——ཨ་རྒྱའི་ཚོང་དམག་ལེའུ་བདུན་པ།

ཁྲོ་རྒན་དང་ཁེམ་རིལ་གྱི་མཇལ་མོལ་ནས་ཚིག་མགོ་བརྩམས་ན་བསམ་བྱུང་། ཁེམ་རིལ་གྱིས་གང་གི་བློ་གྲོས་དང་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་སིངྒ་ཕོའི་མཇལ་མོལ་བརྒྱུད་རྒྱལ་ཁབ་གྱི་ཉེན་ཁ་སེལ་ཞིང་། མཇལ་མོལ་ཐེངས་གཅིག་གིས་ལོ་མང་རིང་བསགས་ཀྱང་ལྷག་པའི་ཨ་རི་དང་བྱང་ཀོ་རེ་ཡའི་འགལ་ཟླ་སེལ་བ་དང་ཆབས་ཅིག རྒྱ་ནག་དང་ཨོ་རུ་སུ། ཉི་ཧོང་། ལྷོ་ཀོ་རེ་ཡ་བཅས་ཀྱི་འབྲེལ་བའང་ཇེ་བཟང་དུ་བཏང་། དེ་ནི་ཁེམ་རིལ་གྱི་སྤྱང་ཞིང་གྲུང་པོའི་བློ་རིག་གི་ཁར་འཛམ་གླིང་ཁྱོན་ཡོངས་ཀྱི་ཆབ་སྲིད་གནས་བབ་ལ་མཐིལ་མཐོང་གི་རྟོགས་པ་བསྣན་ནས་བྱུང་བའི་གྲོལ་དེ་ཡིན་ཞིང་། ཞི་བདེའི་གྲོས་མོལ་གྱི་ལམ་ནས་ཕྱིའི་ཉེན་ཁ་མཐའ་དག་བདེ་བླག་ངང་སེལ་བའི་མ་ཚད་ལོ་བཅུ་ཕྲག་འགར་རྒྱལ་ཁབ་དང་མི་དམངས་མུ་གེས་བསྡམས་ནས་བསྐྲུན་པའི་རྡུལ་ཕྲན་མཚོན་ཆ་ལ་བློ་ཡུལ་ནས་འདས་པའི་རིན་གུང་ཆེན་པོ་རེག་ཡོད་ལ། ཁེམ་རིལ་གྱིས་བསྟུད་མར་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་དོན་ཡང་རིན་གུང་ཡག་པོ་ཞི་རེག་རྒྱུའི་སླད་དུ་ཡིན་པར་ངོས་འཛིན་བྱ་རུང་།
ཁྲོ་རྒན་གྱིས་ཨ་རི་དང་བྱང་ཀོ་རེ་ཡ་ཡང་ན་ཁོང་དང་ཁེམ་རིལ་བར་གྱི་དོན་དག་ཐག་གིས་བཅད་མ་ཐག་ལམ་སང་རྒྱ་ནག་གི་གནད་དོན་དེ་ཁོང་གི་ཉིན་རེའི་བསྒྲུབ་ཐོའི་སྟེང་བཀོད་ཡོད་ལ། ཕྱིར་ཨ་རིའི་ས་ཐོག་ཏུ་ཐོན་ལོང་ཡང་མ་ཕྱིན་པར་སེངྒ་ཕོ་ནས་ཕྱིར་ཕེབས་པའི་གནམ་གྲུའི་སྟེང་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཡིན་ཚུལ་གསལ་བསྒྲགས་བྱས་ཤིང་། དེ་ནས་ཟླ ༦ པའི་ཚེས ༡༤ ཉིན་ཕོ་བྲང་དཀར་པོས་རྒྱ་ནག་ནས་ནང་འདྲེན་བྱས་པའི་ཨ་སྐོར ༥༠༠༠༠༠༠༠༠༠༠༠འི་རིན་གུང་གི་ཚོང་རྫས་གི་སྒོ་ཁྲལ ༢༥ %སྤར་རྒྱུ་ཡིན་པ་གསལ་བསྒྲགས་བྱས་པ་རེད། གལ་ཏེ་ཁ་ཟེར་བཞིན་ལག་ལེན་དུ་བསྟར་ཚེ། རྒྱ་ནག་གི་དངོས་ཟོག་མང་པོ་ཞིག་ཨ་མེ་རི་ཀར་བཙོང་མི་ཐུབ་པ་དང་། རྒྱ་ནག་གི་ཚོང་རྫས་ལ་སྒོ་ཁྲལ ༢༥ %སྤར་ཚེས། རྒྱ་ནག་གི་ཚོང་རྫས་གི་རིན་གུང་རྒྱལ་ཁབ་གཞན་པའི་ཚོང་རྫས་གི་རིན་གུང་ལས་མཐོ་བ་ཆག་དུས་རྒྱ་ནག་ལ་ཚོང་ར་མེད་པར་གྱུར་འགྲོ་ཞིང་། དེ་སྔ་ཡོད་པའི་ཚོང་ར་དེ་གཞན་གྱིས་འཕྲོག་འཛིན་བྱ་སྲིད་པས་རྒྱ་ནག་གི་ཚོང་རྫས་ཚོང་ར་ནས་ཕྱིར་འཐེན་མི་བྱེད་རང་བྱེད་ཆག་འགྲོ དེ་ནི་ཚོང་ལས་ཀྱི་ཆོས་ཉིད་ཡིན།
གལ་ཏེ་དེ་ལྟར་ཕྱིན་ཚེ་རྒྱ་ནག་ལ་ཅི་ཞིག་བྱུང་སྲིད་དམ་ཞེ་ན། རྒྱ་ནག་ནང་གི་ཕྱི་བཙོང་ལ་བརྟེན་པའི་ཚོང་ལས་ཁེ་གཉེར་ཁང་མང་པོ་ཞིག་ལྷག་པར་དུ་ཨ་རིའི་ཚོང་ར་ཁོ་ནར་བརྟེན་པའི་ཚོང་ལས་ཁེ་གཉེར་ཁང་ཚོས་རྣམ་པར་བསྒྱུར་བ་གཏོང་རྒྱུ་དང་ཡང་ན་སྒོ་རྒྱག་རྒྱུར་ཐུག་ཡོད། དེ་ཆུང་ས་དེ་ཡིན། ཆེ་ས་ནས་བཤད་ན། རྒྱ་ནག་ནི་ཕྱི་འཚོང་ལ་བརྟེན་པའི་རྒྱལ་ཁབ་ཅིག་ཡིན་པས། གལ་ཏེ་ཨ་རིའི་སྒོ་ཁྲལ་སྤར་བར་རྐྱེན་བྱས་ནས་རྒྱ་ནག་ནང་དཔལ་འབྱོར་ཉམས་ཆག་གི་ཉེན་ཁ་བྱུང་མི་སྲིད་པ་མིན་སྟབས། གལ་སྲིད་དཔལ་འབྱོར་ལ་ཆག་སྒོ་ཞིག་བྱུང་ཚེ་མི་མངོན་པའི་གནད་དོན་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་སྲིད་ན། དེ་དུས་རྒྱ་ནག་གུང་ཁྲན་གཞུང་གི་སྲིད་དབང་གནས་མིན་ལ་ཐུག་ངེས་ཡིན་ཞིང་། རྒྱུ་མཚན་ནི་དམར་ཤོག་ཚོགས་པའི་སྲིད་དབང་དེ་ཁྲིམས་མཐུད་ཡིན་མིན་དཔལ་འབྱོར་གྱི་འཕེལ་འགྲིབ་ལ་ཐུག་ཡོད་པས་ཡིན། ཡིན་ན་ཡང་། རྒྱ་ནག་གི་ཡོད་ཚད་གུང་ཁྲན་གཞུང་གིས་བདག་འཛིན་བྱས་ཡོད་པས་སྲིད་དབང་མགོ་རྟིང་སློག་པའི་ཉེན་ཁ་བྱུང་མི་སྲིད་པར་སྙམ།
ཨ་རིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་ཨ་སྐོར ༥༠༠༠༠༠༠༠༠༠༠༠འི་རིན་གུང་གི་ཚོང་རྫས་ཀྱི་སྒོ་ཁྲལ ༢༥ %སྤར་རྒྱུ་ཡིན་པ་གསལ་བསྒྲགས་བྱས་པ་དང་ཆབས་ཅིག གལ་སྲིད་རྒྱ་ནག་གིས་འཁོན་ལན་བསློག་ཚེ་མུ་མཐུད་ནས་གཞི་རྒྱ་ཇེ་ཆེར་གཏོང་གིན་ཡིན་ཞེས་ཉེན་བརྡ་བརྒྱབས་མིན་ལ་མ་ལྟོས་པར་རྒྱ་ནག་གིས་གཅིག་མཚུངས་ཀྱི་རྣམ་པས་གཅིག་མཚུངས་ཀྱི་གཞི་རྒྱས་གདོང་ལེན་དང་ཁ་གཏད་གཅོག་རྒྱུ་ཡིན་ལུགས་ཡ་ལན་སྤྲད་རྗེས། ཁྲོ་རྒན་གྱིས རྒྱ་ནག་ནས་ནང་འདྲེན་བྱས་པའི་ཨ་སྐོར ༢༠༠༠༠༠༠༠༠༠༠༠༠འི་རིན་གུང་གི་ཚོང་རྫས་ཀྱི་སྒོ་ཁྲལ ༡༠ %སྤར་རྒྱུར་གྲ་སྒྲིག་བྱེད་ཀྱིན་པ་གསལ་བསྒྲགས་བྱས་འདུག
འོ་ན་ཚིག་བརྒྱད་བརྒྱ་བཤད་པའི་མདོ་ཁྲོ་རྒན་ལ་ཅི་ཞིག་དགོས་ཀྱིན་ཡོད་དམ་ཟེར་ན། ཁོང་ནི་ཆབ་སྲིད་ཀྱི་འདུ་ཤེས་ཐད་ནས་ཨ་རིའི་སྲིད་འཛིན་ཟུར་བ་ལིན་ཁིན་གྱི་ཆབ་སྲིད་ལྟ་བའི་རྗེས་འབྲང་བ་དང་། དཔལ་འབྱོར་འདུ་ཤེས་ཀྱི་ཐད་ནས་ཨ་རིའི་སྲིད་འཛན་ཟུར་བ་རེ་གྷན་གྱི་དཔལ་འབྱོར་ལྟ་བའི་རྗེས་འབྲང་བ་ཞིག་ཡིན་ཞིང་། ཁོང་ནི་ཁེ་ལས་པ་ཆེན་པོ་ཞིག་ཀྱང་ཡིན་པས། དེང་གི་རྒྱལ་སྤྱིའི་འབྲེལ་བ་དེ་མཐར་གཏུག་ན་ཚོང་ལས་ཀྱི་འབྲེལ་བ་ཞིག་ལས་མ་འདས་པ་ཁོང་གིས་གསལ་བོར་རྟོགས་ཡོད་ལ། གོ་ལའི་སྒང་དུ་འཚོ་ཞིང་གནས་པའི་འགྲོ་བ་དུང་ཕྱུར་བདུན་ཅུ་ཚང་མ་སྒོར་མོ་ལ་དགའ་ཞེན་ཅན་ཤར་སྟག་ཡིན་པ་དང་། སྒོར་མོ་ཡོད་ན་ད་གཟོད་མི་རྣམས་པའི་འཚོ་བ་ཡག་པོ་ཞིག་རོལ་ཐུབ་པའི་གནས་ལུགས་དེ་ཁོང་ལ་མཚོན་ན་ས་རིས་ཐང་གསལ་ཡིན། ཡིན་ན་ཡང་རྒྱལ་ཁབ་ཅིག་གི་སྲིད་འཛིན་ལ་མཚོན་ན་འབངས་མི་སེར་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་རོལ་ཏུ་འཇུག་རྒྱུ་འོས་འགན་ཡིན་མོད། འོན་ཀྱང་མཐར་ཐུག་གི་དམིགས་ཡུལ་དེ་ཁོ་ན་ཙམ་ཡིན་མི་སྲིད། ཁྲོ་རྒན་གྱི་གསལ་བསྒྲིགས་བྱས་ཟིན་པའི་ཨ་སྒོར་ཁྲག་ཁྲིག་ལྔ་ཡི་ཚོང་ཟོག་གི་སྒོ་ཁྲལ་སྤར་རྒྱུ་དང་། དེ་མིན་པའི་ཨ་སྐོར་ཁྲག་ཁྲིག་ཆེ་མོ་གཉིས་ཀྱི་ཚོང་རྫས་ཀྱི་སྒོ་ཁྲལ་སྤར་རྒྱུ་བཅས་ཀྱི་དམིགས་སྒོར་གཙོ་བོ་དེ་ཚོང་ར་ཡིན་ལ་རྒྱ་ནག་རྒྱལ་ཁབ་ཀྱི་འགྲན་རྩོད་ནུས་ཤུགས་ཀྱང་ཡིན། གལ་ཏེ་གཙོ་ཕལ་གྱི་དབྱེ་བ་ཞིག་བཀར་དགོས་སོང་ན། དམིགས་ས་གཙོ་བོ་དེ་ཚན་རིག་ལག་རྩལ་མཐོ་གྲས་ཀྱིས་མཚོན་པའི་རྒྱ་ནག་རྒྱལ་ཁབ་ཀྱི་འགྲན་རྩོད་ནུས་ཤུགས་དེ་ཡིན། སྒོར་མོ་ཕལ་བ་དེ་ཡིན། ཨ་མེ་རི་ཀར་མཚོན་ན་སྒོར་མོ་གལ་ཆེན་དེ་མིན། ཉིན་མཚན་བར་མེད་དུ་གོ་ལ་ཧྲིལ་བོའི་སྒོར་མོ་ཨ་རིར་ཡོང་གིན་ཡོད་པས་ཨ་རི་ལ་སྒོར་མོ་ཡོད། ཡིན་ན་ཡང་ཡོད་ནས་འདང་སོང་བ་ཞིག་མེད་ན་ཨ་རིར་སྒོར་མོ་མི་དགོས་མི་མཁོ་བ་ཡང་གཏན་ནས་མིན།
ཨ་རིའི་གསལ་བསྒྲགས་བྱས་ཟིན་པའི་སྒོ་ཁྲལ་སྤར་བྱའི་རྒྱ་ནག་གི་ཚོང་རྫས་མིང་བྱང་ལ་གཞིགས་ན། སྒོ་ཁྲལ་སྤར་བྱའི་དམིགས་འབེན་དེ་རྒྱ་ནག་མི་དམངས་མིན་ལ་རྒྱ་ནག་གི་རྒྱལ་གཉེར་ཁེ་ལས་ཁང་དག་དང་། རྒྱ་ནག་གི་བཟོ་སྐྲུན ༢༠༢༥ དང་འབྲེལ་ཡོད་དག་ཡིན། འདི་ལས་ཤེས་ཐུབ་པ་ཞིག་ནི་ཚོང་དམག་རྒྱག་པའི་སྐབས་སུའང་ཀུན་སྤྱོད་དམ་སྲུང་བྱས་ཡོད་པ་གསལ་བོ་རེད།
ཚོང་དམག་གི་སྤྱི་ཁོག་ནས་བཤད་ན། ཚོང་རྫས་ཙམ་ཡིན་མི་སྲིད། གལ་ཏེ་ཚོད་དཔག་ལ་ནོར་འཛོལ་མ་ཐེབས་ན་མ་མཐའ་ཡང་རིམ་པ་གསུམ་ཡོད་ངེས་ཡིན།
