
ནུབ་ཕྱོགས་རང་དབང་ཡུལ་གྲུར་བསླེབས་པའི་ཡུ་གུར་བཙན་བྱོལ་བ་དང་འབྲེལ་ཡོད་རིག་པ་བས་ཞིན་ཅང་ན་ཡུ་གུར་བ་ས་ཡ་བརྒལ་བ“སློབ་གསོ་ར་བ”ཞེས་པའི་གཅིག་བསྡུས་བཙོན་རར་བཅུགས་ཡོད་ལུགས་བཤད་བསྡད་ཡོད།
ང་དང་ང་ལྟ་བུའི་མི་མང་པོ་ཞིག་རྒྱ་ནག་པས་ཞིན་ཅང་ཞེས་འབོད་པའི་ཤར་ཏིར་ཀི་སི་ཐན་དུ་འགྲོ་མྱོང་མེད་ལ་འགྲོ་འདོད་པའི་འགྲོ་ཡང་མི་ཆོག འོན་ཀྱང་། ཤར་ཏིར་ཀི་སི་ཐན་གྱི་ལོ་ངོ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་དང་། ཐུན་མོང་མ་ཡིན་པའི་རིག་གཞུང་། མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་སོགས་ལ་མི་རྣམས་པས་ཡིད་སྨོན་དབང་མེད་དུ་ཤོར་ཡོད།
ཀྲུང་གོའི་ལྷ་རི་དང་པོའི་ཆོ་ལོ་ཅན་གྱི་ཁུ་ནུ་རི་བོ་དང་། སྤྱི་ལེ ༢༠༠༠ གི་རི་རྒྱུད་ཡོད་པའི་ཨལ་ཐའེ་རི་བོ། དེ་མིན་འཛམ་གླིང་རི་རྒྱུད་བདུན་གྱི་ཡ་གྱལ་ཐ་ཨན་རི་བོའང་དེ་གར་ཡོད། དེ་བཞིན་རི་མོ་ལྟར་མཛེས་པའི་ཁཱ་ནཱ་མཚོ་དང་། ཕྱེ་ཐང་གི་ལྗང་ཐིག་ཅེས་མཚན་སྙན་གྱི་བ་དན་གླིང་ལྔར་ཁྱབ་པའི་ཨི་ལི་གྲོང་ཁྱེར། ལོ་རྒྱུས་ཀྱིས་ཀུན་ཏུ་ཕྱུག་པའི་ཏུར་པན་གྲོང་ཁྱེར་དང་ཁཱ་ཞི་གྷར་གྲོང་ཁྱེར་སོགས་ལྗོངས་རྒྱུ་ལ་སྤྲོ་བ་ཆེ་བའི་ཡུལ་སྐོར་སྤྲོ་འཁྱམ་པའི་ཡིན་སྨོན་ཤོར་བའི་ཡུལ་གྲུ་དང་མཛེས་ལྗོངས་དེ་དག་ཤར་ཏིར་ཀི་སི་ཐན་ན་ཡོད་པའི་མ་ཚད། རང་དབང་ལ་དགའ་ཞིང་རང་དབང་ལ་འཕྲེང་བ། སྤྲོ་སེམས་རབ་ཏུ་འཁོལ་བའི་ཡུ་གུར་བས་གཙོས་ཧ་སག་སོགས་གདོད་མའི་མི་རིགས་མང་པོ་ཞིག་ཕ་མེས་ཡང་མེས་ནས་ས་ཆེན་དེར་འཚོ་ཞིང་གནས་ཡོད།
ཡིན་ན་ཡང། མི་རྣམས་པའི་སྙིང་ན་སྤྱད་དང་རླུང་ལངས་སྤྱད་ཞིག་ནི། དེང་གི་ཤར་ཏིར་ཀི་སི་ཐན་དེ་དམར་པོའི་འཇིགས་བསྐུལ་གྱིས་ཡོངས་སུ་བཀླུབས་ནས། དེང་རབས་ཚན་རིག་ལག་རྩལ་ལས་བྱུང་བའི་ངོ་གདོང་དབྱེ་འཛིན་མ་ལག་དང་སྐད་གདངས་དབྱེ་འཛིན་མ་ལགས་སོགས་བཏང་འཛིན་ལག་ཆ་ཇེ་རྒྱས་སུ་བཏང་བ་བརྒྱུད་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་གོང་ནས་གོང་དུ་སྤར་བ་མ་ཟད། དེང་གཞུང་གིས་མིང་ལ་སློབ་གསོ་ར་བ་ཞེས་བཏགས་པའི་གཅིག་བསྡུས་བཙོན་ར་མང་པོ་བསྐྲུན་ཡོད་འདུག