ཨ་རྒྱའི་ཚོང་དམག་གི་རྒྱལ་ཕམ་གླེང་བ།

——ཨ་རྒྱའི་ཚོང་དམག་གི་ལེའུ་གསུམ་པ།

 

Screen Shot 2018-04-16 at 10.14.56.png
པར་གཞན་ནས་བཤུས།

དམག་འཁྲུག་གི་མཐའ་མའི་འབྲས་བུ་ནི་མཉམ་རྨས་མཉམ་ཕུང་གི་རྫ་མས་རྫ་མ་བཅག་པའི་དཔེ་ལས་མ་མཆིས་མོད། འོན་ཀྱང་། ཞིབ་ཏུ་དཔྱད་ན་སུ་རྒྱལ་སུ་ཕམ་གྱི་དབྱེ་བ་ཞིག་ཡོད་ངེས།

དམག་འཁྲུག་གང་ཞིག་ལས་རྣམ་པར་རྒྱལ་རྒྱུར་གཞི་རྩའི་ཆ་རྐྱེན་རིགས་ཚང་དགོས་མ་ཟད། གལ་ཆེ་ཤོས་ཤིག་ནི་རང་གཞན་གཉི་གས་ཚུལ་རྟོགས་རྒྱུ་དེ་ཡིན།  འབྲེལ་ཡོད་རིག་པ་བའི་དཔྱད་བརྗོད་ལ་གཞིགས་ན། ཞི་ཅིན་ཕེང་གི་དཔལ་འབྱོར་མདུན་ན་འདོན་གྱི་ཚོགས་སྡེའི་ཁྲོད་དོན་དམ་པའི་ཨ་རིའི་དཔལ་འབྱོར་སྒྲོམ་གཞི་དང་གནས་བབ་ལ་དངོས་སུ་རྒྱུས་མངའ་ཡོད་མཁན་མི་གཅིག་ཀྱང་མེད་པ་དང་། ཡོད་པ་ནི་ཨ་རིའི་སྐད་གྲགས་ཆེ་བའི་གཙུག་ལག་སློབ་ཆེན་ཧཱ་ཝར་ཊི་ལ་སོགས་ནས་དཔལ་འབྱོར་དང་ཁེ་ལས་སྐོར་ལ་སློབ་སྦྱོང་བྱས་ནས་མཐར་རམས་པ་མཐོ་པོ་ཐོབ་རྗེས་ཕྱིར་རྒྱ་ནག་ཏུ་ལོག་ནས་ཁེ་བཟང་ཁོག་ཤག་གི་གྲལ་དུ་ཚུད་པ་རྐྱང་རྐྱང་ཡིན་ཞིང་། དེ་ལས་ལྡོག་སྟེ་དགྲ་ནན་ཁྲོ་འབར་གྱི་དཔལ་འབྱོར་མདུན་ན་འདོན་གྱི་དབུ་ཁྲིད་སྐུ་ཞབས་ཕེ་ཊིར་ནཱ་ཝ་རོ་ཡི་དཔུང་ཁག་ན་རྒྱ་ནག་ཏུ་སྐྱེས་ཤིང་། རྒྱ་ནག་གི་དབུས་རིམ་པའི་ཁེ་ལས་ཁང་དང་དངུལ་ལོར་ཁྲོམ་རར་ཕྱག་ལས་ལོ་མང་རིང་གནང་མྱོང་མཁན་ཆེད་ལས་རིག་པ་བ་རྒྱ་རིགས ༢༢ ཡོད་པའི་ཁོངས་སུ་རྒྱ་ནག་སྐམ་སའི་མི ༡༧ དང། ཐེ་ཝན་པ ༤། ཧོང་ཀོང་བ ༡ བཅས་ཡོད་པ་དེ་དག་གིས་རྒྱ་ནག་པའི་བསམ་བློ་གཏོང་སྟངས་དང་། སྒོས་སུ་གུང་ཁྲན་གཞུང་གི་དཔོན་རིགས་ཚོས་དཔལ་འབྱོར་གྱིས་མཚོན་པའི་གནད་དོན་རིགས་ལ་གདོང་ལེན་བྱེད་སྟངས། དེ་བཞིན་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ལ་སོགས་པར་ལག་མཐིལ་གྱི་རི་མོ་ནང་བཞིན་གསལ་བོ་ཡིན། སྐུ་ཞབས་ནཱ་ཝ་རོ་ལགས་ནི༼   འཆི་བདག་རྒྱ་ནག༽   ཅེས་པའི་སྐད་གྲགས་ཆེ་བའི་དཔེ་དེབ་དེའི་རྩོམ་པ་པོ་ཡིན།

