བརྒྱབས་དང་རྒྱག་མུས་སུ་ཡོད་ན། ཚོང་དམག་རྒྱག་མཁན་དེ་ཨ་རི་ག་ལ་ཡིན།