མཐོང་ཐོས་ལྟར་ན། ༢༠༡༦ལོ་ནས་ད་བར་དུ། ཤར་ཏིར་ཀི་སི་ཐན་དེང་གཞུང་གིས་གཅིག་བསྡུས་བཙོན་ར་འཛུགས་སྐྲུན་ཆེད་རྒྱ་སྒོར ༦༨༠༠༠༠༠༠༠ ཀྱིས་འགྲོ་སོང་བཏང་ནས། མངོན་སུམ་འཛེམ་བག་མེད་པར་གཅིག་བསྡུས་བཙོན་ར་དེ་དག་འཛུགས་སྐྲུན་བྱེད་མཁན་བསྡུ་འགུག་བྱས་ནས་སྒྲུབ་འགན་གཙང་ལེན་གྱི་གན་རྒྱ་བཞག་ཡོད་པ་དང་། དེ་དང་འགྲོས་མཉམ་དུ་ཉེས་བསག་སེམས་ཁམས་རིག་པའི་ཆེད་མཁས་པ་དང་། དམག་དང་ཉེན་རྟོག་པའི་རྒྱབ་ལྗོངས་ཅན་གྱི་ལས་བྱེད་པ་འཚོ་བསྡུ་བྱས་ཡོད་འདུག ད་ལྟའི་ཆར། ཤར་ཏིར་ཀི་སི་ཐན་གྱི་གྲོང་ཁྱེར་དང་རྫོང་ཁག་ཚང་མ་ན་གྲངས་ཉུང་མི་རིགས་ལ་དམིགས་པའི་གཅིག་བསྡུས་བཙོན་ར་བཙུགས་ཡོད་པ་དང་། ཤར་ཏིར་ཀི་སི་ཐན་གྱི་རྒྱལ་ས་ཨོ་རོམ་ཆུ་གྲོང་ཁྱེར་གཅིག་པུ་ན་གཅིག་བསྡུས་བཙོན་ར ༣༣ འཛུགས་སྐྲུན་བྱས་ཡོད་པ་རེད།
ས་གནས་གཞུང་གིས་བྱུང་རྒྱལ་དུ་གྲངས་ཉུང་མི་རིགས་འཛིན་བཟུང་བྱས་རྗེས། གཅིག་བསྡུས་བཙོན་རར་བཅུགས་ནས་གནར་གཅོད་དང་གནོད་འཚེ་གཏོང་གིན་ཡོད་འདུག
ཡུ་གུར་བ་ཨོ་མིར་བྷེ་ཁཱར་ཡི་མྱངས་ཚུལ་ནི་དཔེ་མཚོན་གསོན་པོ་དེ་ཡིན།
ད་ལྟ་ལོ་ན ༤༢ ཡིན་པའི་བྷེ་ཁཱར་ལགས་ཤར་ཏིར་ཀི་སི་ཐན་དུ་སྐྱེས་ཤིང་། ཨ་ཕ་ལགས་ནི་ཧ་སག་མི་རིགས་ཡིན་ཞིང་། ཨ་མ་ལགས་ཡུ་གུར་བ་རེད། ༢༠༠༦ ལོར་ཧ་སག་རྒྱལ་ཁབ་ཏུ་གཞི་སྤོས་པ་དང་། ལོ་གསུམ་གྱི་རྗེས་སུ་ཧ་སག་རྒྱལ་ཁབ་ཀྱི་མི་སེར་དུ་གྱུར།
༢༠༡༧ ལོའི་ཟླ ༣ པར། བྷེ་ཁཱར་ལགས་ནང་མི་གཉེན་འཕྲད་ཆེད་ཕྱིར་ཕ་ཡུལ་དུ་ལོག ཧང་སངས་པ་ཞིག་ལ་ཁ་གྱེས་ནས་ལོ་བཅུ་ལྷག་ལས་ཕྱིན་པའི་ཕ་ཡུལ་ལ་གནམ་སའི་འགྱུར་ལྡོག་ཐེབས་ནས། ག་ས་གང་ན་སོ་ལྟ་སྟངས་འཛིན། མི་སེར་རྣམས་གང་བྱུང་གིས་འཛིན་བཟུང་དང་བཀག་ཉར་བྱས་ཆོག་པའི་རང་དབང་ཡོངས་སུ་འཕྲོག་པའི་ས་ཁུལ་དམིགས་བསལ་ཅན་ཞིག་ཏུ་གྱུར་འདུག