ཞི་དང་ཁྲོ་ཡི་ཉེ་འཁོར་གྱི་དཔལ་འབྱོར་ཐད་ཀྱི་མདུན་ན་འདོན་གྱི་དཔུང་ཁག་ལས་ཤེས་ཐུབ་པ་ཞིག་ནི། ཁྲོ་འབར་གྱིས་རང་གཞན་གཉི་ཀའི་ཚུལ་རྟོགས་ན། ལན་བརྒྱར་འཐབ་ཀྱང་ཕམ་མི་འགྱུར་གྱི་བཙན་ས་དེ་བཟུང་ཡོད།

ཨ་རྒྱའི་ཚོང་དམག་གི་གནས་བབ་དེ་ག་འདྲ་ཞིག་ཡིན་ཟེར་ན། དཔེར་མཚོན་ཙམ་དུ་བཞག་ན། ལོ་ངོ ༦༠འི་ཡར་སྔོན་གྱི་ཆབ་མདོའི་བོད་རྒྱའི་དམག་འཁྲུག་ལྟ་བུ་རེད། བོད་དམག་གིས་མྱེ་བོའུ་དང་གྲི་མདུང་བཟུང་ནས་དེང་རབས་མེ་མདའ་ཐོགས་པའི་རྒྱ་དམག་གི་གདོང་ལ་བུད་དུས་རྒྱལ་ཕམ་བཤད་མི་དགོས་བཤམས་ཡོད་པ་དེ་རེད། ཕྱི་ཚུལ་གྱི་ཆ་ནས་ལྷ་སའི་སྐུ་དྲག་ཚོའི་འཚོ་བ་ཉལ་ས་ནུབ་གླིང་གི་མཱ་ཊི་རེ་སི (mattress) འབོད་གདན་དང་། འཐུང་བྱ་རུ་རྒུན་ཆང་དམར་པོ། ཟས་སུ་ནུབ་གླིང་གི་སྤྲི་གོར(cake)སོགས་ཡོ་རོབ་དབྱིན་ཇི་དང་མཉམ་ཡོད་ཀྱང་། རྒྱ་དམག་གི་རྒྱག་ཐེངས་གཅིག་གི་སྣ་ཡང་རྟེན་མེད་པ་ལྟ་བུའི་གནས་སྟངས་དེ་རིང་ཨ་རྒྱའི་ཚོང་དམག་བར་བྱུང་སྲིད་པ་ཞིག་རེད།

དེ་ལྟར་བསམ་པར་གནས་ལུགས་མེད་པ་ཞིག་མིན་ཞིང་། གཞི་རྩའི་ཆ་ནས་ཨ་རིས་ཆ་རྐྱེན་གསུམ་ཁོ་ན་བཏོན་ཡོད། དང་པོ་དེ་ཨ་རི་ནས་རྒྱ་ནག་ཏུ་ནང་འདྲེན་རླངས་འཁོར་གྱི་སྒོ་ཁྲལ་ཇེ་དམར་གཏོང་རྒྱུ། ད་ལྟ་ཨ་རིས་རྒྱ་ནག་གི་རླངས་འཁོར་ལ་སྐོར་ཁྲལ ༢.༥ % མ་གཏོགས་ལེན་གྱིན་མེད་ལ། རྒྱ་ནག་གིས་ཨ་རིའི་རླངས་འཁོར་རིགས་ལ་སྒོ་ཁྲལ ༢༥ % ལེན་གྱིན་ཡོད་པས་ལྡབ་བཅུས་མཐོ། གཉིས་པ་ནི་དངུལ་ལོར་ཁྲོམ་ར་འཛམ་ཚོང་སྒྲིག་འཛུགས་ཀྱི་སྒྲིག་གཞི་ལྟར་སྒོ་འབྱེད་དགོས། ད་ལྟ་རྒྱ་ནག་གི་དངུལ་ལོར་ཁྲོམ་ར་ན་ཨ་རིའི་ཁེ་ལས་གཅིག་ཀྱང་མེད། གསུམ་པ་དེ་ཞབས་ཞུའི་ལས་རིགས་སྒོ་འབྱེད་དགོས་པ་བཅས་ཡིན།

