ཊོམ་རིང་ལུགས། ཞི་དགོངས་པ།

 

——ཊོམ་དང་ཞིའི་ངང་ཚུལ་ལས་ཨ་རྒྱའི་གནས་བབ་གླེང་བ།

Screen Shot 2018-07-16 at 13.01.45.png
པར་གཞན་ནས་བཤུས།

ཆད་ཆད་མཐུད་མཐུད་ཀྱི་ཨ་རྒྱའི་ཚོང་དམག་ཇེ་ཚ་ཇེ་དྲག་ཏུ་འགྲོ་བཞིན་པའི་སྒང་དང་། རྒྱ་ནག་གི་མ་རྐང་ཁྲོམ་ར་ཆག་ནས་དྲེད་མོང་ཁྲོམ་རར་ཆགས་པའི་སྒང་ལ། རྒྱ་ནག་གི་ནང་སྲིད་དང་ཕྱི་འབྲེལ་གྱི་ཐད་ན་རྣམ་པ་གསར་བ་གསུམ་བྱུང་ཡོད་ལ། དེ་ཡང་ཞི་ཅིང་ཕེང་གིས་ཡོ་རོབ་ཀྱི་ཚོང་ལས་མགོ་གཙོ་སྐོར་ཞིག་དང་མཇལ་མོལ་སྐབས། ནུབ་གླིང་བར་གདོང་གཡོན་པར་འགྲམ་ལྕག་བཞུས་ན་གདོང་གཡས་པ་བསྲིང་ནས་འགྲམ་ལྕག་རྒྱག་ཏུ་འཇུག་དགོས་ཞེས་པའི་རིག་གནས་ཤིག་ཡོད་པ་ནང་བཞིན། ང་ཚོ་ལ་དགྲ་ལ་དགྲ་ལན་དང་ཀི་ལན་ཀི་ལན་ཟེར་བའི་རིག་གནས་ཤིག་ཡོད་ཅེས་པའི་ངར་ཤེད་ཆེ་བའི་སྨྲ་བརྗོད་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྩོད་པ་གསར་བ་ཞིག་བསླངས་ཡོད་པ་དང་གཅིག རྒྱ་ནག་དྲིལ་བསྒྲགས་ལྷན་ཁང་གི་བཀའ་ཁྱབ་ལྟར་སྨྱན་བྱད་རིགས་ཀྱིས་རྒྱ་ནག་གི་བཟོ་སྐྲུན ༢༠༢༥ གླེང་མཚམས་བཞག་པ་དང་གཉིས། ཉེ་ལམ་རྒྱ་ནག་གཞུང་གིས་ཏང་སྲིད་དམག་གསུམ་དང་ས་གནས་མངའ་བདག་བཅས་ལྷན་འཛོམས་ཀྱི་ཚད་མཐོའི་ཕྱི་འབྲེལ་ཚོགས་ཆེན་ཞིག་བསྐོངས་ནས་ཞི་ཅིན་ཕེང་གི་ཕྱི་འབྲེལ་དགོངས་པ་ཟེར་བའི་བླ་ན་མེད་པའི་གོ་ས་གཏན་འབེབས་བྱས་ཡོད་པ་བཅས་ཡིན།
ཨ་རྒྱའི་ཚོང་དམག་ལངས་དངོས་སུ་ལངས་པའི་ཛ་དྲག་གི་དུས་སྐབས་འདིར། ཞི་ཅིན་ཕེང་གི་དགྲ་ལ་དགྲ་ལན་དང་ཀི་ལ་ཀི་ལན་གྱི་བཤད་སྟངས་དེར་རང་རྟོན་ག་འདྲ་ཞིག་ཡོད་དམ། དེ་སྔ་རྒྱ་ནག་གི་གཞུང་འབྲེལ་སྨྱན་བྱད་ཁག་གི་འུར་བསྟོད་བྱེད་པའི་རྒྱ་ནག་གི་བཟོ་སྐྲུན ༢༠༢༥ ཞེས་པ་དེ་ཅིའི་ཕྱིར་གློ་བུར་དུ་རྒྱ་ནག་དྲིལ་བསྒྲགས་ལྷན་ཁང་གི་མིང་ཐོ་ནག་པོའི་ནང་ཚུད་པ་རེད་དམ། དེ་བཞིན་དུ་ནང་ཁུལ་ན་རྩོད་པ་རྒོད་ཅིང་ཕྱི་རོལ་ན་འཁྲུག་རྐྱེན་མོད་པའི་གནས་སྟངས་འོག་ཞི་ཅིན་ཕེང་གི་ཕྱི་འབྲེལ་དགོངས་པ་མཐོ་རུ་འདེགས་དོན་ཅི་ཞིག་ཡིན་ནམ། གཤམ་དུ་གོང་ཞུས་གནད་དོན་དེ་དག་གི་ཐད་ནས་དཔྱད་པ་ཅུང་ཞིག་བཏང་ན་བསམ་བྱུང་།