ཉིན་ཤས་རྗེས་ས་གནས་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་ཁེར་རྐྱང་དུ་བདུན་ཕྲག་གཅིག་རིང་བཀག་རྗེས། ཁཱ་ར་མེ་གྲོང་ཁྱེར་ཉེན་རྟོག་པར་རྩིས་སྤྲོད་བྱས་ཤིང་། ཉེན་རྟོག་པའི་འདྲི་གཅོད་ཀྱི་ལྟེ་བ་ནི་བྷེ་ཁཱར་དང་ཧ་སག་གི་ཡུལ་སྐོར་ལས་ཁང་ཞིག་གི་མཉམ་ལས་སྐོར་ཡིན་ཞིང་། ས་གནས་རྒྱ་ནག་གཞུང་གིས་ཁོང་ཚོས་རྒྱ་ནག་གི་ཨེ་སི་ལམ་ཁ་ཆེ་བར་འགྲུལ་སྐྱོད་མཐོང་མཆན་ཝེ་ཟཱ་རེག་ཐབས་བྱས་ཏེ། མི་དེ་དག་རྒྱ་ནག་ནས་འབྲོ་ཐབས་སུ་རོགས་རམ་བྱས་ལུགས་ཉེས་འཛུགས་བྱས་འདུག
ཉེན་རྟོག་པ་གསུམ་གྱིས་བྷེ་ཁཱར་ལགས་རྐུབ་སྟེགས་སྟག་ཁ་རུ་བཅུགས་ནས་ཉིན་མཚན་བར་མེད་དུ་འདྲི་གཅོད་བྱས་ཤིང་། ཁོང་གི་ལག་པ་གཉིས་རྒྱབ་ཏུ་བཅུགས་ནས་གནམ་ལ་བཏགས་ནས་རྐང་པའི་རྩེ་སར་ཐིག་ལ་མི་ཐིག་གི་སར་བཞག་པ་དང་། ཉིན་ཞག་བརྒྱད་ལ་གཉིད་དུ་མ་བཅུག་པར་མནར་གཅོད་བཏང་ཞིང་། ནམ་རྒྱུན། ལག་པ་གཉིས་དང་རྐང་པ་གཉིས་ལ་ལྕགས་སྒྲོག་བརྒྱབས་ནས་ལྕགས་ཀྱི་ཉལ་ཁྲིར་བཏགས་ཡོད་པ་དང་། ལག་པའི་ལྕགས་སྒྲོག་དང་རྐང་པའི་ལྕགས་སྒྲོག་གཉིས་མཐུད་ཡོད་དུས་གཟུགས་པོ་དྲང་མོ་ཡར་ལངས་མི་ཐུབ་ལ་རང་དབང་གིས་འགུལ་སྐྱོད་ཀྱང་བྲལ།
འདྲི་གཅོད་བྱེད་མཁན་ཉེན་རྟོག་པས་ཁྱོད་ཀྱི་ཕྱི་སྐྱོད་ལམ་ཡིག་མེར་བསྲེག་རྒྱུ་ཡིན་ཞིང་། ཁྱོད་རང་གསོན་པོར་འགྲོ་ས་ཡོད་མ་རེད་ཅེས་སྡུགས་བསྐུལ་བྱས་ཤིང་། ཁྱོད་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོས་པ་དང་། འཇིགས་བསྐུལ་རིང་ལུགས་པར་འགེབས་སྲུང་དང་རྩ་འཛུགས། ངན་བསྐུལ་བྱས་ལུགས་ཁས་ལེན་དགོས་ཚུལ་ཡང་དང་བསྐྱར་བཙན་བཤད་བྱས་འདུག
ཧ་སག་ཕྱི་འབྲེལ་མི་སྣས་ཐེ་ཇུས་བྱས་སྟབས། ཉེན་རྟོག་པས་བྷེ་ཁཱར་གློད་བཀྲོལ་བཏང་ཡང་། ཁོང་ལ་རང་དབང་མ་ཐོབ་པར་སློབ་གསོ་ར་བ་ཟེར་བའི་གཅིག་བསྡུས་བཙོན་རར་བཅུགས་འདུག