ཧོའུ་ཝིན་དུས་རབས་སུ་གོ་སྐབས་ཡོད་ཚད་བརླག་ཟིན་པས། ཞི་ཅིན་ཕེང་གིས་དེ་རིང་ཧོབ་དེ་ཁ་ལ་རྒྱ་ནག་གིས་དངུལ་ལོར་ཁྲོམ་ར་སྒོ་འབྱེད་མི་ཕོད། རྒྱ་ནག་གི་དངུལ་ལོ་ཁྲོམ་ར་ཡོད་ཚད་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་རྒྱལ་གཉེར་ཁེ་ལས་ཁང་དག་གིས་སྒེར་གཅོད་བྱས་ཡོད་ལ། རྒྱ་ནག་གཞུང་གིས་དངུལ་ལོར་ཁྲོམ་ར་བརྒྱུད་ནས་རྒྱ་ནག་མི་དམངས་ཀྱི་མགོ་ནས་བཤུ་གཞོག་བླངས་ནས་དེ་ལ་བརྟེན་ནས་དབང་བསྒྱུར་བྱས་ཡོད་པས། བཤད་སྟངས་གཞན་ཞིག་གི་བཤད་ན། དངུལ་ལོར་ནི་རྒྱ་ནག་གུང་ཁྲན་གཞུང་གིས་མུ་མཐུད་ནས་རྒྱ་ནག་མི་དམངས་ལ་དབང་བསྒྱུར་བྱེད་ཐུབ་མིན་གྱི་སྲོག་རྩ་དེ་ཆགས་ཡོད།

ཚོང་ལས་ཧེ་བག་གི་ཆ་ནས་བཤད་ན། ༢༠༡༧ལོའི་ཨ་རྒྱའི་ཚོང་ལས་བར་གྱི་ཧེ་བག་ནི ༨༨.༨  % ཡིན་པ་དང་། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི ༧༥  % ཨ་རི་དང་མཉམ་དུ་ཚོང་ལས་བརྒྱུད་ནས་བྱུང་ཡོད། རྒྱ་ནག་རང་ཉིད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ ༢༥  % མ་གཏོགས་ནུས་པ་ཐོན་མེད་པས། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྟེན་ས་གཙོ་བོ་དེ་ཨ་མེ་རི་ཀར་དངོས་ཟོག་ཕྱི་འཚོང་བྱ་རྒྱུར་ཐད་ཀར་རག་ལས་ཡོད། གལ་ཏེ་རྒྱ་ནག་གིས་ཨ་རིར་དངོས་ཟོག་སྔོན་ཆད་ལྟར་འཚོང་མ་ཐུབ་ཚེ། རྒྱ་ནག་དཔལ་འབྱོར་ལམ་སང ༧༥  %མར་ཆག་སྲིད་པ་རེད།

