དམིགས་མེད་ཀྱི་ཚོང་དམག་ཅིག་ག་ལ་ཡིན།

——ཨ་རྒྱའི་ཚོང་དམག་ལེའུ་བཞི་བ།

Screen Shot 2018-05-06 at 10.37.58.png
པར་གཞན་ནས་བཤུས།

ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱིས་རྒྱ་ནག་ལ་ཉེས་ཆད་རང་བཞིན་གྱི་སྒོ་ཁྲལ་བཀལ་བ་དེ་གནས་ལུགས་དང་མཐུན་ཞིང་རྒྱུ་མཚན་དང་ལྡན་པ་ཞིག་ཡིན། རྒྱུ་མཚན་ནི་ཚོང་དམག་གི་སྲོལ་ངན་ཐོག་མར་བཏོད་མཁན་བྱེད་གཏེ་ནི་རྒྱ་ནག་ཏང་གཞུང་ཡིན་པ་ལས་ཨ་རི་མིན།

༢༠༠༡ལོར་རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་སུ་ཞུགས་པའི་ཉིན་མོ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་སྤྱོད་ངན་ཀུན་འཛོམས་དང་གཡོ་སྒྱུ་ཁྲམ་གསུམ་གྱིས་ཀུན་ནས་འབགས་པའི་དཔལ་འབྱོར་གྲོགས་ངན་ཞིག་བྱུང་སྟེ། མགོ་བདེ་བོའི་ཁར་གཡོ་ཁྲམ་བསྣན་པའི་རྣམ་པས་སྒྲིག་སྲོལ་གྱི་བར་སྲུབས་སུ་འཛུལ་ཐབས་བྱས་པ་བརྒྱུད་དལ་བ་དལ་བས་རྒྱལ་སྤྱིའི་དཔལ་འབྱོར་ལམ་སྲོལ་ལ་འགྱུར་བ་གཏོང་རྩིས་བྱས་པ་རེད། ལྟོས་ས་ལྟོས་ཆོས་སུ་སྐྱོན་ཀུན་བྲལ་མིན་ཡང་འཛོམས་དགོས་པའི་ཡོན་ཏན་རིགས་ཚང་བའི་ཚོང་ལས་དགེ་མཚན་དང་དཔྱད་བསྡུར་གཞུང་ལུགས་ཆ་འཇོག་གིས་ཚུགས་པའི་འཛམ་གླིང་ཚོང་དོན་སྒྲིག་འཛུགས་རང་སྟེང་ན་རྒྱ་ནག་གིས་བསམ་བཞིན་དུ་འཛམ་ཚོང་སྒྲིག་འཛུགས་ཀྱི་སྒྲིག་སྲོལ་རྡོག་བརྫིས་བཏང་བའི་སྤྱོད་ངན་ལ་ཉེས་ཆད་གཅོད་པའི་ནུས་པ་ནི་མི་ལྡན་ནོ།  

ཁྲོ་འབར་གྱི་སྔོན་དུ། ཨ་རིའི་སྲིད་འཛིན་ཟུར་བ་བྷུ་ཞི་དང་ཨོ་བྷ་མས་ཀྱང་རྒྱ་ནག་ལ་ཚོང་དམག་རྒྱག་རྒྱུ་ཡིན་རབས་བཤད་ཀྱང་། མཐའ་མར་ཚོང་ལས་སྡེ་ཁག་དང་རྒྱ་དགའ་ཤོག་ཁག་གིས་ཁ་པ་རབ་དང་རིམ་པ་བྱས་ནས་མཐར་ཁ་བཤད་ཙམ་ལས་ཞིབ་འཇུག་གཏིང་ལོན་དང་བརྟག་དཔྱད་མཐར་ཕྱིན་ཞིག་བྱེད་མ་ཐུབ་པར་འབྲུག་འདྲ་ཞིག་གྲགས་ནས་སྦྲུལ་འདྲ་ཞིག་ཞི་བའི་དཔེ་རུ་སོང་བ་རེད།