ཁཱ་ར་མེ་གྲོང་ཁྱེར་གྱི་སློབ་གསོ་ར་བ་ཟེར་བར་བྷེ་ཁཱར་དང་གཞན་མི ༤༠ ཁང་པ་གཅིག་ཏུ་བཅུགས་པ་དང་། ཉིན་རྒྱུན་སྔ་མོར་ཡར་ལངས་ནས་རྒྱལ་གླུང་བླངས། རྒྱལ་དར་བསྒྲེངས་རྗེས། ཁང་པ་ཆེན་པོ་ཞིག་ཏུ་ཁྲིད་ནས། དེ་གར༼གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་བ་མེད༽ལ་སོགས་དམར་པོའི་གླུ་དབྱངས་ལེན་དགོས་པ་དང་། དེ་མིན་ད་དུང་རྒྱ་ཡིག་སློབ་དགོས་པ་མ་ཟད་ཀྲུང་གོའི་ལོ་རྒྱུས་ཀྱང་སློབ་དགོས་ཤིང་། དུས་རབས་སྔོན་མའི་ལོ་རབས ༥༠ པར་ཞིན་ཅང་བཅིངས་བཀྲོལ་བཏང་པའི་ལོ་རྒྱུས་དེ་ནན་ཏན་གྱི་སློབ་དགོས། ཁ་ལག་མ་ཟས་གོང་། ཚང་མས་མཉམ་གཅིག་ཏུ་གུང་ཁྲན་ཏང་བཀའ་དྲིན་ཆེ། མེས་རྒྱལ་བཀའ་དྲིན་ཆེ། ཞི་ཀྲུའུ་ཞི་བཀའ་ཆེ། ཞེས་སྐད་གསང་མཐོན་པོས་སྐྱོར་དགོས། སློབ་ཁྲིད་སྐབས་སུ། ཡང་ནས་ཡང་དུ་ཐལ་དྲགས་རིང་ལུགས་པར་ངོ་རྒོལ། ཁ་བྲལ་རིང་ལུགས་པར་ངོ་རྒོལ། འཇིགས་སྐུལ་དྲག་སྤྱོད་པར་ངོ་རྒོལ་ཞེས་སྐྱོར་དགོས།
བྷེ་ཁཱར་གྱིས་ངོས་ལེན་བྱེད་ཐབས་བྲལ་བ་ཞིག་ནི། ཨེ་སི་ལམ་ཆོས་ལུགས་ལ་གཞི་མེད་ཁ་རྡུང་གཏོང་དགོས་པ་དང་། རང་སྐྱོན་རང་བརྗོད། ནང་མི་དང་གཉེན་ཉེ་ལ་སྐྱོན་བརྗོད་བྱེད་དགོས་ཤིང་། བྷེ་ཁཱར་གྱིས་མི་ཆོས་དང་འགལ་བའི་བྱ་སྤྱོད་དེ་དག་དང་ལེན་བྱེད་ཐབས་བྲལ་ནས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་སྟབས། ཁ་རྩིག་པར་གཏད་ནས་ཆུ་ཚོད་ལྔ་རིང་ལངས་བཅུགས་ནས་ཉེས་ཆད་བཅད་པ་དང་། གཟའ་འཁོར་གཅིག་གི་རྗེས་སུ། ཁོང་གཅིག་པུ་ཁང་པ་ཆུང་ཆུང་ཞིག་ཏུ་བཅུགས་ནས་བཟའ་བཏུང་མི་སྤྲད་པ་དང་། ལྟ་རྟོག་ནན་མོའི་གཅིག་བསྡུས་བཙོན་རར་ཉིན ༢༠ར་བཅུགས་རྗེས། ཁོང་གི་སེམས་སུ་རང་ཤི་རྒྱག་རྒྱུ་དྲན་འདུག
བྷེ་ཁཱར་ལགས་མཐའ་མཇུག་གློད་ཡོད་པ་དང་། དེ་ནི་ལོ ༢༠༡༧ ལོའི་ཟླ ༡༡ པའི་ཉིན་མ་ཞིག་སྟེ། ཁོང་འཛིན་བཟུང་གིས་རང་དབང་ཤོར་ནས་ཟླ ༨ ལྷག་ཕྱིན་འདུག
