ཁམས་དཀར་ཡང་ཏང་ལ་བློ་དཀར་སེམས་དཀར་ཡིན་དགོས།

Screen Shot 2018-04-08 at 12.44.38.png
པར་ལྷོ་ཕྱོགས་རྒྱ་ནག་ཞོགས་པ་ཚགས་པར་ནས་བཤུས།

རྒྱ་ནག་གི་ཁམས་དཀར་བང་མཛོད་ཅིག་གིས་སྤེལ་བའི་ཧ་ཅང་ཡ་མཚར་ཆེ་བའི་ཁམས་དཀར་བསྡུ་ལེན་གྱི་ཁྱབ་བསྒྲགས་ཤིག་ཏུ་ཁམས་དཀར་གྱིས་ཀྱང་གུང་ཁྲན་ཏང་ལ་བློ་དཀར་སེམས་དཀར་ཡིན་དགོས་པའི་དགོས་འདུན་བཏོན་འདུག

དེ་ཡང་ཧྥ་རན་སི་གསར་ལས་ཁང་གིས་སྤེལ་གཏོང་གནས་ཚུལ་ནང་། ཟླ ༤ པའི་ཚེས ༤འི་ཉིན། པེ་ཅིང་གཙུག་ལག་སློབ་གྲྭ་ཆེན་མོའི་སྨན་ཁང་ཨང་གསུམ་པས་འགྲོ་བ་མའི་ཁམས་དཀའ་བསྡུ་ལེན་བྱ་རྒྱུའི་ཁྱབ་བསྒྲགས་ཤིག་སྤེལ་ཡོད་པ་དང་། ཁྱབ་བསྒྲགས་དེའི་ནང་ཁམས་དཀའ་ཞལ་འདེབས་དང་བླངས་པར་བཏོན་པའི་ཆ་རྐྱེན་གྱི་ཁོངས་སུ། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན། གུང་ཁྲན་ཏང་གི་འགོ་ཁྲིད་ལ་སྲུང་སྐྱོབ། གུང་ཁྲན་ཏང་གི་ལས་དོན་ལ་བློ་དཀར་བ། སྤྱོད་པ་ཚུལ་དང་ལྡན་པ། སྒྲིག་ལམ་བརྩི་ཞིང་ཁྲིམས་ལུགས་སྲུང་བ། ཆབ་སྲིད་ཀྱི་གནད་དོན་གཅིག་ཀྱང་མེད་པ་། ཅེས་སོགས་དགོས་འདུན་བཏོན་ཡོད་འདུག

ཡིན་ན་ཡང་པེ་ཅིང་སློབ་ཆེན་སྨན་ཁང་ཨང་གསུམ་པའི་ཁྱབ་བསྒྲགས་དེའི་ནང་དོན་ཚེས་དྲུག་ཉིན་བཟོ་བཅོས་བརྒྱབས་ནས་གོང་ཞུས་གུང་ཁྲན་ཏང་ལ་དགའ་ཞེན་མཚོན་པའི་ཆ་རྐྱེན་དེ་དག་བསུབས་ཡོད་པ་དང་། དེའི་ཚབ་ཏུ “བྱམས་སེམས་ཅན་དང་སྤྱི་སེམས་ཅན” ཞེས་བཀོད་ཡོད་འདུག

