བོད་ཡུལ—འཇིག་རྟེན་མི་ཡུལ་གྱི་དམྱལ་ཁམས།

 

Screen Shot 2018-06-10 at 11.25.48
བཙུན་མས་ཏང་གི་བསྟོད་གླུ་ལེན་བཞིན་པ།

བོད་ཁུལ་དུ་བཙུགས་པའི “ཆབ་སྲིད་སློབ་གསོ་ལྟེ་གནས” ཟེར་བའི་གཅིག་བསྡུས་ར་བ་ན་མི་ཆོས་རིང་ལུགས་ཀྱི་དྲི་མ་ཙམ་ཡང་མེད་པར་གང་འདོད་མནར་གཅོད་དང་སྙིང་རྗེ་མེད་པའི་གཅར་རྡུང་དྲག་པོ་བྱེད་ཀྱིན་པའི་མ་ཚད། བཙུན་མ་ཚོར་བཙན་དབང་གིས་འཁྲིག་སྤྱོད་དང་བྱུང་རྒྱལ་དུ་ལུས་པོར་ལག་པ་འཆང་པ་སོགས་བརྙས་བཅས་གཏོང་གིན་ཡོད་ཚུལ་མིག་མཐོང་ལག་ཟིན་གྱི་མྱངས་པ་བརྒྱུད་པའི་བོད་ནང་གི་དགེ་འདུན་པ་ཞིག་དང་ཕ་ཡུལ་དུ་གཉེན་འཕྲད་ལ་སོང་ནས་ཕྱིར་རྒྱ་གར་དུ་ལོག་པའི་བོད་མི་ཞིག་གིས་ར་སྤྲོད་བྱས་འདུག
སྤྱི་ཟླ ༥ པའི་ཚེས ༢༩འི་ཉིན། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་སྤེལ་བའི༼༢༠༡༧ ལོའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་སྙན་ཐོ༽ཡི་ནང་དུ། ལོ་མང་རིང་ཟམ་མ་ཆད་པར་བསྟུད་མར་ཡོང་བའི་རྣམ་གྲངས་ཀྱི་ཆ་ཤས་ཤིག་ཡིན་པའི་ཆ་ནས། རྒྱ་ནག་གཞུང་གིས་མུ་མཐུད་ནས་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་ཡ་ཆེན་སྒར་བཅས་སུ་གྲྭ་བཙུན་ཕྱིར་ཕུད་བཏང་དང་གཏོང་གིན་ཡོད་ཅིང།  ད་བར་དུ་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་སུ་ཉུང་མཐའ་ཡང་གྲྭ་བཙུན ༡༡༥༠༠ ཕྱིར་ཕུད་དང་། གྲྭ་ཤག ༦༠༠༠ ལྷག་གཏོར་བཤིག་བཏང་ཡོད་པ་དང་། གྲྭ་བཙུན་མང་པོ་ཞིག “རྒྱལ་གཅེས་སློབ་གསོ་ལྟེ་གནས” ཟེར་བ་དང་། “ཆབ་སྲིད་སློབ་གསོ་ལྟེ་གནས” ཟེར་བའི་གཅིག་བསྡུས་ར་བར་བཅུགས་ཡོད་ཚུལ་བཀོད་འདུག

དེ་བཞིན་དུ་བཞུགས་སྒར་དྷ་རམ་ས་ལར་ཆགས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉེ་ལམ་བོད་ནང་གི་གྲྭ་བ་ཞིག་གི་ར་སྤྲོད་བདེན་ཚིག་ཕྱི་རུ་བཏོན་ཡོད་པའི་ནང་། གྲྭ་བ་དེ་རྒྱ་ནག་གིས་བོད་ལྗོངས་ཁུལ་དུ་བཙུགས་པའི “ཆབ་སྲིད་སློབ་གསོ་ལྟེ་གནས” ཟེར་བའི་གཅིག་བསྡུས་ར་བར་ཟླ་བ་བཞིའི་རིང་བཀག་ཉར་བྱས་ཡོད་འདུག གྲྭ་བ་དེའི་མིག་གིས་དངོས་སུ་མཐོང་ཞིང་ལུས་དང་དབང་པོས་དངོས་སུ་མྱངས་པའི་བདེན་ཚིག་གིས་གསང་བའི་རྩིག་པ་མཐོན་པོ་དེའི་རྒྱབ་ན་རྒྱལ་གཅེས་དང་ཁྲིམས་ལུགས་སློབ་གསོ་ཟེར་བར་ཁ་གཡར་ནས་བཙུགས་པའི “ཆབ་སྲིད་སློབ་གསོ་ལྟེ་གནས” ཟེར་བའི་ནང་དུ་དོན་གྱིས་མནར་གཅོད་དང་བཙན་དབང་གི་འཁྲིག་སྤྱོད་ཀྱིས་ཁེངས་ཡོད་ཚུལ་ཐེར་འདོན་བྱས་འདུག