དེའི་རྗེས་ཁོང་རྒྱ་ནག་ནས་ཕྱིར་ཐོན་རྒྱུར་ཆོག་མཆན་ཐོབ་ཀྱང་། དུས་དེ་རིང་ད་དུང་ཁོང་གྲིབ་ནག་དེ་ལས་ཐར་དཀའ་བའི་ཚུལ་ཡིན་པ་རེད།
བྷེ་ཁཱར་གྱི་མིག་ཆུ་ཉིལ་ཉིལ་ངུ་ཞོར་དུ་གསར་འགོད་པར། རང་སྐྱོན་རང་བརྗོད། རང་གི་བསམ་བློ་རང་གིས་བསྒགས། རང་གི་དད་པ་རང་གིས་བསྒགས། རང་གི་མི་རིགས་རང་གིས་བསྒགས་དགོས་པར་ཐུག་ཚེ། བསམ་བློའི་གནོན་ཤུགས་དེ་ཧ་ཅང་ཐེག་དཀའ་བ་ཞིག་རེད་ཟེར།
ཟླ་འགའི་རྗེས་སུ། བྷེ་ཁཱར་གྱི་ཕ་མ། གཅུང་མོ་སོགས་ཀྱང་སློབ་གསོ་ར་བར་བཅུགས་ཡོད་པ་རེད།
ཨོ་མིར་བྷེ་ཁཱར་གྱི་མྱངས་ཚུལ་ནས་རྒྱ་ནག་དེང་གཞུང་གིས་ཡུ་གུར་མི་རིགས་དང་། དེ་བཞིན་ཧ་སག་མི་རིགས་ལ་གདུག་རྩུབ་ཧ་ཅང་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་དུ་བསྟར་གྱིན་པ་མཚོན་ཡོད་ལ། འཛམ་གླིང་ཡུ་གུར་བའི་ཚོགས་ཆེན་གྱི་འཛིན་སྐྱོང་འགན་འཛིན་གྱིས་སློབ་གསོ་ར་བའི་ཐལ་དྲགས་པའི་མཚུངས་བསྒྱུར་གྱི་ལས་འགུལ་དེ་དེ་སྔ་ང་ཚོ་ཚང་མས་མཐོང་མ་མྱོང་བ་ཞིག་རེད་ཅེས་འགྲེལ་བརྗོད་གནང་འདུག
ཨ་རིའི་གྲོས་ཚོགས་གིས་སྤེལ་བའི༼༢༠༡༧ལོའི་ལོ་འཁོར་སྙན་ཐོ༽ཡི་ནང་དུ། ཡུ་གུར་དང་ཧ་སག་མི་རིགས་ཀྱི་ཆོས་ལུགས་དད་མོའི་གནས་སྟངས་དེ་ཧ་ཅང་ཛ་དྲག་ཆགས་ཡོད་ཅེས་བཀོད་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་བསྡོམས་རྩིས་ལྟར་ན། ༢༠༡༦ལོའི་ཞིན་ཅང་གི་བརྟན་བརླིང་སྲུང་སྐྱོབ་ཐད་ཀྱི་འགྲོ་གྲོན་ནི ༣༠༦༠༠༠༠༠༠༠༠ ཡིན་ཞིང་། ༢༠༡༥ལོ་ལས ༢༠%འཕར་ཡོད་པ་རེད།
ལག་སོན་ཁུངས་ལྡན་གནས་ཚུལ་དང་། དེ་བཞིན་གོང་ཞུས་ཡུ་གུར་བ་ཨོ་མིར་བྷེ་ཁཱར་གྱི་མཐོང་ཐོས་མྱངས་གསུམ། དེ་མིན་གནས་ཚུལ་ཡོང་ཁུངས་གཞན་བཅས་ལ་གཞིགས་ན། དེང་གི་ཞིན་ཅང་ངམ་ཤར་ཏིར་ཀི་སི་ཐན་དེ་འཇིག་རྟེན་མི་ཡུལ་གྱི་བཙོན་ར་ཆེ་ཤོས་སུ་གྱུར་ཡོད་པ་དངོས་ཡོད་གནས་ཚུལ་ཆགས་འདུག