ཨ་རྒྱའི་དཔལ་འབྱོར་དང་ཚོང་དམག་གླེང་ཡོང་དུས། མི་མང་པོ་ཞིག་གིས་རྒྱ་ནག་ནི་ཨ་རིའི་རྒྱལ་བུན་ཉོ་མཁན་ཆེ་ཤོས་དང་རྒྱ་ནག་གི་ལག་ན་ཨ་རིའི་རྒྱལ་བུན་འབོར་ཆེན་ཞིག་ཡོད་པས། གལ་ཏེ་རྒྱ་ནག་གིས་ཨ་རིའི་རྒྱལ་བུན་དེ་ཕྱིར་སྤྲད་ཚེ་ཨ་རི་ལ་གདོང་ལེན་བྱ་ཐབས་མེད་པར་འདོད་ཡོད། དེ་རྒྱལ་བུན་གྱི་རྒྱུ་མཚན་མ་ཤེས་པས་ཡིན། ད་བར་དུ་རྒྱ་ནག་གིས་ཨ་རིའི་རྒྱལ་བུན་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གཉིས༼   ༡༡༨༩༢༠༠༠༠༠༠༠༠༽   ཙམ་ཉོས་ཡོད་པ་དང་། རྒྱ་ནག་ནི་ཨ་རིའི་རྒྱལ་བུན་ཉོ་མཁན་དང་ཉར་མཁན་ཨང་དང་པོའི་རྒྱལ་ཁབ་དེ་ཡིན། ཡིན་ན་ཡང་། རྒྱལ་བུན་ཟེར་བ་དེ་མི་དང་མིའི་བར་དང་དངུལ་ཁང་དང་མི་སྒེར་བར་གྱི་བུན་ལོན་ལྟ་བུ་ཞིག་གཏན་ནས་མིན། རྒྱ་ནག་གིས་ཨ་རིའི་རྒྱལ་བུན་ཉོས་ཚར་ཡོད་དུས། ད་ནས་བཟུང་ཉོ་རྒྱུ་མིན་ཟེར་ཆོག་ཀྱང་། ཉོས་ཟིན་པའི་རྒྱལ་བུན་ཕྱིར་ཁྱེད་ལ་སྟེར། ཁྱེད་ཀྱིས་ང་ལ་སྒོར་མོ་བྱིན་ཟེར་ས་ཡེ་ནས་མེད། རྒྱ་ནག་གིས་ཨ་རིའི་རྒྱལ་བུན་བཙོང་བསམ་ན། རྒྱལ་སྤྱིའི་དངུལ་ལོར་ཁྲོམ་རར་སོང་ནས་བཙོང་དགོས་པ་ལས་ཕྱིར་ཨ་རི་ལ་སྤྲད་ས་ཞིག་མེད། གལ་ཏེ་རྒྱ་ནག་གིས་ཨ་རིའི་རྒྱལ་བུན་བཙོང་འདོད་ཡོད་པའི་དབང་དུ་སོང་ཡང་། དེ་ལྟ་བུའི་རྒྱལ་བུན་འབོར་ཆེན་ཞིག་ཉོ་ཐུབ་མཁན་གོ་ལའི་སྟེང་ན་མེད། རྒྱ་ནག་གིས་རྒྱལ་བུན་གྱི་རིན་གོང་བཅག་ནས་བཙོང་ཚེ་རྒྱ་ནག་རང་ཉིད་ལ་གྱོང་ཆེན་པོ་རག་ངེས་ཡིན་པས་དེ་ཡང་ཕལ་ཆེར་བྱེད་མི་སྲིད།

གལ་སྲིད་རྒྱ་ནག་གིས་རང་ཉིད་ལ་གྱོང་རེག་མིན་ལ་མ་ལྟོས་པར་ཨ་རིའི་རྒྱལ་བུན་གཞི་རྒྱ་ཆེན་པོས་བཙོང་ཚེ། བུན་བདག་ཨ་རི་དང་བུན་ལེན་པ་རྒྱ་ནག་གཉིས་ཀར་གནོད་འཚེ་ཐེབས་རྒྱུ་མ་ཟད། འཛམ་གླིང་ཧྲིལ་བོའི་དཔལ་འབྱོར་ལའང་གནོད་འཚེ་ཚབས་ཆེན་ཕོག་ངེས་ཡིན། དེ་འདྲའི་མཇུག་འབྲས་ནི་སུས་ཀྱང་མི་འདོད་པའི་གནས་ཡིན་ན། ཚད་ལྡན་གྱི་རྒྱལ་ཁབ་ཅིག་ཡིན་ན་དེ་ལ་བསམ་བློ་གཏོང་ངེས་ཡིན་མོད། འོན་ཀྱང་། རང་དོན་འབའ་ཞིག་ལས་འགན་ཁུར་ལེན་གྱི་འདུ་ཤེས་རྒྱུད་ན་མེད་ཅིང་འཛམ་གླིང་སྤྱི་བོའི་འགྲོ་ལུགས་འགྲིམ་སྟངས་ལ་གཏོར་བརླག་རྐྱང་རྐྱང་བྱས་ནས་གནས་ཐབས་བྱས་པའི་རྒྱ་ནག་གུང་ཁྲན་གཞུང་དེ་འདྲའི་ཉེན་ཁར་འགྲོ་མི་སྲིད་པ་མིན།

