——ཨ་རྒྱའི་ཚོང་དམག་ལེའུ་ལྔ་བ།

རྒྱ་ནག་གི་དབུ་ཁྲིད་ཚོའི་སྤྲོ་སྐྱིད་གཏོང་ས་ཏེའོ་ཡུ་གླིང་ཕྲན་དུ་བསྐོངས་པའི་ཉིན་གཉིས་རིང་གི་ཨ་རྒྱའི་ཚོང་དོན་གྲོས་མོལ་དེ་ཟླ ༥ པའི་ཚེས ༥ ཉིན་མཇུག་བསྒྲིལ་ཡོད་པ་དང་། ཚོང་དམག་གཡོལ་ཐབས་སུ་རྒྱ་ནག་གིས་གཟུར་བཤོལ་མང་ཙམ་གནང་དགོས་པའི་ཨ་རིའི་དགོས་འདུན་ལ་རྒྱ་ནག་གིས་ངོས་ལེན་བྱས་མེད་སྟབས། སྤྱི་མོས་ཀྱི་གྲོས་ཆོད་ཅིག་འཇོག་ཐུབ་མེད་མོད། འོན་ཀྱང་རྒྱ་ནག་གི་སྲིད་བློན་གཞོན་པ་ལིའུ་ཥིག་གིས་དབུ་ཁྲིད་པའི་ཚོང་དོན་གྲོས་མོལ་ཚོགས་ཆུང་ཞིག་གཟའ་རྗེས་མར་ཨ་མེ་རི་ཀའི་རྒྱལ་སར་ཕེབས་ཀྱིན་ཡོད་ལུགས་ཨ་རྒྱ་ཕྱོགས་གཉིས་ཀས་བསྒྲགས་ཡོད་པ་རེད།
རྒྱ་ཆེན་རིགས་བདུན་དུ་འབོད་པའི་ཨ་རིའི་ཚོང་དོན་གྲོས་མོལ་ཚོགས་ཆུང་གི་ཁོངས་སུ་ཨ་རིའི་ནོར་སྲིད་ལྷན་ཁང་གི་བློན་ཆེན་སི་ཊེ་ཝེན་མཱ་ནུ་ཅན(Steven Mnuchin) དང་། ཨ་རིའི་ཚོང་དོན་སྐུ་ཚབ་རོ་བྷིར་ཊི ལི་དྷི་ཟེར(Robert Lighthizer)། ཕོ་བྲང་དཀར་པོའི་ཚོང་དོན་འགན་འཛིན་ཕེ་ཊིར་ནཱ་ཝ་རོ(Peter Navarro) སོགས་ཨ་རིའི་དཔལ་འབྱོར་དང་ཚོང་དོན། དངུལ་ལོར་བཅས་ལ་འབྲེལ་ཡོད་གནད་འགག་ཆེ་བའི་ལྷན་ཁང་ཁག་གི་གནད་ཡོད་དཔལ་འབྱོར་ཆེད་མཁས་རིག་པ་བས་གྲུབ་ཡོད་པ་དང་། རྒྱ་ནག་གི་ཚོང་དོན་གྲོས་མོལ་ཚོགས་ཆུང་དེ་རྒྱ་ནག་གི་སྲིད་བློན་གཞོན་པ་དང་ཞི་ཅིན་ཕེང་གི་ཕྱོགས་གཏོགས་ལིའུ་ཥིག་གིས་སྣེ་འཁྲིད་ཡོད་པས། གནས་རིམ་གྱི་ཆ་ནས་འདྲ་མཉམ་ཆགས་ཡོད། ཨ་རིའི་ཚོང་དོན་གྲོས་མོལ་ཚོགས་འདུ་མཇུག་བསྒྲིལ་ཡང་། སྔོན་སྲོལ་བཞིན་ཐུན་མོང་གི་གསར་འགོད་གསལ་བསྒྲགས་སོགས་ཅི་ཡང་མེད་པར། ཨ་རིའི་ཚོང་དོན་གྲོས་མོལ་སྐུ་ཚབ་ཚོ་ལམ་སང་གནམ་ཐང་ལ་ཕེབས་ནས་ཕྱིར་ལོག་གི་ལམ་སྣེ་བཟུང་ཡོད་པ་དང་། དེ་ཡིས་མཚོན་པ་ཞིག་ལ། ཉིན་གཉིས་ལ་གྲོས་མོལ་གནང་ཡང་། ཕྱོགས་གཉི་གའི་ལངས་ཕྱོགས་མཁྲེགས་དྲགས་པས་གཞི་གཅིག་གི་སྟེང་ཞོག་མེད་པ་གསལ་བོ་རེད།