སྲིད་འཛིན་ཁྲོ་འབར་གྱིས་སྤྱི་ཟླ ༣ པའི་ཚེས ༢༣ ཉིན་རྒྱ་ནག་གི་དཔལ་འབྱོར་བཙན་འཛུལ་ལ་དཔག་པའི་གྲོས་ཆོད་ཡིག་ཆེར་རྟགས་བཙུགས་རྗེས་གནང་བའི་གསུང་བཤད་སྐབས། རྒྱ་ནག་ལ་ཚོང་དམག་རྒྱག་རྒྱུའི་རྟ་གོན་ལ་མ་ཞུགས་རང་ཞུགས་ཆགས་པ་དང་། དེ་བཞིན་དེ་ནི་གང་གིས་སྲིད་འཛིན་འགྲན་རྩོད་སྐབས་ཁས་བླངས་པའི “རླབས་ཆེན་གྱི་ཨ་མེ་རི་ཀ་བསྐྱར་བཞེངས ” བྱ་རྒྱུའི་དམ་བཅའ་ལག་ལེན་དུ་བསྟར་བ་ཡིན་ཞེས་གསུངས་ཡོད་པ་བཞིན། ཁྲོ་འབར་གྱི་དགོངས་པར་འཛམ་གླིང་ཧྲིལ་བོའི་ཐོན་སྐྱེད་ནུས་པ་མང་དྲགས་ནས་ལྷག་མ་འབོར་ཆེན་བྱུང་བའི་གནས་སྟངས་དང་ཚོང་ལས་འདྲ་མཉམ་མ་ཡིན་པའི་བྱ་སྤྱོད་ཀྱིས་ཨ་མེ་རི་ཀའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་ཚབས་ཆེན་ཐེབས་ཀྱིན་ཡོད་པས། ཨ་མེ་རི་ཀས་འདྲ་མཉམ་དང་གཉིས་ཕན་གྱི་ཚོང་ལས་ཁོར་ཡུག་ཅིག་འཛུགས་སྐྲུན་བྱ་སླད། སྲོལ་ངན་སྤྱོད་ངན་རིགས་མཐའ་དག་གི་འབྱུང་རྩ་རྒྱ་ནག་ལ་ཉེས་ཆད་རང་བཞིན་གྱི་སྒོ་ཁྲལ་བཀལ་བའི་ཆོད་སེམས་ལས་ཁོང་གིས་ཨ་རིའི་མ་འོངས་པའི་ཁེ་ཕན་ལ་དམིགས་ཡོད་པ་ས་རིས་ཐང་གསལ་ཡིན།
རྒྱ་གཞུང་གི་མཐོ་རིམ་དཔོན་ངན་སྐོར་ཞིག་གིས་ཁྲོ་འབར་གྱིས་རྟགས་བཙུགས་པའི་གྲོས་ཆོད་ཡིག་ཆ་དེ་ནི་གྲོས་མོལ་ལ་གཞིགས་པའི་རབ་འདེགས་ཐབས་ཇུས་ཤིག་ཡིན་ནམ། ཡང་ན་ཚོང་དམག་ངོ་མ་ཞིག་རྒྱག་འདོད་ཡིན་ནམ། ཞེས་བློ་དོགས་སྐྱེས་ཡོད། རིག་པ་བས་དཔྱད་ཞིབ་ལ་གཞིགས་ན། ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱིས་བློ་གཅིག་སེམས་གཅིག་དང་བློ་ཐག་རྦད་ཆོད་ངང་ཐབས་ཇུས་ཀྱི་གོ་རིམ་ལྡན་ཞིང་དམིགས་འབེན་གཙོ་བོ་ཞིག་ནི་རྒྱ་ནག་བཞག་པའི་ཚོང་དམག་ཅིག་རྒྱག་འདོད་ཡོད་པ་གསལ་བོ་ཆགས་ཡོད་ལ། དམིགས་འབེན་ནི ༢༠༡༥ལོའི་ཟླ ༣ པའི་ཚེས ༥ཉིན། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་གིས་སྐབས་བཅུ་གཉིས་པའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་སྟེང་སྲིད་གཞུང་གི་སྙན་ཐོ་སྙན་སྒྲོན་ཞུ་སྐབས་གླེང་བའི༼རྒྱ་ནག་གི་བཟོ་སྐྲུན ༢༠༢༥༽ཞེས་པའི་འཆར་གཞི་དེ་ཡིན་ཞིང་། ༼རྒྱ་ནག་གི་བཟོ་སྐྲུན ༢༠༢༥༽ཟེར་བ་དེ་ནི་རྒྱ་ནག་དེ་བཟོ་སྐྲུན་བཟོ་གྲྭ་ནས་བཟོ་སྐྲུན་སྟོབས་ཆེན་རྒྱལ་ཁབ་ཏུ་རིམ་འཕར་བྱ་རྒྱུའི་རྒྱ་ནག་གཞུང་གི་འཐབ་ཇུས་ཀྱི་ལོ་བཅུ་དང་པོའི་སྤྱོད་ལམ་རྩ་འཛིན་ཡིན་ཞིང་། ཨ་རིའི་ཚོང་དམག་གི་དམིགས་འབེན་དེ་རྒྱ་ནག་གི ༼ རྒྱ་ནག་གི་བཟོ་སྐྲུན ༢༠༢༥༽ཞེས་པའི་སྤྱོད་ལམ་རྩ་འཛིན་དེའི་ཁྲོད་གཏན་འབེབས་བྱས་པའི་གནད་འགག་ཆེ་བའི་འཐབ་ཇུས་ཁྱབ་ཁོངས་ཡིན་པ་རེད།