སྤྱི་ཟླ ༣ པའི་ཚེས ༢༣ ཉིན། ཨ་རིས་རྒྱ་ནག་ནས་ནང་འདྲེན་དངོས་ཟོག་ཁག་ཅིག་གི་སྒོ་ཁྲལ་འཕར་འཆར་ཡོད་པའི་གསལ་བསྒྲགས་སྤེལ་བ་ནས། རྒྱ་ནག་ཕྱོགས་ནས་ཧ་ཅང་དྲག་ཧྲེག་གི་རྣམ་འགྱུར་བཏོན་ནས། དགྲ་ལ་དགྲ་ལན། ཀི་ལ་ཀི་ལན་སྤྲོད་རྒྱུ་ཡིན་ཚུལ་ངར་གྱི་བསྒྲགས་ནས་གདོང་ལེན་མཐར་འཁྱོལ་བྱེད་རྒྱུའི་ཆོད་སེམས་བཏོན་ཡོད།

ཡིན་ན་ཡང་། རྒྱ་ནག་གི་་་ཀི་་་རྫོགས་ཟིན་པས་་་ཀི་ལན་་་ཇི་ལྟར་སྤྲོད་རྒྱུ་ཡིན་ནམ།

གཤམ་དུ་ཨ་རི་དང་རྒྱ་ནག་གི་ནང་འདྲེན་དང་ཕྱི་འཚོང་གི་ཧེ་བག་ལ་ཐེངས་ཤིག་གཟིགས་དང་དེ་ནས་གསལ་བོ་ཆགས་ཡོང་།
ཨ་རིས་རྒྱ་ནག་ནས་ལོ་རེ་རེར་ཨ་སྒོར་ཁྲག་ཁྲིག་ལྔ་དང་ཐེར་འབུམ་དྲུག༼   ༥༠༦༠༠༠༠༠༠༠༠༠༽  གི་དངོས་ཟོག་ནང་འདྲེན་བྱེད་ཀྱིན་ཡོད་པ་དང་།  རྒྱ་ནག་གིས་ཨ་རི་ནས་ལོ་རེ་རེར་ཨ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་འབུམ་ཆེ་མོ་གསུམ་ཐེར་འབུམ་གཅིག༼   ༡༣༡༠༠༠༠༠༠༠༠༠༽   གི་དངོས་ཟོག་ནང་འདྲེན་བྱེད་ཀྱིན་ཡོད། ཨ་རྒྱའི་དབར་ཕྱི་འཚོང་དང་ནང་འདྲེན་གྱི་ཧེ་བག་ནི་ཨ་སྒོར་ཁྲག་ཁྲིག་གསུམ་དང་ཐེར་འབུམ་ཆེ་མོ་བདུན་ཐེར་འབུམ་ལྔ༼   ༣༧༥༠༠༠༠༠༠༠༠༠༽   ཡིན། བསྡུར་ཆ་བྱས་ན་བཞི་ཆའི་གཅིག་ལྷག་ཡིན།

ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་མཆོག་གིས་སྔ་རྗེས་སུ་རྒྱ་ནག་ནས་ནང་འདྲེན་ཚན་རྩལ་མཐོ་གྲས་དངོས་ཟོག་སྐོར་ཞིག་ལ་སྒོ་ཁྲལ་འཕར་རྒྱུའི་གསལ་བསྒྲགས་ཐེངས་གཉིས་ལ་སྤེལ་པར། རྒྱ་ནག་གིས་་་ཀི་ལ་ཀི་ལན་་་དང་་་འདྲ་མཚུངས་རྩ་དོན་་་འོག་གདོང་ལེན་མཐའ་འཁྱོལ་བྱེད་རྒྱུ་ཡིན་ལུགས་ཀྱི་དམ་བཅའ་དང་ཆབས་ཅིག་ཨ་རི་ནས་རྒྱ་ནག་ནང་ནང་འདྲེན་བྱས་པའི་སྲན་མ་དང་ཕག་ཤ་ལ་སོགས་གཞི་རིམ་མང་ཚོགས་དང་ཐད་ཀར་འབྲེལ་བ་ཆགས་པའི་དངོས་ཟོག་སྐོར་ཞིག་ལ་སྒོ་ཁྲལ་འཕར་རྒྱུའི་མིང་ཐོ་གསལ་བསྒྲགས་བྱས་ཡོད་པ་དང་། རྒྱ་ནག་གིས་སྔ་རྗེས་སུ་རིན་དོད་ཨ་སྒོར་ཐེར་འབུམ་ཆེ་མོ་ལྔ་དང་ཐེར་འབུམ་གསུམ་གྱི་ཨ་རིའི་དངོས་ཟོག་ལ་སྒོ་ཁྲལ་འཕར་རྒྱུ་ཡིན་ལུགས་བསྒྲགས་པ་རེད།