བདེ་འཇགས་ཀྱི་ཆེད་དུ་རང་མིང་གསང་བའི་གྲྭ་བ་དེ། དེ་སྔ་མདོ་སྨད་མཚོ་སྔོན་པོའི་ཁུལ་དུ་སློབ་སྦྱོང་བྱེད་ཀྱིན་ཡོད་ཅིང་། ༢༠༡༧ ལོའི་ཟླ ༧ པར་ཕ་ཡུལ་བོད་རང་སྐྱོང་ལྗོངས་ནག་ཆུ་ཁུལ་སོག་རྫོང་གི་ཉེན་རྟོག་པས་བཙན་བཀའ་བཏང་ནས་མྱུར་དུ་ཕྱིར་རང་ཡུལ་ལ་ལོག་དགོས་པ་དང་། གལ་ཏེ་མ་ལོག་ཚེ་ཁོང་གི་ཕ་མ་དང་ནང་མི་འཛིན་བཟུང་བྱེད་རྒྱུ། ནང་མའི་འཚོ་ཐབས་འཕྲོག་རྒྱུ། ད་དུང་ནང་མིའི་བྱིས་པ་སློབ་གྲྭ་སོང་མ་ཆོག་པ་བཟོ་རྒྱུ་ཡིན་ལུགས་སྡུགས་བསྐུལ་བཏང་ཡོད་པ་རེད།

ཕྱིར་ཐབས་ཟད་ཨུ་ཐུག་པའི་གནས་སྟངས་འོག་ཕྱིར་རང་ཡུལ་ནག་ཆུ་ཁུལ་སོག་རྫོང་ལ་ལོག གང་ཉིད་བསླེབས་མ་ཐག་ས་གནས་རྒྱལ་ཁབ་བདེ་འཇགས་ལས་ཁང་གི་དཔོན་རིགས་ཤིག་གིས་ཁོང་ཁྲིད་ནས “སློབ་གསོ་བཅོས་བསྒྱུར་ལྟེ་གནས” ཟེར་བར་འཁྲིད་པ་དང་། ལམ་བར་དུ་ཁོང་ལ་ཁྱོད་རང “སློབ་གྲྭར་ཁྲིད་ཀྱིན་པ་ལས་བཙོན་ཁང་མིན” ཞེས་བཤད་ཡོད་འདུག

དགེ་འདུན་པ་ཁོང “སློབ་གསོ་བཅོས་བསྒྱུར་ལྟེ་གནས” ཟེར་བའི་སྒོ་ཆེན་ལས་ནང་དུ་འཛུལ་མ་ཐག དམག་གི་སྒྲིག་ཆས་ཁྲ་ཁྲ་གོན་པའི་བུད་མེད་སྐོར་ཞིག་ཚུར་ཡོང་བ་དང་། བུད་མེད་དེ་ཚོས་རྒྱལ་ཁབ་བདེ་འཇགས་མི་སྣ་དེ་མཐོང་མ་ཐག་གུས་གུས་ཞུམ་ཞུམ་ངང་གསུང་བཤད་ལ་ནན་ཏན་གྱི་ཉན་གྱིན་འདུག རྗེས་སུ་གཞི་ནས་ཤེས་སོང་། བུད་མེད་དེ་ཚོ་ཚང་མ་བཙུན་མ་རྐྱང་རྐྱང་རེད། ཁོང་ཚོས་གྱོན་པའི་དམག་གི་སྒྲིག་ཆས་ཁྲ་ཁྲ་དེ་དག་རང་རང་གིས་སྒོར་མོ་བྱིན་ནས་ཉོས་པ་ཤར་སྟག་ཡིན་ཞིང་། དམག་ལྭ་སྟོད་འོག་གཉིས་ལ་རྒྱ་སྒོར ༡༥༠ ཡིན་པ་རེད།