ཧོལ་སྤྱོད་ཀྱི་གཤིས་ཀས་གྲུབ་པས་ཞི་ཅིན་ཕེང་ཕྱིན་ཅི་ལོག་པའི་སྨྲ་བ་རིགས་བརྗོད་རྒྱུར་དགའ་མོས་ཡོད། དཔེར་ན༢༠༠༩ ལོར་ཞི་ཅིན་ཕེང་རྒྱ་ནག་གི་ཀྲུའུ་ཞི་གཞོན་པ་ཡིན་དུས་ཞིག་ལ་ཨ་རིའི་ལྟག་རའི་རྒྱལ་ཁབ་མེ་ཀི་སི་ཀོ་ནས “ལྟོ་འགྲེངས་ནས་ལས་རྒྱུ་མེད་པའི་ཕྱི་གླིང་བ་ལ་ལས། ང་ཚོའི་ཀྲུང་གོ་ཡར་བཤད་མར་བཤད་བྱེད་ཀྱིན་ཡོད། ཀྲུང་གོས་གཅིག་གསར་བརྗེ་གཏོང་གིན་མེད། གཉིས་དབུལ་ཕོངས་གཏོང་གིན་མེད། གསུམ་ཁྱེད་ཚོ་སུན་པོ་བཟོ་བཞིན་མེད། ད་དུང་བཤད་རྒྱུ་ཅི་ཞིག་ཡོད་དམ”  ཞེས་ངར་བཤད་བྱས་པ་ནང་བཞིན་ད་ཐེངས་ཡང་ཞི་ཅིན་ཕེང་གིས་ངར་མདོག་ཁ་བོས་ཡོ་རོབ་ཀྱི་ཚོང་ལས་དབུ་ཁྲིད་ཁག་ཅིག་ལ། ནུབ་གླིང་པའི་རིག་གནས་ཁྲོད་གདོང་གཡོན་པར་འགྲམ་ལྕག་བཞུས་ན་གདོང་གཡས་པ་བསྲིང་ནས་འགྲམ་ལྕག་རྒྱག་ཏུ་འཇུག་དགོས་ཟེར་བ་ཞིག་ཡོད་མོད། དེ་ལས་ལྡོག་ཏེ་རྒྱ་ནག་པའི་རིག་གནས་ཁྲོད་དགྲ་ལ་དགྲ་ལན་དང་ཀི་ལ་ཀི་ལན་ཟེར་བ་ཞིག་ཡོད་ཅེས་ཆོད་སེམས་དང་རང་རྟོན་ངོམ་ཁུལ་བྱས་ཡོད་པ་རེད། ཡིན་ན་ཡང་། ཞིབ་ཏུ་སོམས་དང་། ཞི་ཅིན་ཕེང་གི་རྣམ་འགྱུར་དེ་དོན་གྱིས་བཟུང་ན་ལག་པ་ཚིག བཏང་ན་རྫ་མ་འཆག་ཟེར་བའི་དཔེ་ལྟར་འུ་ཐུག་ནས་ངར་མདོག་བསྟན་པའི་སྨྲ་བ་འབའ་ཞིག་ཡིན་པ་གསལ་བོ་རེད། ད་ལོའི་སྤྱི་ཟླ ༣ པ་ནས་བརྩམས་པའི་ཨ་རྒྱའི་ཚོང་དམག་གི་ཉེན་ཁས་རྒྱ་ནག་ནང་སྤྱི་ཚོགས་ཀྱི་ཉམས་ཉེན་དང་དཔལ་འབྱོར་གྱི་ཉམས་ཉེན་བསླངས་པའི་མ་ཚད’ ནང་ཁུལ་དབང་ཆའི་འཐབ་རྩོད་ཀྱང་བསླངས་ཡོད་པས། ཛ་དྲག་ཆེ་བའི་སྐབས་དེ་འདྲ་ཞིག་ལ་ཞི་ཅིན་ཕེང་གིས་སྐད་ཆ་རྫིག་པོ་ཁ་ཤས་བཤད་པར་བསམ་ཤེས་བྱེད་ཐུབ་མོད། འོན་ཀྱང་ཞི་མི་ཡིས་སྤུ་གཟེང་རྔ་མ་བསྒྲེངས་ནས་ངར་མདོག་ཆེ་མདོག་ཇི་ལྟར་བསྟན་ཡང་ཞི་མི་ནམ་ཡང་ཞི་མི་ཡིན་པ་ལས་སྟག་ཏུ་གྱུར་མི་སྲིད་པ་ནང་བཞིན། ཞི་ཅིང་ཕེང་གིས་རྫིག་མདོག་བསྟན་པ་ཙམ་གྱིས་སེམས་ཁུངས་ཀྱི་འཇིགས་སྐྲག་འགེབས་མི་ཐུབ། ཞི་ཅིན་ཕེང་ད་ལྟའི་རྒྱ་ནག་ཏུ་བྱུང་དང་འབྱུང་བཞིན་པའི་ཉེན་ཁ་སྣ་མང་ཁྲོད་ཐར་ཐུབ་མིན་རིམ་པས་བལྟ་ཆོག