སྤྱིར་བཏང་བཤད་ན་ཁམས་དཀར་དེ་སྐྱེ་ཁམས་རིག་པའི་རྣམ་བཞག་ཁོ་ནར་གཏོགས་པ་ལས། ཆབ་སྲིད་དང་སྤྱི་ཚོགས་སོགས་སུ་འབྲེལ་བ་སྤུ་ཙམ་ཡང་མེད་མོད། འོན་ཀྱང་། དེང་གི་རྒྱ་ནག་གི་གནས་སྟངས་དང་ནང་སྒོས་སུ་ཞི་ཅིན་ཕེང་གི་དུས་རབས་འདིར་ཡོད་ཚད་ཀྱི་རུས་གུང་ཁྲན་ཏང་ཡིན་དགོས་ལ། དཔེར་ན་གསར་འགྱུར་སྨྱན་བྱེད་ཁག་གི་རུས་གུང་ཁྲན་ཏང་ཡིན་དགོས་པ། ཁེ་གཉེར་ལས་ཁང་ཁག་གི་རུས་གུང་ཁྲན་ཏང་ཡིན་དགོས་པ་ལ་སོགས་པའི་མཚོན་པའི་དེང་གི་དུས་རབས་འདིར། ཐ་ན་འགྲོ་བ་མིའི་ཁམས་དཀར་གྱི་རུས་ཀྱང་གུང་ཁྲན་ཏང་ཡིན་དགོས་པའི་དེ་འདྲའི་སྲིད་པའི་བྱུང་རབས་ན་མཐོང་རྒྱུ་གོ་རྒྱུ་མེད་པའི་ཡ་མཚར་ཆེ་བའི་གནས་ཚུལ་བྱུང་གིན་ཡོད་པ་རེད།

པེ་ཅིང་སློབ་ཆེན་གྱི་སྨན་ཁང་ཨང་གསུམ་པའི་ཁྱབ་བསྒྲགས་དེ་མཐོང་མ་ཐག་དེ་ངོ་མ་ཡིན་རྒྱུ་མ་རེད། མི་དྲན་རིག་རྒོད་པོ་ཅན་ཞིག་གིས་རྩེད་མོ་བསླངས་པ་ཡིན་རྒྱུ་རེད་བསམ་བྱུང་། སྟབས་མ་ལེགས་པ་ཞིག་ལ་དེ་ངོ་མ་ཡིན་པ་མ་ཟད། ད་དུང་རྒྱ་ནག་གི་སློབ་ཆེན་རྩེ་ཕུད་པེ་ཅིང་གཙུག་ལག་སློབ་གྲྭ་ཆེན་མོའི་སྨན་པ་ཨང་གསུམ་པས་སྤེལ་བའི་ཁྱབ་བསྒྲགས་ཤིག་རེད། དེ་བཞིན་དུ་ཁྱབ་བསྒྲགས་དེ་མཐོང་མ་ཐག་རིག་གནས་གསར་བརྗེ་ཆེན་པོའི་ཚོར་བ་ཞིག་མི་རྣམ་ལ་ངང་གིས་སྐྱེ་རུ་འཇུག་ལ། དེ་ཡང་རིག་གསར་སྐབས “ཨ་ཕ་དཔའ་བོ་ཡིན་ན་བུ་ཆུང་ཕོ་རྒོད་ཡིན། ཨ་ཕ་ངོ་ལོག་ཡིན་ན་བུ་ཆུང་ལྟས་ངན་ཡིན” ཞེས་པའི་གདུང་རྒྱུད་སྨྲ་བ་དེ་རེད། རིག་གསར་སྐབས་ཀྱི་གདུང་རྒྱུད་སྨྲ་བ་དེ་སློབ་འབྲིང་སློབ་མས་གང་བྱུང་མང་བྱུང་བྱས་པའི་བླུན་རྟགས་ཤིག་ཡིན་མོད། འོན་ཀྱང་། དེ་རིང་སྐད་གྲགས་ཆེ་བའི་པེ་ཅིང་གཙུག་ལག་སློབ་གྲྭ་ཆེན་མོའི་སྨན་ཁང་ཨང་གསུམ་པས་ཆེད་ལས་རིག་པ་བས་འདི་ལྟ་བུའི་དགོད་བྲོ་བའི་ལས་དག་སྤེལ་བ་ལ་ཨ་ཁ་ཁ་ཡ་མཚར་ཆེ་བ་ལའང་ཟེར་རྒྱུ་ལས་གཞན་མེད། ཅེས་དཔྱད་བརྗོད་པས་གསུངས་གནང་འདུག