སྡོད་ཁང་དོ་དམ་མི་སྣ་ཞིག་ཚུར་ཡོང་ནས་ཁོང་གི་མིང་སོགས་འདྲི་གཅོད་བྱས་རྗེས། ཡང་མུ་མཐུད་ནས “ཁྱོད་གུང་ཁྲན་ཏང་ལ་ཡིད་ཆེས་ཡོད་དམ” ཞེས་དྲིས་བ་དང་། ཁོང་གིས་གཡས་གཡོན་གྱི་མཐུན་གྲོགས་ཚོའི་རྣམ་འགྱུར་ལྟར “ཡིད་ཆེས་ཡོད” ཅེས་ལན་བཏབས་འདུག དེ་ནས་ཁོང་ལ་ཉི་མ་གསུམ་གྱི་ནང་དུ་རྒྱ་ནག་གི་རྒྱལ་གླུ་དང་། ཚེ་བརྟན་སྒྲོལ་མའི༼ཕ་མ་གཅིག་གི་བུ་ཕྲུག༽ཅེས་པའི་གླུ་དབྱངས།  དེ་མིན་རྒྱ་སྐད་ཀྱི་གླུ་དབྱངས་གཞན་ཞིག་བཅས་མ་ཤེས་ཚེ་ཆད་པ་ལྕི་མོ་གཅོད་ངེས་ཡིན་ཞེས་བཙན་བཀའ་བཏང་འདུག

གོང་ཞུས་གྲྭ་པ་དེའི་བཤད་པའི་བདེན་ཚིག་དེ་དག་དང ༢༠༡༧ ལོའི་ཟླ ༣ པར་རྒྱལ་སྤྱིའི་སྒྲིག་འཛུགས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་སྤེལ་བའི་བརྙན་མིག་ཞིག་གི་ནང་གི་གནས་ཚུལ་གཉིས་གཅིག་མཚུངས་ཡིན་པ་དང་། བརྙན་མིག་དེའི་ནང་ལུས་སྟེང་དུ་དམག་གི་སྒྲིག་ཆས་ཁྲ་ཁྲ་གྱོན་ཞིང་སྐྲ་བཞག་མེད་པའི་བུད་མེད་སྐོར་ཞིག་གིས་རྩིག་པའི་ངོས་སུ་རྒྱ་ནག་གི་རྒྱལ་དར་དང་རྒྱལ་རྟགས་བཀལ་བའི་ཁང་པ་ཞིག་ཏུ “བོད་དང་རྒྱ་ནག་གཉིས་ནི་ཨ་མ་གཅིག་གི་བུ་ཕྲུག་ཡིན། ཨ་མ་དེ་ནི་ཀྲུང་གོ་ཡིན” ཞེས་པའི་གླུ་དབྱངས་དེ་སྐད་གསང་མཐོན་པོས་ལེན་གྱིན་ཡོད་པ་རེད།

མིང་གསང་བའི་གྲྭ་བ་དེས་ད་དུང་ཡང་། དམར་པོའི་གླུ་དབྱངས་རིགས་ལེན་དགོས་པའི་མ་ཚད། ཆབ་སྲིད་སློབ་གསོ་ལྟེ་གནས་ཟེར་བའི་ནང་རྒྱ་སྐད་ཀྱི་སློབ་ཁྲིད་བྱེད་ཀྱིན་པ་དང་། ཁྲིམས་ལུགས་སྐོར་གྱི་སློབ་ཁྲིད་ཉུང་ཉུང་ཞིག་ལས། གཙོ་བོ་དེ༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚད་དམོད་ཞུ་རྒྱུ་དང་། གྲྭ་བཙུན་ཚང་མས་རང་སྐྱོན་རང་བརྗོད་བྱེད་དགོས་པ་རེད།

མི་དེ་ཚོ་མཚམས་མཚམས་སུ་བྱིས་པ་ཞིག་དང་འདྲ་བར། ཕོན་ཆེ་བའི་རྒྱལ་ཁབ་ཅིག་གིས་རྒྱང་རིང་གི་གྲྭ་བ་རྒན་པ་ཞིག་ལ་གསང་བའི་ངང་ནས་མཚན་དམོད་ཞུ་བཞིན་པ་དེ་དངོས་གནས་དགོད་བྲོ་བ་ཞིག་རེད་ཅེས་གྲྭ་པ་དེས་བརྗོད་འདུག