རྩ་བའི་ཆ་ནས་གྲོས་མོལ་དང་པོའི་སྐབས་ཕན་ཚུན་གྱི་དགོས་དམིགས་ཅི་ཞིག་ཡིན་པ་དང་། མ་མཐའི་ཚད་ཐིག་གང་ན་ཡོད་པ་རྒྱུས་ལོན་ཙམ་གྱི་སླད་དུའང་ཡིན་སྲིད་མོད། འོན་ཀྱང་། ཨ་རྒྱའི་འཛིང་རེས་དེ་ཁ་སང་དེ་རིང་གསར་དུ་བྱུང་བ་ཞིག་མིན་ལ། ༡༩༧༡ལོར་ཨ་རྒྱའི་བར་ཕྱི་འབྲེལ་ཚུགས་པ་ནས་བཟུང་གྲོས་མོལ་སྣ་མང་རབ་དང་རིམ་པ་བྱུང་ཡོད་པས། དེ་རིང་ཨ་རྒྱའི་དབར་གྱི་དཀའ་ངལ་དེ་དེ་སྔའི་གཅིག་གིས་གཅིག་མ་ཤེས་པ་དང་རྒྱུས་མ་ལོན་པའི་དཀའ་ངལ་མིན་ལ། གཅིག་གིས་གཅིག་གི་གཏིང་ལོན་ནས་ཕལ་ཆེར་ཁ་གྲགས་དུས་ཁོག་རིག་པའི་ཚད་ལ་བསླེབས་ཡོད་པ་དེ་ཡིན།
ཐེངས་འདིའི་ཨ་རྒྱའི་གྲོས་མོལ་ལས་ནུབ་ཕྱོགས་ཡུལ་གྲུ་ཁག་གིས་ཟིན་བའི་ཚོར་བ་ཞིག་ནི། དེ་སྔའི་བཟོད་པ་སྒོམ་ཤེས་ཅན་གྱི་རྒྱ་ནག་དེ། དེ་རིང་ལངས་ཕྱོགས་གསལ་བོར་འཛིན་པའི་ང་རྒྱལ་ཆེ་བའི་རྒྱ་ནག་ཞིག་ཏུ་འགྱུར་ཡོད་པ་དེ་ཡིན།
ཨ་རིས་བཏོན་པའི་ཚོང་དོན་དགོས་འདུན་དེ་ཁྱབ་རྒྱ་ཤིན་ཏུ་ཆེ་ཞིང་། བློ་ཡུལ་ལས་འདས་པའི་ཕྱོགས་ཐམས་ཅད་འདུས་ཡོད་པ་མ་ཟད། རྒྱ་ནག་གིས་ལངས་ཕྱོགས་མཁྲེགས་པོ་བཟུང་མིན་ལ་མ་ལྟོས་པར། ཨ་རིས་ཕྱི་ནུར་སོར་གང་ཡང་བྱས་མེད།
ཨ་རིས་གྲོས་མོལ་མ་བྱས་གོང་རྒྱ་ནག་ལ་སྤྲད་པའི་དགོས་འདུན་དོན་ཚན་བརྒྱད་གཤམ་གསལ་ལྟར།
༡༽ད་ལོའི་སྤྱི་ཟླ ༦ པ་ནས་མགོ་བརྩམས་ཏེ། འབྱུང་འགྱུར་ཟླ ༡༢ རིང་། ཨ་རྒྱའི་བར་གྱི་ཚོང་ལས་ཧེ་བག་དྲུང་ཕྱུར ༡༠༠༠ ཆག་ཡང་གཏོང་རྒྱུ་དང་། དེ་ནས་ཡང་ཟླ ༡༢ རིང་ཚོང་ལས་ཧེ་བག་དྲུང་ཕྱུར ༡༠༠༠ ཆག་ཡང་གཏོང་རྒྱུ། བསྡོམས་ན ༢༠༢༠ལོའི་མཇུག་བར་ཨ་རྒྱའི་ཚོང་ལས་བར་གྱི་ཧེ་བག་དུང་ཕྱུར ༢༠༠༠ ཆག་ཡང་གཏོང་དགོས།
༢༽༼རྒྱ་ནག་གི་བཟོ་སྐྲུན ༢༠༢༥༽འཆར་བཀོད་ཁྲོད་ཀྱི་སྔོན་ཐོན་བཟོ་སྐྲུན་རིགས་ལ་གཞུང་གི་ཁ་གསབ་རྒྱག་མཚམས་འཇོག་རྒྱུ།