དེ་ནས་ཉིན་གཉིས་ཀྱི་རྗེས་སུ། རྒྱ་ནག་གི་རྣམ་འགྱུར་དང་ཨ་ལན་སློག་སྟངས་ལ་གཞིགས་ནས། ཨ་རིའི་སྲིད་འཛིན་ཁྲོ་འབར་མཆོག་གིས་རྒྱ་ནག་ནས་ནང་འདྲེན་དངོས་ཟོག་ལ་ཨ་སྒོ་ཁྲག་ཁྲིག་གཅིག་གི་སྒོ་ཁྲལ་འཕར་རྒྱུར་གྲ་སྒྲིག་བྱོས་ཞེས་བཀའ་ཕབ་དུས། ཞི་ཅིན་ཕེང་དགུན་ཁའི་ཁུ་བྱུག་ནང་བཞིན་གྲགས་མེད་སེ་སོང་བ་རེད།

Screen Shot 2018-04-16 at 12.24.04.png
པར་གཞན་ནས་བཤུས།

ཞི་ཅིན་ཕེང་གིས་ནོར་འཁྲུལ་ཆེན་པོ་ཞིག་བཟོས་པ་རེད། ཞི་ཅིན་ཕེང་གིས་ངར་མདོག་མདོག་དང་ཆོད་སེམས་ཡོད་མདོག་མདོག་བྱེད་དོན་ནི། ཁོང་ཚོས་ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱི་ཆོད་སེམས་ལ་དོགས་པ་ཟོས་པས་རེད། ཁྲོ་འབར་གྱིས་སྒོ་ཁྲལ་ཁྲག་ཁྲིག་གཅིག་ལ་གྲ་སྒྲིག་བྱོས་ཞེས་བཀའ་ཕབ་དུས། རྒྱ་ནག་གིས་ད་གཟོད་རང་ཉིད་ཀྱི་ཚོད་དཔག་ལ་ནོར་འཁྲུལ་ཐེབས་པ་དང་། ཁྲོ་འབར་གྱི་ཆོད་སེམས་དེ་བརྟན་པོ་བྲག་རི་འདྲ་བ་ཞིག་ཡིན་པ་གཞི་ནས་ཤེས་ཚོར་བྱུང་། དོན་ངོ་མའི་བཤད་ན། རྒྱ་ནག་གི་་་ཀི་་་རྫོགས་ཟིན་པ་རེད། རྒྱ་ནག་གི་་་འདྲ་མཚུངས་རྩ་དོན་་་ལྟར་ན། ཁྲོ་འབར་གྱི་རྒྱ་ནག་ནས་ནང་འདྲེན་དངོས་ཟོག་ལ་ཨ་སྒོར་ཁྲག་ཁྲིག་གཅིག་གི་སྒོ་ཁྲལ་འཕར་རྒྱུའི་་་ཀི་་་ལ། རྒྱ་ནག་ལ་་་ཀི་ལན་་་གྱིས་འདང་གིན་མེད། གོང་དུ་ཞུས་པ་ལྟར། ལོ་རེ་རེར་རྒྱ་ནག་གིས་ཨ་རི་ནས་དངོས་ཟོག་ཁྲག་ཁྲིག་གཅིག་དང་ཐེར་འབུམ་ཆེ་མོ་གསུམ་ཐེར་འབུམ་གཅིག་མ་གཏོགས་ནང་འདྲེན་བྱེད་ཀྱིན་མེད་པས། རྒྱ་ནག་གིས་སྔ་རྗེས་སུ་ཐེར་འབུམ་ཆེ་མོ་ལྔ་དང་ཐེར་འབུམ་གསུམ་གྱི་་་ཀི་་་བརྒྱབས་ཟིན་ན། ཤུལ་ན་བསྡོམས་པའི་ཁྲག་ཁྲག་གཅིག་མེད་ན་་་ཀི་ལན་་་རྒྱག་བསམ་ཡང་་་ཀི་་་མེད་པ་ཆགས་པ་རེད། དེ་འདྲའི་ཅི་བྱ་བརྟོལ་མེད་ཀྱི་གནས་སྟངས་ཤར་དུས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་ཟླ་བཞི་པའི་ཚེས་བཅུའི་ཉིན། རྒྱ་ནག་ཧེ་ནན་གླང་ཕྲན་དུ་བསྐོངས་པའི་པའོ་ཨོ་གླེང་སྟེགས་སུ་ཁས་ལེན་བཞི་བྱས་པ་མ་ཟད། ལྷག་བསམ་སྟོན་ཆེད་དེ་དག་སྔ་ན་བཟང་བ་ལས་ཕྱི་ན་མི་ལེགས། མགྱོགས་ན་བཟང་བ་ལས་དལ་ན་མི་ལེགས་ཞེས་བརྗོད་ཡོད་པ་རེད།