གྲྭ་བ་དེའི་ཕྱིར་དྲིན་བྱས་པར་གཞིགས་ན། ཉིན་མོར་ཁོང་ཚོས་གནམ་གཤིས་ཡག་བཙོག་ལ་མ་ལྟོས་པར་དམག་སྦྱོང་བྱེད་དགོས་པ་དང་། དམག་སྦྱོང་སྐབས་ཕྲན་བུ་ཞིག་མ་འགྲིག་ཚེ་ལམ་སང་གཅར་རྡུང་བྱེད་པ་དང་། མཚན་མོར་རིག་གནས་གསར་བརྗེ་སྐབས་ལྟ་བུའི་འཐབ་རྩོད་ཚོགས་འདུ་འཚོགས་པ་དང་། མཚན་གུང་གློ་བུར་དུ་ལངས་ནས་འགྲོ་དགོས་པས། གལ་ཏེ་གཉིད་ལས་མ་སད་པ་དང་ཡང་ན་རྗེས་ལུས་ཐེབས་ཚེ་གཅར་རྡུང་དྲག་པོ་རེག་རྒྱུ་ལས་གཞན་ཉལ་ཆས་ཁུར་ནས་ཆུ་ཚོད་གཉིས་རིང་རྒྱུགས་དགོས་པ་སོགས་མནར་གཅོད་ཚད་ལས་འདས་པ་གཏོང་རྐྱེན། མི་ཕལ་མོ་ཆེས་མཚན་མོར་ཉལ་དུས་ལྭ་བ་གོན་ནས་ཉལ་གྱིན་ཡོད་འདུག

གྲྭ་བ་དེའི་བདེན་ཚིག་ལས་གསལ་བ་ཞིག་ལ། “ཆབ་སྲིད་སློབ་གསོ་ལྟེ་གནས” ཟེར་བར་བཙུན་མ་ཚོར་བཙན་དབང་གིས་འཁྲིག་སྤྱོད་དང་གང་བྱུང་གིས་ལུས་པོར་ལག་པ་འཆང་གིན་ཡོད་འདུག གྲྭ་བ་དེས་བཤད་པ་ལྟར་ན། ངལ་དུབ་ཆེ་དྲགས་པས་བཙུན་མ་ཚོ་དྲན་པ་འཐོར་རྗེས། ལྟ་སྲུང་མི་སྣས་ཁང་པའི་ནང་ཁྲིད་འགྲོ་བ་དང་། དེ་མིན་ལྟ་སྲུང་རྒྱ་རིགས་ཚོས་བཙུན་མ་ཚོར་གང་བྱུང་གིས་ལུས་པོའི་གང་སར་ལག་པ་འཆང་བ་ཁོང་གིས་དངོས་སུ་མཐོང་ཞིང་། ལྟ་སྲུང་སྐྱེས་པ་ཚོས་བཙུན་མའི་ཉལ་ཁང་ནང་བཙུན་མ་ཚོ་འོག་ཏུ་མནན་ནས་རྩེད་མོ་རྩེད་ཁད་བྱས་ལུགས་གོ་ཐོས་བྱུང་འདུག

གཞན་ཡང་མི་ཆོས་དང་འགལ་བའི་བྱ་སྤྱོད་གཞན་དག་ནི། དཔེར་ན་ཁ་ལག་རྙིང་པ་དང་རུལ་བ་ཟ་རུ་འཇུག་པ་དང་། མཉམ་རུབ་ཉེས་ཆད་གཅོད་པ། ཁ་ལག་མི་སྟེར་བ། གཉིད་འགོག་པ། གློག་གི་དབྱིག་པས་རྡུང་བ། གྲྭ་བཙུན་ལ་ལས་ལག་པ་བཅག་པའི་གནས་ཚུལ་ཡང་བྱུང་ཡོད་འདུག གལ་སྲིད་གློད་བཀྲོལ་ཐོབ་པའི་དབང་དུ་བཏང་ཡང་། དུས་རྟག་ཏུ་ས་གནས་མངག་གཏོང་ཉེན་རྟོག་ལས་ཁང་དུ་སོང་ནས་ཐོ་འཐོད་དང་ཡར་ཞུ་བྱེད་དགོས་པ་དང་། གྲྭ་ལྭ་གོན་མི་ཆོག་པ། དགོན་པར་ཕྱིར་ལོག་མི་ཆོག་པ་། ཁོང་ཚོའི་སྡོད་དམངས་ཐོབ་ཐང་ལག་འཁྱེར་ས་གནས་རྒྱལ་ཁབ་བདེ་འཇགས་ལས་ཁང་གིས་བཙན་ཉར་བྱས་ཡོད་པ་རེད།