༼རྒྱ་ནག་གི་བཟོ་སྐྲུན ༢༠༡༥༽འཆར་བཀོད་ཀྱི་ཁྱབ་ཁོངས་ན་ཧ་ཅང་གནད་འགག་ཅན་གྱི་ལས་རིགས་བཅུ་ཚུད་ཡོད་ཅིང་། དེ་དག་ནི་གནམ་གྲུ་བཟོ་སྐྲུན། གློག་བགྲོད་རླངས་འཁོར། འཕྲུལ་གཟིགས་ཀྱི་མི། རྩིས་འཁོར། ཉིང་ལྷེབ(chip,芯片)། མིས་བཟོས་ནུས་ལྡན་སོགས།
༣༽༼རྒྱ་ནག་གི་བཟོ་སྐྲུན ༢༠༢༥༽ཡི་ཐོན་དངོས་དང་འབྲེལ་ཡོད་དངོས་ཟོག་རིགས་ཨ་རིས་ནང་འདྲེན་བྱ་མི་སྲིད་པར་ངོས་ལེན་བྱེད་རྒྱུ།
༤༽དྲྭ་ཇག་དང་དྲྭ་རྒྱའི་གསང་མྱུལ་ལས་འགུལ་སྤེལ་ནས་ཨ་རིའི་ཚོང་ལས་གསང་བ་རྐུ་འཁྱེར་རིགས་མཚམས་འཇོག་རྒྱུ།
༥༽ཤེས་ཡོན་སྒེར་བདག་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུ།
༦༽ཨ་རིས་རྣོ་ཚོར་ཆེ་བའི་ལག་རྩལ་རིགས་ཕྱི་འཚོང་མི་བྱེད་རྒྱུའི་སྲིད་ཇུས་ལ་ངོས་ལེན་བྱེད་རྒྱུ་དང་དེ་ལ་འཁོན་ལན་མི་སློག་རྒྱུ།
༧༽ད་ལྟ་ཆ་སྙོམས་ཀྱི་སྒོ་ཁྲལ ༡༠%ཡིན་པའི་གནས་སྟངས་དེ་ཨ་རི་དང་འདྲ་མཉམ་བཟོ་རྒྱུ། ཨ་མེ་རི་ཀའི་གནད་འགག་མ་ཡིན་པའི་དངོས་ཟོག་རིགས་ཀྱི་སྒོ་ཁྲལ་ཆ་སྙོམས་ཀྱི ༣.༥%ཡིན་པ་རེད།
༨༽རྒྱ་ནག་གི་ཞབས་ཞུ་ལས་རིགས་དང་ཞིང་ལས་ཀྱི་སྒོ་ཡོངས་སུ་འབྱེད་ནས། ཨ་རི་དང་འདྲ་མཉམ་ངང་འགྲན་རྩོད་བྱེད་རྒྱུ།
བདུན་ཕྲག་འགའི་སྔོན་དུ། རྒྱ་ནག་གིས་་་ཀི་ལན་ལ་ཀི་་་། ་་་མེ་འགོག་ཁྲོ་རོགས་ཀྱི་འདུན་པས་ཨ་རྒྱའི་ཚོང་དམག་གི་མདུན་བསུ་རྒྱུ་་་སོགས་ཧ་ཅང་མཁྲེགས་ཧྲགས་ཀྱི་རྣམ་འགྱུར་བཏོན་ཡོད། ཨ་རིའི་སྐུ་ཚབ་ཚོའི་གྲོས་མོལ་སྐབས་ཀྱི་རྣམ་འགྱུར་དེ་སྔོན་ཆད་ལས་ཀྱང་ཧྲགས་ཤིང་མཁྲེགས་པ་ལས་ཇེ་གཉོམ་ཇེ་འཇམ་དུ་སོང་མེད་ན་ཡང་། རྒྱ་ནག་གཞུང་འབྲེལ་སྨྱན་བྱེད་ཞིན་ཧྭ་གསར་ལས་ཁང་གིས་ཨ་རྒྱའི་འགལ་བས་་་རྒྱ་ལྕང་སྔོ་ཞིང་མེ་ཏོག་བཀྲ་བའི་མདུན་བསུས་་་ཡོད་ལུགས་དང་། ་་་རྒྱང་ཐག་ཁྲི་ཁྲག་གི་རྒྱ་མཚོའི་ཕ་རོལ་ནས་ཡོང་བའི་ཨ་རིའི་ངམ་ཆེ་བའི་སྐུ་ཚབ་ཚོགས་ཆུང་དང་རྒྱ་ནག་གི་སྐུ་ཚབ་དབར་གདོང་དང་གདོང་ཐུག་ནས་གོ་བསྡུར་བྱས་པ་དེ་རྩ་བའི་ཆ་ནས་ཡར་རྒྱས་ཤིག་ཅི་ལ་མིན་་་ཞེས་བརྗོད་ནས། སྐད་གདངས་ཇེ་དམའ་རུ་བཏང་ཡོད་པ་རེད།