རིམ་པོ་དང་པོ་དེ་ད་ལྟ་འགྲོ་བཞིན་པའི་རྒྱ་ནག་ནས་ནང་འདྲེན་ཚོང་རྫས་རིགས་ཀྱི་སྒོ་ཁྲལ་སྤར་རྒྱུ་དེ་ཡིན། རིམ་པ་གཉིས་པ་དེ་རྒྱ་ནག་ཁེ་ལས་ཁང་དག་ཡིན་སྲིད། ཁེ་ལས་ཁང་དེ་དག་ནི་རྒྱ་ནག་གི་བཟོ་སྐྲུན ༢༠༡༥ ཞེས་པ་དང་འབྲེལ་བ་ཅན་ཤར་སྟག་ཡིན་དགོས། རིམ་པ་གསུམ་པ་ནི་རྒྱུ་ནོར་འབོར་ཆེན་ཨ་རིར་སྐུང་བའི་རྒྱ་ནག་གི་ལྐོག་ཟ་རུལ་སུངས་བ་དང་མིང་བྱང་སྣ་ཚོགས་བཏགས་ནས་ཨ་རིའི་སློབ་ཆེན་དང་གནད་ཡོད་ལས་ཁུངས། ཞིབ་འཇུག་སྡེ་ཚན་སོགས་ནས་གསང་བ་རྐུ་ཐབས་དང་ཚན་རིག་ལག་རྩལ་ཐོབ་ཐབས་བྱེད་ཀྱིན་པའི་གསང་མྱུལ་བ་ཚོ་ཡིན་སྲིད། མདོར་ན་འབབ་ས་དེ་ཚོང་རྫས་དང་། ཁེ་ལས་ཁང་། མི་བཅས་ཡིན་སྲིད།
ད་ལོའི་ལོ་སྟོད་དུ་ཁྲོ་རྒན་ཚོང་དམག་རྒྱག་རྒྱུའི་རྟ་གོན་ལ་ཞུགས་པ་ནས་དེ་རིང་བར་རྒྱ་ནག་གཞུང་གི་ཚོད་དཔག་ལ་ནོར་འཛོལ་ཐེབས་ཡོད་ལ། ཁྲོ་རྒན་གྱི་ཆོད་སེམས་ལ་དོགས་པ་ཟོས་ཡོད། ནོར་འཛོལ་གཉིས་པ་ནི་ཁྲོ་རྒན་གྱི་ཆོད་སེམས་ལ་ཀླན་ཀ་བཙུགས་པ་དེ་ཡིན། དཔེར་ན་ཨ་རྒྱའི་གྲོས་མོལ་ཚོགས་འདུ་ཐེངས་གསུམ་པའི་སྐབས་སུ་རྒྱ་ནག་གིས་ཨ་སྒོར་ཁྲག་ཁྲིག་བདུན་གྱིས་ཨ་རི་མགོ་སྐོར་གཏོང་ཐབས་བྱས་པ་ལྟ་བུའོ།
ཨ་རི་དང་ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་ཚོང་ལས་དང་དཔལ་འབྱོར་གྱི་སྲིད་བྱུས་སྒྲོམ་གཞི་ལ་འགྱུར་བ་གཏོང་འདོད་ཡོད་པ་ལས། སྒོར་མོ་འགའི་དོན་དུ་མིན་པ་གསལ་བོ་ཡིན།