ཞི་ཅིན་ཕེང་གིས་ཁས་ལེན་བཞི་བྱས་མ་ཐག་ཨ་རིའི་སྲིད་འཛིན་མཆོག་གིས་དེ་ལ་དགའ་བསུ་བྱས་ཡོད་མོད། འོན་ཀྱང་། དགའ་བསུ་དང་ཆབས་ཅིག དགྲ་ནོན་ཁྲོ་འབར་མཆོག་གིས་སྲིད་འཛིན་གྱི་གསེར་ཁྲིར་མངའ་གསོལ་གྱི་ཉི་མ་དེ་གར། གང་གིས་སྲིད་འཛིན་འོས་འདེམས་སྐབས་ཁས་བླངས་པའི་དོན་བྱ་ཁག་ལག་ལེན་དུ་བསྟར་རྒྱུ་ཡིན་པ་མཚོན་ཆེདTPPཞེས་པའི་ཞི་བདེ་རྒྱ་མཚོའི་རྒྱུད་ཀྱི་མཐུན་གྲོགས་འབྲེལ་ལམ་ནས་ཟུར་དུ་བུད་པ་རེད། ཡིན་ན་ཡང་ལོ་གཅིག་གི་རྗེས་སུ་དགོས་དབང་གང་ཞིག་ལ་གཞིགས་པ་བཤད་དཀའ་ཡང་། ཨ་རིའི་སྲིད་འཛིན་མཆོག་གིས་ཡང་བསྐྱར་ཞི་བདེ་རྒྱ་མཚོའི་རྒྱུད་ཀྱི་མཐུན་གྲོགས་འབྲེལ་ལམ་ནང་ཞུགས་རྒྱུར་ཞིབ་འཇུག་བྱེད་མུས་སུ་ཡོད་ལུགས་གསལ་བསྒྲགས་བྱས་འདུག ཁྲོ་འབར་གྱི་ལྟ་བ་ལ་འགྱུར་བ་ཐེབས་པར་རྒྱུ་མཚན་མང་པོ་ཡོད་སྲིད་ཀྱང་། གསལ་བོར་བཤད་ཐུབ་པ་ཞིག་ནི། ཞི་ཅིན་ཕེང་གིས་པའོ་ཨོ་གླེང་སྟེགས་སུ་བསྒྲགས་པའི་ཁས་ལེན་བཞི་ཡིས་ཁྲོ་འབར་གྱི་ཡིད་མ་ཚིམ་པ་དང་མགུ་མ་གང་བའི་མཚོན་རྟགས་ཤིག་ཡིན།

ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱི་མི་ཚེ་ཧྲིལ་བོ་ཚོང་ལས་ཁྲོད་བསྐྱལ་ཡོད་པས། ཚོང་པ་ཞིག་ལ་མཚོན་ན་གལ་ཆེ་ཤོས་དེ་ཡིད་ཆེས་དང་ཡིད་རྟོན་ཡིན་ལ། རྒྱ་ནག་གིས་གནའ་ནས་ད་བར་དུ་རྒྱ་ནག་པའི་མགོ་བདེ་བོ་རིག་གཞུང་སྤྱད་ནས་ཁེ་བཟང་ལེན་ཐབས་འབའ་ཞིག་གི་ཆེད་དུ་འབད་པའི་འགྲོས་དང་མཉམ་དུ། ནུབ་གླིང་བའི་མཐོང་སྣང་དུ་རྒྱ་ནག་ནི་ཡིད་ཆེས་དང་ཡིད་རྟོན་མི་རུང་བའི་གཡོ་སྒྱུར་ཁྲམ་གསུམ་ལ་རྟེན་པའི་མི་རིགས་ཤིག་ཏུ་ངོས་འཛིན་བྱས་ཡོད་པས། མིག་མཐོང་ལག་ཟིན་གྱི་གནས་སྟངས་ཤིག་མ་ཤར་བའི་གོང་དུ་ཁྲོ་འབར་གྱིས་ཞི་ཅིན་ཕེང་ལ་ཡིད་ཆེས་བྱེད་མི་སྲིད། གནའ་མི་བོད་ཀྱི་ཁ་དཔེ་ལ། ཐེངས་གཅིག་ལ་འཁྲུལ་ན་སྐྱོན་མིན། ཐེངས་གཉིས་ལ་ནོར་ན་སྐྱོན་ཡིན། ཞེས་པ་ཇི་བཞིན། ཨ་རིའི་དེ་སྔ་ལོ་མང་རིང་རྒྱ་ནག་གི་ཁས་ལེན་ལ་ཡིད་ཆེས་བྱས་ནས་དོན་གྱི་འགྱུར་བ་ཞིག་ལ་རེ་ལྟོས་བྱས་ཡོད། ལོ་ངོ ༢༠ ཙམ་རྗེས་སུ་རྒྱ་ནག་གིས་ད་དུང་ཡང་དང་ཐོག་གི་ཁས་ལེན་བྱས་པ་རིགས་གཅིག་ཀྱང་ལག་ལེན་དུ་བསྟར་མེད་པ་མ་ཟད་། ད་དུང་མུ་མཐུད་གཡོ་ཟོལ་གྱིས་ཐར་ཐབས་བྱེད་འདོད་ཡོད་པའི་ཁར། བདེན་པ་དང་ཡིད་ཆེས་ཀྱི་བདག་པོ་ནུབ་གླིང་བ་དག་བླུན་པོ་རུ་ངོས་འཛིན་གྱིས་འཕྱ་དམོད་བྱེད་ཀྱིན་ཡོད་པས། ཁྲོ་འབར་གྱིས་ཞི་ཅིན་ཕེང་གི་ཁ་བཤད་ཙམ་ལ་ཡིད་ཆེས་བྱེད་མི་སྲིད་ལ། ཁྲོ་འབར་གྱི་དཔལ་འབྱོར་མདུན་ན་འདོན་གྱི་དཔུང་སྡེས་དེ་བས་ཀྱང་ཡིད་ཆེས་བྱེད་མི་སྲིད།

ཡི་གེ་འདི་མགོ་བརྩམས་མ་ཐག་ཞུས་རྒྱུ་བྱུང་བ་ནང་བཞིན་ཕོ་ངན་ཚིག་ལ་དགོས་དབང་གིས་ཉིས་བཤད་ཅིག་བྱས་ན། དམག་འཁྲུག་གི་མཐའ་མའི་འབྲས་བུ་ནི་མཉམ་རྨས་མཉམ་ཕུང་གི་རྫ་མས་རྫ་མ་བཅག་པའི་དཔེ་ལས་མ་མཆིས། ཡིན་ན་ཡང་གོང་ཞུས་དངོས་ཟོག་ནང་འདྲེན་གྱི་གྲངས་ཁ་གཅིག་པུ་ལས་ཤེས་ཐུབ་པ་ཞིག་ནི་ཞི་ཅིན་ཕེང་ལ་་་ཀི་ལ་ཀི་ལན་་་མང་པོ་མེད་པས། གལ་ཏེ་ཀུན་སྤྱོད་རང་བཞིན་དང་གནས་ལུགས་ཀྱི་ཚོང་དམག་བརྒྱབ་ཚེ། སུ་རྒྱལ་སུ་ཕམ་དེ་གསལ་བོ་ཆགས་ཟིན་པ་རེད།

ཡིན་ན་ཡང་ཚོང་དམག་གི་ཁྱབ་ཁོངས་ལས་བརྒལ་དེ་དངུལ་ལོར་དང་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་ཁེ་ལས་ཁང་། དེ་བཞིན་ཐེ་ཝན་གྱི་གནད་དོན་སོགས་དང་འབྲེལ་ཚེ། དེ་དོན་དག་ཁ་ཁ་ཡིན་པས། ཁ་ཁར་བལྟ་དགོས།

Advertisements

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

w

Connecting to %s