——ཨ་རྒྱའི་ཚོང་དམག་ལེའུ་དྲུག་པ།

ཉིན་གཉིས་རིང་གི་ཨ་རི་དང་རྒྱ་ནག་གཉིས་ཀའི་ཚོང་དོན་གྲོས་མོལ་མཇུག་བསྒྲིལ་ཡོད་པ་དང་། ཕྱོགས་གཉིས་ཀས་གྲུབ་འབྲས་ཡོད་པར་ངོས་འཛིན་བྱས་འདུག
ཨ་རིའི་ཕོ་བྲང་དཀར་པོའི་དཔོན་རིགས་ཤིག་གིས་ཚེས ༡༨ ཉིན། ཉིན་གཉིས་རིང་གི་ཨ་རི་དང་རྒྱ་ནག་གཉིས་ཀའི་ཆེས་མཐོའི་ཚོང་དོན་གྲོས་མོལ་ལ་གྲུབ་འབྲས་ཡག་པོ་ཐོབ་ཚུལ་འགྲེལ་བརྗོད་བྱས་པ་དང་ཆབས་ཅིག ཨ་རི་དང་རྒྱ་ནག་གཉིས་ཀའི་ཚོང་དོན་ཧེ་བག་ཨ་སྒོར་དུང་ཕྱུར ༢༠༠༠ ཆག་ཡང་གཏོང་ཐབས་སུ་རྒྱ་ནག་གིས་སྡེབ་གཅིག་ཅན་གྱི་ཇུས་གཞི་བཏོན་པ་ར་སྤྲོད་བྱས་ཡོད་པ་རེད།
དེ་བཞིན་དུ་ཚེས ༡༩འི་ཉིན་རྒྱ་ནག་གཞུང་འབྲེལ་སྨྱན་བྱེད་ཀྱི་སྤེལ་བའི་གནས་ཚུལ་དུའང་ཐེངས་འདིའི་ཨ་རི་དང་རྒྱ་ནག་གཉིས་ཀའི་ཚོང་དོན་གྲོས་མོལ་ནི་དགེ་མཚན་ཅན་དང་འཛུགས་སྐྲུན་གྱི་རང་བཞིན་ཅན། གྲུབ་འབྲས་ཡོད་པའི་གྲོས་མོལ་ཞིག་ཡིན་ཞེས་བཀོད་ཡོད་པ་རེད།
ཕོ་བྲང་དཀར་པོའི་དཔལ་འབྱོར་མདུན་ན་འདོན་སྐུ་ཞབས་ཁུ་ཌིའོ་ལགས་ཀྱིས་སྨྱན་བྱེད་ཁག་ལ་རྒྱ་ནག་གི་བཏོན་པའི་ཇུས་གཞིའི་ཁྲོད་ཨ་རིའི་ནུས་ཁོངས་དང་ཞིང་ལས་ཐོན་རྫས་ཉོ་གྲུབ་བྱེད་རྒྱུ་ཐེ་ཡོད་ལ། རྒྱ་ནག་གིས་གྲངས་ཀ་ཡག་པོ་ཞིག་བཏོན་ཡོད་མོད། འོན་ཀྱང་གཏིང་ཟབ་སའི་དཔལ་འབྱོར་ཚོང་ལས་ཀྱི་འགལ་ཟླ་སེལ་ཆེད་གྲོས་མཐུན་ད་དུང་བྱུང་མེད་ལ། གྲོས་མོལ་དེ་འདྲ་ཞིག་བྱུང་རྒྱུར་དུས་ཚོད་དགོས་ཞེས་འགྲེལ་བརྗོད་གནང་འདུག
རྒྱ་ནག་གི་སྲིད་བློན་གཞོན་པ་ལིའུ་ཥིག་གིས་སྣེ་ཁྲིད་པའི་ཚོང་དོན་གྲོས་མོལ་ཚོགས་ཆུང་དང་ཨ་རིའི་ནོར་སྲིད་ལྷན་ཁང་གི་བློན་ཆེན་མཱ་ནུ་ཅན་གྱིས་སྣེ་ཁྲིད་པའི་ཚོང་དོན་གྲོས་མོལ་ཚོགས་ཆུང་གཉིས་ཀྱིས་སྤྱི་ཚེས ༡༧ དང ༡༨ ཉིན་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་ཨ་རི་དང་རྒྱ་ནག་གཉིས་ཀའི་ཚོང་དོན་གྲོས་མོ་ཐེངས་གཉིས་པ་བསྐོངས་པ་དང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཕུ་མཆོག་གིས་དུས་ཡུན་རིང་པོར་རྒྱ་ནག་སྐྱག་ལངས་སུ་བཏང་ཡོད་པས་ཐེངས་འདིའི་གྲོས་མོལ་ལ་རེ་བ་ཆེར་བཟུང་མེད་ཅེས་གྲོས་མོལ་གྱི་ཉིན་དང་པོར་གསུངས་ཡོད་པ་རེད།
ཨ་རྒྱའི་ཚོང་དོན་གྲོས་མོལ་དང་པོ་དེ་གཟའ་འཁོར་སྔོན་མར་པེ་ཅིང་དུ་བསྐོངས་ཡོད་པ་དང་། ཉིན་གཉིས་རིང་གི་ཨ་རྒྱའི་ཚོང་དོན་གྲོས་མོལ་དེར་གྲུབ་འབྲས་ཅི་ཡང་བྱུང་མེད།
ཨ་རྒྱའི་ཚོང་དོན་གྲོས་མོལ་ཐེངས་གཉིས་པའི་སྐབས་སུ། རྒྱ་ནག་གི་སྐུ་ཚབ་ཀྱིས་ཨ་མེ་རི་ཀས་རྒྱ་ནག་ལ་ལག་རྩལ་རིགས་ཕྱི་ཚོང་གི་བཀག་བསྡོམས་ལྷོད་ཡངས་སུ་གཏོང་དགོས་པའི་དགོས་འདུན་བཏོན་པ་མ་ཟད། རྒྱ་ནག་གི་ཀྲུང་ཞིན་ཁེ་ལས་ཁང་ལ་བཅད་པའི་དམ་དྲག་ཉེས་ཆད་དེ་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་ཡང་བཏོན་ཡོད་པ་རེད།
ཕོ་བྲང་དཀར་པོའི་དཔལ་འབྱོར་མདུན་ན་འདོན་སྐུ་ཞབས་ཁུ་ཌིའོ་ལགས་ཀྱིས་རྒྱ་ནག་གི་ཀྲུང་ཞིན་ཁེ་ལས་ཁང་ལ་བཅད་པའི་དམ་དྲག་ཉེས་ཆད་དེ་ཁྲིམས་འཛིན་གྱི་བྱ་སྤྱོད་ཅིག་ཡིན་པ་ལས་ཚོང་དོན་ཁོ་ནའི་གནད་དོན་ཞིག་མིན། ཡིན་ན་ཡང་ཨ་རིས་རིམ་གྱིས་ཉེས་ཆད་ཇེ་ཡང་དུ་གཏོང་སྲིད་ལུགས་བཤད་འདུག
དེ་སྔ་ཨ་རིའི་སྲིད་འཛིན་གྱིས་ཀྱང་རྒྱ་ནག་གི་ཀྲུང་ཞི་ལེ་ཁས་ཁང་ལ་བཅད་པའི་དམ་དྲག་ཉེས་ཆད་ཐད་ཡང་བསྐྱར་བསམ་བློ་གཏོང་དགོས་ལུགས་གསུངས་ཡོད་པ་རེད།
ཨ་རི་དང་རྒྱ་ནག་གཉིས་ཀའི་ཚོང་དོན་གྲོས་མོལ་རྗེས་མ་དེ་ས་གནས་གང་ནས་དུས་ཚོད་ནམ་ཞིག་ལ་སྤེལ་རྒྱུའི་སྐོར་ལ་གཏན་ཁེལ་ཇི་ཡང་བྱས་མེད་ཚུལ་ཨ་རིའི་དཔོན་རིགས་མཐོ་གྲས་ཤིག་གིས་འགྲེལ་བརྗོད་བྱས་འདུག