གསར་འགྱུར་སྨྱན་བྱད་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཨ་རིའི་སྲིད་འཛིན་ཁྲོ་རྒན་གྱིས་ཚོང་དམག་བསླངས་པ་དང་བརྒྱབས་པ་སོགས་གླེང་གིན་ཡོད་མོད། ཡང་དག་པར་བཤད་ན་ཁྲོ་རྒན་གྱིས་རྒྱ་ནག་གཞུང་གི་ལོ་མང་རིང་མངོན་ལྐོག་གཉིས་སུ་ཨ་རིས་གཙོས་ནུབ་ཕྱོགས་རྒྱལ་ཁབ་ལ་ཚོང་དམག་བསྟུད་མར་བརྒྱབས་པར་གདོང་ལེན་དང་ཕར་རྒོལ་བྱས་པ་ཞིག་ཡིན། ཁྲོ་རྒན་གྱིས་ཚོང་དམག་ཁྲོད་ང་ཚོ་ཕམ་ཟིན་པ་རེད་ཅེས་གསུངས་པ་ལས་ཨ་རྒྱའི་བར་གྱི་ཚོང་དམག་དེ་ཁ་སང་དེ་རིང་ལངས་པ་ཞིག་མིན་པ་མཚོན་ཡོད། ཚོང་དམག་ག་དུས་ནས་མགོ་ཚུགས་པ་དང་བསླངས་མཁན་སུ་ཡིན་མིན་ལ་མ་ལྟོས་པར། ཨ་རྒྱའི་དཔལ་འབྱོར་དོ་མི་མཉམ་པའི་འབྱུང་རྩ་དེ་རྒྱ་ནག་གཞུང་གི་དཔལ་འབྱོར་སྲིད་ཇུས་ལ་ཐུག་ཡོད་པས། སྦྲུལ་མདུད་སྦྲུལ་བཤིག་གི་དཔེ་ལྟར། རྒྱ་ནག་གིས་གཡོ་སྒྱུ་དང་ཟོལ་སྦྱོར་དོར་ནས་གནད་དོན་ལ་གདོང་ལེན་ཡག་པོ་བྱས་ན་ད་གཟོད་གྲོས་མོལ་ཡོང་སྲིད་པ་ལས། ཨ་རི་ནས་ཨ་སྒོར་ཁྲག་ཁྲིག་བདུན་གྱི་ཚོང་ཟོག་ཉོ་རྒྱུ་ཡིན། ཨ་རིས་གནད་དོན་གཞན་གཅིག་ཀྱང་གླེང་མི་ཆོག་ཅེས་པའི་བཅིངས་གཅོད་ཀྱི་སྲུད་ཇུས་ནི་རང་ཆེ་རང་རློམ་གྱི་སེམས་ཁམས་འབའ་ཞིག་ཡིན་ན། དེ་འདྲའི་བཙན་ཧམ་གྱི་བྱ་སྤྱོད་ཀྱིས་གནད་དོན་ཐག་གཅོད་ལ་ཕན་པ་མེད་པ་མ་ཟད་རང་ཇུས་མིར་བསྐུར་ཆག་སྒོ་རིན་ཉོས་སུ་འགྲོ་མི་སྲིད་པ་མིན།
སྤྱིར་ན་ཚོང་དམག་ལ་མང་ཉུང་དང་ཆེ་ཆུང་གི་དབྱེ་བ་ཙམ་ལས་རྒྱལ་ཕམ་གྱི་དབྱེ་བ་ཆེར་མེད་པས། རབ་ཡིན་ན་རྒྱ་གཞུང་གིས་རང་སྐྱོན་རང་བརྗོད་ཀྱི་སྲོལ་རྒྱུན་ལྟར་སྐྱོན་ཆ་ངོས་བླངས་ནས་གནད་དོན་ལ་གདོང་ལེན་བྱས་ན་གཡུལ་འཁྲུག་གི་ངོ་བོར་འགྲོ་མི་དགོས་པར་གནད་དོན་ཐག་གིས་ཆོད་ངེས་ཡིན་མོད། ངོ་སོ་གཙོ་བོ་འཛིན་པའི་རིག་གཞུང་ལྗོངས་ཅན་གྱི་རྒྱ་གན་གཞུང་ལ་དེ་འདྲའི་བློ་ཁོག་ཡོད་དམ། ང་ཚོས་རིམ་གྱིས་བལྟ་ཆོག