རྒྱ་ནག་གིས་གྲོས་མོལ་སྐབས་བཏོན་པའི་དགོས་འདུན་དོན་ཚན་དགུ་ཅན་དེ་གཤམ་གསལ་ལྟར།
༡༽ཨ་རིས༡༩༧༣ལོའི༼ཚོང་དོན་ཁྲིམས་སྲོལ༽གྱི ༣༠༡ ཆོད་དོན་བཞིན་ཤེས་ཡོན་སྒེར་བདག་ཐོབ་ཐང་ལ་འཚེ་ཞིང་གནོད་པར་བརྟག་དཔྱད་ཀྱི་ལས་དོན་མཚམས་འཇོག་དགོས། དེ་མིན་ཟླ ༤ པའི་ཚེས ༣ ཉིན་གསལ་བསྒྲགས་བྱས་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ ༢༥%ལེན་རྒྱུའི་འཆར་གཞི་དེ་ཕྱིར་འཐེན་བྱེད་རྒྱུ།
༢༽རྒྱ་ནག་ལ་ཚན་རིག་ལག་རྩལ་མཐོ་པོའི་བཅའ་དངོས་ཚོང་སྒྱུར་བྱེད་རྒྱུ་བཀག་འགོག་གི་ཚད་གཞི་དེ་མེད་པར་བཟོ་དགོས།
༣༽སྤྱི་ཟླ ༥ པའི་ཚེས ༣༡ གི་སྔོན་དུ་ཨ་རིས་ངེས་པར་དུ་རྒྱ་ནག་གི་ཟས་རིགས་བཙོས་མ་ཉོ་གྲུབ་བྱེད་དགོས།
༤༽ཨ་རིས་ངེས་པར་དུ་རྒྱ་ནག་ལ་དམངས་བཀོལ་མཁའ་སྐྱོད་བདེ་འཇགས་སྒྲིག་ཆས་ཀྱི་ཁྲོམ་རའི་སྒོ་འབྱེད་དགོས།
༥༽ཨ་རྒྱའི་ལས་དོན་ཚོགས་ཆུང་རྩ་འཛུགས་བྱས་ཏེ་ཁྲོམ་རའི་གཞི་རྒྱ་ཇེ་ཆེར་གཏོང་ཕྱོགས་ཐད་ཞིབ་འཇུག་གནང་དགོས།
༦༽ཨ་རིས་ངེས་པར་དུ་རྒྱ་ནག་ལའང་རྒྱལ་ཁབ་གཞན་དག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས་པ་མ་ཟད། དམ་དྲག་ཉེས་ཆད་གསར་བ་བཅད་མི་ཆོག
༧༽རྒྱ་ནག་གི་ཁེ་ལས་ཁང་དག་ཨ་རིའི་རྨང་གཞི་འཛུགས་སྐྲུན་ལས་དོན་ཁྲོད་ཞུགས་ཆོག་པ་དང་། ཡིན་གཅིག་མིན་གཉིས་ས་གནས་ས་ཐོག་གི་བཅའ་དངོས་ཉོ་དགོས་པའི་ཚད་གཞི་བཞག་མི་ཆོག
༨༽རྒྱ་ནག་གི་ཁེ་ལས་ཁང་དག་ཨ་རིའི་གློག་རྡུལ་གཏོང་སྤྲོད་ཁྲོམ་རར་ཞུགས་ཆོག་པ།
༩༽རྒྱ་ནག་གི་འགན་ལེན་ལས་ཁང་གི་ཡན་ལག་ལས་ཁང་ཨ་རི་རུ་འཛུགས་ཆོག་པ། བཅས།