“ཆབ་སྲིད་སློབ་གསོ་ལྟེ་གནས” ཟེར་བར་གྲྭ་བཙུན་ལས་གཞན་མི་རྐྱ་ཡང་མང་པོ་ཡོད་པ་དང། དེ་ཡང་ལོ་ན ༢༩ སོན་པའི་དཀོན་མཆོག་ཚི་རིང་ལགས ༢༠༡༧ ལོའི་ཟླ ༡༠ བར་རྒྱ་གར་ནས་ཕྱིར་ཕ་ཡུལ་མཚོ་སྔོན་དུ་གཉེན་འཕྲད་ལ་ལོག་སྐབས། བཙན་དབང་གིས་ཆབ་སྲིད་སློབ་གསོ་ལྟེ་གནས་ཟེར་བའི་གཅིག་བསྡུས་ར་བར་ཉིན ༡༠ ལ་བཀག་ཉར་བྱས་ཤིང་། རྩིག་པ་མཐོན་པོས་ཡོངས་སུ་བསྐོར་བའི་གཅིག་བསྡུས་ར་བར་ལོ་ན ༢༠ ནས ༣༠ བར་གྱི་གཞོན་སྐྱེས་བོད་པས་ཁེངས་ཡོད་པ་རེད།

གཅིག་བསྡུས་ར་བར་འབྱོར་རྗེས། སོག་རྫོང་དང་གཅིག་མཚུགས་ཀྱིས་ཟླ་གཅིག་ལྷག་གི་རིང་དམག་སྦྱོང་བྱེད་དགོས་པ་དང་། དེ་མིན་པའི་སློབ་གསོ་ཟེར་བའི་སྐབས། ཁྲིམས་ལུགས་སློབ་གསོ་ལ་ཁ་གཡུར་ནས་དོན་གྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་རང་ཡིན་པ་དང་། ད་དུང་ནམ་རྒྱུན “རྒྱ་ནག་གཞུང་མ་གཏོགས་གཞན་སུ་གཅིག་གིས་ཀྱང་ཁྱོད་ཚོ་སྲུང་སྐྱོབ་བྱེད་མི་ཐུབ” ཅེས་སྡུགས་བསྐུལ་བྱེད་ཀྱིན་ཡོད་པ་རེད།

གོང་ཞུས་ཨ་རིའི༼༢༠༡༧ལོའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་སྙན་ཐོ༽དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། གལ་སྲིད་རྒྱ་ནག་གཞུང་གིས་མིང་དོན་མཚུངས་པའི་ཁྲིམས་ཀྱིས་སྐྱོང་བའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་འདོད་ཡོད་ན། ངེས་པར་དུ་མི་སེར་གྱི་ཁྲིམས་མཐུན་ཐོབ་ཐང་དང་རང་དབང་བཙན་འཕྲོག་གི་བྱ་སྤྱོད་རིགས་མཚམས་འཇོག་དགོས། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། རྒྱ་ནག་གཞུང་གིས་ངེས་པར་དུ་དྲག་གནོན་གྱི་སྲིད་ཇུས་རིགས་མཚམས་འཇོག་དགོས་པ་མ་ཟད། བོད་མི་ཚོ་མ་དགའ་བ་དང་ངོ་རྒོལ་བྱེད་དོན་གྱི་རྒྱུ་རྐྱེན་གང་ཡིན་རྩད་བཅད་དེ་དག་ཐག་གཅོད་བྱེད་དགོས་ཞེས་ལམ་སྟོན་གནང་འདུག

Advertisements

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

w

Connecting to %s