ཚོང་ལས་ཁྲོད་མི་ཚེ་བསྐྱལ་བའི་ཁྲོ་འབར་གྱིས་དམིགས་འབེན་མེད་པའི་ཚོང་དམག་ཅིག་རྒྱག་ག་ལ་སྲིད། ཚོང་དམག་གི་དམིགས་ཡུལ་ཐད་ཁྱབ་ཆེ་ཆུང་གཉིས་སུ་དབྱེ་ཆོག་པར་འདོད། ཁྱབ་ཆུང་ས་ནས་བཤད་ན་ཨ་རིའི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་དང་འཛམ་གླིང་སྤྱིའི་ཚོང་ལས་འདྲ་མཉམ་དང་གཉིས་ཕན་ཡོང་ཆེད་ཡིན་པ་དང་། ཁྱབ་ཆེ་ས་ནས་བཤད་ན།  དུས་རབས་ཉེར་གཅིག་པའི་དབུ་ཁྲིད་སུ་བྱེད་རྒྱུར་ཐུག་པའི་ཚན་རིག་ལག་རྩལ་གྱི་གྲང་དམག་ཅིག་ཡིན།

རྒྱ་ནག་གཞུང་འབྲེལ་སྨྱན་བྱེད་རིགས་ཀྱིས་གལ་ཏེ་ཨ་རིས་རྒྱ་ནག་ནས་ནང་འདྲེན་ཚོང་ཟོག་རིགས་ཀྱི་སྒོ་ཁྲལ་འཕར་ཚེ་རྒྱ་ནག་གི་འཛད་སྤྱོད་པར་གནོད་པ་ཆེ་ལུགས་དྲིལ་བསྒྲགས་བྱེད་ཀྱིན་ཡོད་མོད། འོན་ཀྱང་། གལ་ཏེ་རྒྱ་ནག་གཞུང་གིས་འཛམ་ཚོང་སྒྲིག་འཛུགས་ཀྱི་སྒྲིག་གཞི་དག་མིང་དོན་མཚུངས་པའི་ལག་བསྟར་བྱས་ན་ཁེ་ཕན་ཆེ་ཤོས་རེག་མཁན་དེ་རྒྱ་ནག་གི་འཛད་སྤྱོད་པའམ་རྒྱ་ནག་གི་གཞི་རིམ་མང་ཚོགས་དཀྱུས་མ་ཚོ་ཡིན། ཡིན་ན་ཡང་། རྒྱ་ནག་གིས་མི་རིགས་རིང་ལུགས་ཀྱི་བློ་བག་བེད་སྤྱོད་གཏོང་ཆེད། དེ་ལྟར་ལོག་བཤད་དང་མགོ་གཡོག་མགོ་སྐོར་བཞིན་ཡོད་པ་རེད།
ཀུན་པོས་ཤེས་གསལ་ལྟར། ཨ་རིའི་དངོས་ཟོག་རིགས་རྒྱ་ནག་ནང་དུ་རིན་གོང་ཧ་ཅང་མཐོ་ཞིང་། ལྷག་པར་དུ་རླངས་འཁོར་སོགས་རྒྱས་སྤྲོས་ཆེ་བའི་བཅའ་དངོས་རིགས་དེ་བས་ཀྱང་ངོ།