གོང་ཞུས་ཨ་རི་དང་རྒྱ་ནག་ཕྱོགས་གཉི་གས་གྲོས་མོལ་སྐབས་བཏོན་པའི་དགོས་འདུན་ལ་གཞིགས་ན། འགལ་ཟླ་ཤུན་ཏུ་ཆེན་པོ་ཡིན་ཞིང་། ཕལ་ཆེར་ཆེ་དྲགས་ནས་དེ་ལས་ཆེར་མི་རུང་བའི་ཚད་ལ་ཐུག་ཡོད་པ་གསལ་བོ་རེད། དེ་མིན་པའི་ཚོར་བ་ཞིག་ནི་རང་རང་སོ་སོ་ན་ཅིག་བཤད་བསྡད་ཡོད་པ་དེ་རེད།
དེ་སྔ་མི་རྣམས་པས་ཚོད་དཔག་བྱས་པ་ཇི་བཞིན་ཨ་རྒྱའི་ཚོང་དོན་གྲོས་མོལ་ཐེངས་དང་པོ་དེ་གྲུབ་འབྲས་ཁབ་རྩེ་ཙམ་ཡང་སྟོན་རྒྱུ་མེད་པའི་ངང་ནས་མཇུག་བསྒྲིལ་ཡོད་མོད། འོན་ཀྱང་གྲོས་མོལ་གྲོལ་ནས་ཉིན་ཤས་རྗེས་སུ། རྒྱ་ནག་གི་སྲིད་བློན་གཞོན་པ་ལིའུ་ཥིག་གིས་སྣེ་ཁྲིད་པའི་ཚོང་དོན་སྐུ་ཚབ་ཚོགས་ཆུང་གཟའ་རྗེས་མར་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་ཡོང་ནས་མུ་མཐུད་ནས་ཚོང་དོན་འགལ་ཟླའི་ཐད་ནས་གྲོས་མོལ་བྱེད་རྒྱུ་ཡིན་ལུགས་ཕྱོགས་གཉི་ཀས་གསལ་བསྒྲགས་བྱས་ཡོད་པས། མ་མཐའ་ཡང་རེ་བ་ཞིག་བཟུང་ཆོག་ལ། གྲོས་མོལ་ཐེངས་གཉིས་པའི་སྐབས་རྒྱ་ནག་གི་སྨྲ་བར་ཉན་ཆོག་སྦྱོར་བར་བལྟ་ཆོག
ཨ་རྒྱའི་ཚོང་དོན་གྲོས་མོལ་གྱི་སྔོན་དུ། རྒྱ་ནག་ཇུས་གཅོད་དཀྱིལ་འཁོར་གྱི་མི་སྣ་ཞིག་གིས་པེ་ཅིང་གིས་ཁ་སྔོན་ཀྲུའུ་ཞི་ཞི་ཅིན་ཕེང་གིས་ཞལ་བཞེས་གནང་བར་ལག་ལེན་དུ་བསྟར་འདོད་ཡོད་པ་བརྗོད་ཡོད་པ་དང་། ཞི་ཅིན་ཕེང་གིས་ཉེ་སྔོན་རྒྱ་ནག་ཧེ་ནན་དུ་བསྐོངས་པའི་པའོ་ཨོ་གླེང་སྟེགས་སྐབས་ཨ་རི་ནས་ནང་འདྲེན་རླངས་འཁོར་གྱི་སྒོ་ཁྲལ་ཆག་ཡང་གཏོང་རྒྱུ་དང་ཨ་རིའི་དངུལ་ལོར་ཞབས་ཞུ་ལས་རིགས་རྒྱ་ནག་གི་ཁྲོམ་རའི་འགྲན་རྩོད་ཁྲོད་ཞུགས་ཆོག་པ་ཁས་བླངས་ཡོད་པ་རེད།
ཡིན་ན་ཡང་། རྒྱ་ནག་ལ་རྒྱ་ནག་རིང་གི་དམིགས་ཡུལ་ཡོད། རྒྱ་ནག་གིས་ཨ་མེ་རི་ཀ་གཞུང་གིས་དམག་བཀོལ་ཚན་རིག་ལག་རྩལ་མཐོ་གྲས་རིགས་རྒྱ་ནག་ལ་ཚོང་བསྒྱུར་བྱེད་རྒྱུར་སྒོ་ཡོངས་སུ་འབྱེད་རྒྱུའི་རེ་བ་བཅངས་ཡོད་མོད། སྟབས་མ་ལེགས་པ་ཞིག་ལ། ད་ལོའི་སྤྱི་ཟླ ༤བར། ཨ་རིས་རྒྱ་ནག་གི་ཀྲུང་ཞིན་ཁེ་ལས་ཁང་ལ་དམ་དྲག་ཉེས་ཆད་ལྕི་མོ་བཅད་ནས། ནམ་རྒྱུན་ཨ་རས་མཁོ་སྤྲོད་བྱེད་ཀྱིན་པའི་ཉིང་ལྷེབ་སྤྲོད་མཚམས་བཞག་སྟབས། ཀྲུང་ཞིན་ཁེ་ལས་ཁང་ཕལ་ཆེར་འཁོར་སྐྱོད་ཀྱི་ནུས་པ་མེད་པ་ཆགས་ཡོད་ལ། རྒྱུ་མཚན་ནི་ཀྲུང་ཞིན་ཁེ་ལས་ཁང་གི་ཉིང་ལྷེབ་ཕལ་ཆེར་ཨ་རས་བཟོ་བཞིན་པ་དང། རྒྱ་ནག་རང་ཉིད་ལ་ཉིང་ལྷེབ་བཟོ་རྒྱུའི་ཚན་རིག་དང་ལག་རྩལ་མེད་པ་རེད། དེ་མིན་ཨ་རིས་རྒྱ་ནག་གི་ཁེ་ལས་ཁང་ཆེ་གྲས་ཧྭ་ཝེ་ལའང་བརྟག་དཔྱོད་བྱེད་བཞིན་པའི་སྒང་ཡིན་པ་མ་ཟད། གཙོ་ཆེ་ཤོས་ཨ་རིའི་དམག་ཁུལ་དང་དེ་མིན་པའི་གཞུང་གི་ལས་ཁུངས་དག་གིས་རྒྱ་ནག་ཀྲུང་ཞིན་དང་ཧྭ་ཝེ་ཡི་བཟོ་སྐྲུན་བྱས་པའི་བཅའ་དངོས་རིགས་བཀོལ་སྤྱོད་བྱས་མི་ཆོག་པའི་བཀའ་རྒྱ་ཕབ་ཡོད་པ་རེད།
གང་ལྟར་དུ་བ་མེད་པའི་འཐབ་འཁྲུག་ཅིག་གི་མགོ་བསླངས་ཡོད་པ་དང་། གལ་ཏེ་ཨ་རྒྱའི་ཚོང་དོན་གྲོས་མོལ་ལ་དོན་གྱི་གྲུབ་འབྲས་ཤིག་མ་ཐོན་ཚེ། ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱི་ཆོད་སེམས་ལ་འགྱུར་བ་མེད་པས། ཨ་རྒྱའི་ཚོང་དམག་ལ་གཡོལ་ཐབས་ཡེ་ནས་མེད། གོང་གི་དགོས་འདུན་ལ་གཞིག་ན། མི་རྣམས་པས་ཡག་རྟགས་ཤིག་མཐོང་གིན་མེད།
དགྲ་ནོན་ཁྲོ་འབར་གྱི་ཆོད་སེམས་དང་། ཨ་རིའི་གཞུང་དམངས་གཉིས་མ་གྲོས་བསམ་པ་གཅིག་མཐུན་ཡིན་པས། ད་ལྟ་འགྲོ་བཞིན་པའི་ཨ་རྒྱའི་ཚོང་དོན་གྲོས་མོལ་ལ་རྩམ་པ་དང་ཞོ་གཉིས་ལས་གཅིག་གདམ་རྒྱུ་ལས། རྩམ་པ་ཟོས་ནས་ཞོ་འཐུང་རྒྱུ་མེད་པ་གསལ་བོ་ཡིན་ལ་རྒྱ་ནག་གིས་ཀྱང་དེ་ཤེས་ཡོད།
འདིའི་སྔོན་དུ་རབ་དང་རིམ་པ་གླེང་བ་ཇི་བཞིན། ཨ་རྒྱའི་ཚོང་དམག་བརྒྱབ་ཚེ། རྒྱ་ནག་གིས་དོ་ཡ་ལོན་རྒྱུ་ཤིན་ཏུ་དཀའ་བས། གཟའ་རྗེས་མར་འཚོགས་རྒྱུའི་ཨ་རྒྱའི་ཚོང་དོན་གྲོས་མོལ་སྐབས། རྒྱ་ནག་གིས་ཨ་རིའི་མགུ་གང་ཞིང་ཡིད་ཚིམ་པའི་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་འཆར་ཡོད་རྒྱུ་རེད་བསམ་བྱུང་། ཡིན་མིན་ང་ཚོས་རིམ་པས་བལྟ་ཆོག