རྒྱ་ནག་པས་ཨ་རི་ནས་ཁང་པ་ཉོས་ནས་སོ་མ་ར་ཙ་བཏབས་པ།

6939036149_12db3f5249_b
སོ་མ་ར་ཙ་དུག་རྩྭ།

ཨ་མེ་རི་ཀའི་ཁྲིམས་འཛིན་མི་སྣས “སོ་མ་ར་ཙའི་ཁང་པ” ༡༠༠ ལྷག་ལ་ཞིབ་བཤེར་ལས་རྒྱ་ནག་པས་ཨ་རི་ནས་ཁང་པ་ཉོས་ནས་སོ་མ་ར་ཙ(marijuana,大麻)བཏབས་ཡོད་པའི་གནས་ཚུལ་ཤེས་ཡོད་པ་དང་། དེ་ནི་ཨ་རིའི་ལོ་རྒྱུས་སུ་སྡོད་ཁང་བྱུང་རྒྱལ་དུ་བེད་ལོག་ཏུ་སྤྱད་པའི་གྱོད་དོན་ཆེ་ཤོས་དེ་ཡིན་ཞིང་། སྡོད་ཁང་དེ་དག་ཁྲོད་མང་ཆེ་བའི་བདག་པོ་རྒྱ་ནག་ཧྥི་ཅན་ས་ཁུལ་ནས་ཡོང་བའི་རྒྱ་རིགས་ཡིན་འདུག

འདས་པའི་ཉིན་ཤས་སུ། ཨ་རི་དབུས་ས་གཉིས་ཀྱི་ཁྲིམས་འཛིན་པ་མོད་པོ་ཞིག་རྐང་བཙུགས་ནས་ཨ་རིའི་ཁཱ་ལི་ཧྥུ་ནེ་ཡའི་མངའ་སྡེའི་རྒྱལ་ས་སཱ་ཁི་རཱ་མན་ཊོ་རུ་སོང་ནས། རྒྱ་རིགས་དུག་ཚོང་བས་བེད་ལོག་སྤྱད་པའི་སྡོད་ཁང་མང་པོ་ཞིག་གཞུང་བཞེས་དང་ཁྲིམས་གཏུག་བྱས་ཡོད་པ་རེད།

རྒྱ་རིགས་ཁྲིམས་འགལ་ཤོག་ཁག་དེས་ཕྱིའི་དངུལ་ལོར་བཀོལ་ནས་ཨ་མེ་རི་ཀར་གཞི་རྒྱ་ཆེན་པོས་སྡོད་ཁང་ཉོ་སྒྲུབ་བྱས་རྗེས། སྡོད་ཁང་དེ་དག་གི་ནང་སོ་མ་ར་ཙ་ཞེས་པའི་དུག་རྩྭ་བཏབས་ཡོད་པས། དེ་ནི་འཆར་གཞི་ཡོད་པའི་ཁྲིམས་འགལ་བྱ་སྤྱོད་ཅིག་ཡིན་སྟབས། ཞིབ་བཤེར་ལས་འགུལ་དེར་ཨ་རིའི་དབུས་ས་གཉིས་ཀྱི་འབྲེལ་ཡོད་ཁྲིམས་འཛིན་པ་རྣམས་དང་དེ་མིན་དབུས་དཔྱ་ཁྲལ་ལྷན་ཁང་དང་། དབུས་རྟོག་དཔྱད་ལས་ཁང་། དབུས་དུག་རྫས་སྔོག་བཤེར་ལས་ཁང་། གཞི་སྤོ་ལས་ཁང་གི་འབྲེལ་ཡོད་དཔོན་རིགས། ཉེན་རྟོག་པ་སོགས་གློ་བུར་རྡུང་རྡེག་དང་སྔོག་བཤེར་ལས་འགུལ་དེའི་ནང་མཉམ་ཞུགས་གནང་ནས། སོ་མ་ར་ཙ་དུག་རྩྭ་བཏབས་ཡོད་པར་དོགས་གཞི་ཡོད་པའི་སྡོད་ཁང ༧༠ ལྷག་ལ་སྔོག་བཤེར་བྱས་ཡོད་འདུག དེ་བཞིན་སྡོད་ཁང ༡༠༠ ལྷག་གཞུང་བཞེས་བྱ་རྒྱུའི་ཁྲིམས་གཏུག་བྱས་ཡོད་ཅིང་། ལས་འགུལ་སྐབས་ཁྲིམས་འཛིན་པས་སོ་མ་ར་ཙ་དུག་རྩྭ་རྐང ༦༠༠༠༠ དང་། དུག་རྫས་སུ་བཟོས་ཟིན་པའི་སོ་མ་ར་ཙ་སྤྱི་རྒྱ ༢༠༠། ལག་ཆ ༡༥ བཅས་བཤེར་ཟོན་བྱུང་ཡོད་འདུག

ཐེངས་འདིའི་གློ་བུར་སྔོག་བཤེར་ལས་འགུལ་དེ ༢༠༡༤ ལོ་ནས་འགོ་ཚུགས་པའི་ཞིབ་བཤེར་ལས་དོན་ཞིག་གཞི་རྩ་བྱས་ཤིང་། རྟོག་ཞིབ་སྐབས་སྡོད་ཁང་དེ་དག་མང་ཆེ་བའི་བདག་པོ་རྒྱ་ནག་ཧྥུ་ཅན་གྱི་རྒྱ་རིགས་ཡིན་པ་ཤེས་རྟོགས་བྱུང་འདུག

ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་གསལ་བསྒྲགས་ལ་གཞིགས་ན། སྡོད་ཁང་དེ་དག་སོ་མ་ར་ཙ་དུག་རྩྭ་ཆེད་བེད་སྤྱོད་ལོག་པར་བཏང་ཡོད་པ་དང་། སྡོད་ཁང་རེ་རེའི་ནང་ཉུང་མཐའ་ཡང་སོ་མ་ར་ཙ་དུག་རྩྭ་རྐང་ཆིག་སྟོང་བཏབས་ཡོད་འདུག

སྡོད་ཁང་དེ་དག་གིས་རྒྱུན་ལྡན་མ་ཡིན་པའི་གློག་བཀོལ་སྤྱོད་བཏང་སྟབས་འབྲེལ་ཡོད་ལས་ཁང་གི་དོགས་པ་བསླངས་པ་དང་། སོ་མ་ར་ཙ་བཏབས་པའི་སྡོད་ཁང་དེ་དག་གིས་ཝད་གྲངས་ཧ་ཅང་མཐོ་བའི་གློག་ཞུའི་ཤེལ་ཏོག་དང་འཁོར་སྐྱོད་རླུང་འཁོར་མང་པོ་བཀོལ་ཡོད་པ་རེད།

ཨ་རིའི་དབུས་དང་ས་གནས་གཉི་གའི་ཁྲིམས་ལུགས་ལྟར་ན། སྡོད་ཁང་དུ་སོ་མ་ར་ཙ་དུག་རྩྭ་བཏབས་ན་བྱ་སྤྱོད་དེ་ཁྲིམས་འགལ་ཡིན་པ་རེད།

གནས་ཚུལ་ནང་རྒྱ་ནག་ཧྥུ་ཅན་གྱི་རྒྱ་རིགས་ཡིན་པ་གླེང་བ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ཅི་ཡང་ཁ་གསལ་བཏོན་མེད་པས། རྒྱ་རིགས་དེ་དག་ཨ་རི་ན་ཡོད་པ་དང་ཡང་རྒྱ་ནག་ཧྥུ་ཅན་ན་ཡོད་པ་སོགས། དེ་བཞིན་སོ་མ་ར་ཙ་སྡོད་ཁང་དུ་བཏབས་པའི་རྒྱུད་རིམ་སོགས་གནས་ཚུལ་ལ་རྒྱུས་ལོན་ཐུབ་མེད།