འོ་ན་ཨ་རིའི་མཚོན་པའི་ནུབ་གླིང་གི་བཅའ་དངོས་རིགས་ཅིའི་ཕྱིར་རྒྱ་ནག་ནང་དེ་འདྲའི་རིན་གོང་མཐོན་པོ་ཆགས་པ་ཡིན་ནམ་ཞེ་ན། རྒྱ་ནག་གཞུང་གིས་སྒོ་ཁྲལ་དང་ས་གནས་རིམ་པ་སོ་སོའི་དཔྱ་ཁྲལ་མཐོ་དྲགས་པས་དེ་འདྲ་ཆགས་པ་རྒྱུ་མཚན་གཙོ་བོ་དེ་ཡིན་ལ། ཨ་རིའི་སྒོར་མོའི་འཛའ་ཐང་ལའང་རག་ལས་ཡོད།  རླངས་འཁོར་ལ་ཆ་བཞག་ན། སྒོ་ཁྲལ་གཅིག་པུ་བརྒྱ་ཆའི ༢༥ ལེན་གྱིན་ཡོད་པ་དང་། ཉེ་ལམ་རྒྱ་ནག་གི་གསལ་བསྒྲགས་ལྟར་ན། ཨ་རིའི་རླངས་འཁོར་རིགས་ནང་འདྲེན་བྱེད་རྒྱུར་སྒོ་ཁྲལ་འཕར་མ་ལེན་རྒྱུ་ཡིན་པ་དང་། རྒྱ་ནག་གཞུང་གིས་་་ཀི་ལ་ཀི་ལན་་་དང་་་འདྲ་མཉམ་ཉེས་གཅོད་་་ཀྱི་ཨ་ལན་སློག་སྟངས་ལྟར་ན། ཨ་རིའི་རླངས་འཁོར་རིགས་ལ་སྒོ་ཁྲལ་བརྒྱ་ཆའི ༥༠ ལེན་རྒྱུ་ཡིན་ན། རྗེས་ཕྱོགས་སུ་ཨ་རིའི་རླངས་འཁོར་རིགས་ད་ལྟའི་རིན་གོང་ནས་འབུམ་གཅིག་ཡས་མས་འཕར་སྲིད་པ་རེད། དེ་བཞིན་ཅ་ལག་གཞན་ཐབས་ཅད་གཅིག་མཚུངས་ཡིན་པས། གལ་ཏེ་རྒྱ་ནག་གཞུང་གིས་སྒོ་ཁྲལ་ཇེ་དམའ་རུ་བཏང་ཚེ། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་ཅ་ལག་རིགས་ཀྱི་རིན་གོང་ཇེ་ཆུང་དུ་འགྲོ་ངེས་ཡིན་པས། འཛད་སྤྱོད་པ་ཚོར་མཚོན་ན་ཧོང་ཀོང་དང་ནིའུ་ཟི་ལནྡིར་སོང་ནས་འོ་སྐམ་ཉོ་མི་དགོས་ལ། ཨ་རི་དང་ཡོ་རོབ་སོགས་སུ་སོང་ནས་རྒྱས་སྤྲོས་ཆེ་བའི་ཅ་ལག་རིགས་ཉོ་མི་དགོས། གལ་ཏེ་རྒྱ་ནག་གཞུང་གིས་སྒོ་ཁྲལ་རིགས་འཛམ་གླིང་ཚོང་ལས་སྒྲིག་འཛུགས་ཀྱི་གཏན་ཁེལ་བྱས་པ་ལྟར་ལག་ལེན་དུ་བསྟར་ཚེ། རྒྱ་ཆེ་བའི་རྒྱ་རིགས་མི་དམངས་དང་བོད་མི་དམངས་ཀྱིས་འཛམ་གླིང་སྤྱི་མཚུངས་ལྟར་རྒྱུ་སྤུས་ལེགས་ཤིང་རིན་གོང་ཆུང་བའི་ཅ་ལག་རིགས་ལོངས་སུ་སྤྱོད་ཐུབ།

Advertisements