ཞི་ཅིན་ཕེང་གི་རྫིག་མདོག་སྟོན་ས་དེ་ཨ་རི་དང་ཡོ་རོབ་ཀྱི་ཁེ་གཉེར་ལས་ཁང་ཆེ་གྲས་ཀྱི་འགན་འཛིན་སྐོར་ཞིག་ཡིན་པས། ཞི་ཅིན་ཕེང་གིས་སྡིགས་པ་བསྐུལ་ནས་ཕྱིར་རང་རང་གི་རྒྱལ་ཁབ་ནང་ལོག་རྗེས་ཚོང་ལས་ལྷན་ཁང་སོགས་བརྒྱུད་ནས་གཞུང་ལ་གནོན་ཤུགས་སྤྲོད་རྒྱུར་དམིགས་པ་ཞིག་ཡིན་ཡང་། ཞི་ཅིན་ཕེང་གིས་ནུབ་གླིང་གི་དཔལ་འབྱོར་འཁོར་སྐྱོད་ཀྱི་གཞི་རྩའི་ལམ་ལུགས་ནི་འདྲ་མཉམ་དོ་མཉམ་གྱི་སྒོ་ནས་འགྲན་རྩོད་བྱེད་པའི་རྩ་དོན་དེ་སྣང་མེད་བྱས་ཡོད། ཁེ་གཉེར་ལས་ཁང་གི་འགན་འཛིན་དེ་དག་གི་བརྒྱབ་ན་ཁེ་ལས་ཁང་རེ་རེ་ཡོད་ལ། ཁེ་ལས་ཁང་དེ་དག་གི་བརྒྱབ་ན་མ་རྐང་འཛུགས་མཁན་ཡོད། མ་རྐང་འཛུགས་མཁན་དེ་དག་སྤྱི་ཚོགས་ཀྱི་གནས་རིམ་འདྲ་མིན་གྱི་ཡིན་པས། ཞི་ཅིན་ཕང་གིས་ངར་སྐད་བསྒྲགས་ས་དེ་དོན་གྱི་སྤྱི་ཚོགས་ཤིག་ཆགས་ཡོད་པས། ནུས་པ་ལྡོག་ཕྱོགས་ནས་ཐོན་མི་སྲིད་པ་གཏན་ནས་མིན།

ཏེང་ཞོ་ཕེང་གི་དུས་རབས་ནས་རྒྱ་ནག་གིས་སྒྲོབ་ཉམས་སྤང་ནས་ཞི་འཇམ་གྱི་རྣམ་པས་ལས་དོན་མཐའ་དག་ལ་གདོང་ལེན་བྱེད་པའི་རྣམ་པ་ལས་ལྡོག་ཏེ། ཞི་ཅིན་ཕེང་གིས་ད་ཐེངས་དགྲ་ལ་དགྲ་ལན་དང་ཀི་ལ་ཀི་ལན་ཞེས་དྲག་པོའི་རྣམ་འགྱུར་གྱིས་ཨ་རྒྱའི་ཚོང་དམག་ལ་གདོང་ལེན་བྱེད་དོན་དེ་རྒྱུ་མཚན་མང་པོ་ཡོད་སྲིད། ཡིན་ན་ཡང་གལ་ཆེ་ཤོས་དེ་ཐོབ་ཤོར་ལ་རག་ལས་ཡོད། ཚོང་དམག་ལངས་མ་ཐག་གི་དུས་ཡུན་ཐུང་ངུའི་རིང་ཨ་རིའི་ནང་དངོས་ཟོག་གི་རིན་གུང་ཇེ་མཐོར་འགྲོ་བ་དང་། ཨ་རྒྱའི་ཚོང་ལས་ཀྱི་བོངས་ཚད་ཇེ་ཆུང་དུ་འགྲོ་བ་སོགས་གནས་སྟངས་བྱུང་སྲིད་མོད། རྒྱང་ཕུག་ལ་གཞིགས་ན་ཨ་རི་ལ་ཁེ་ཕན་ལས་གྱོང་མེད། རྒྱུ་མཚན་ནི་ཤེས་ཡོན་གྱི་སྒེར་བདག་ཐོབ་ཐང་ལ་སྲུང་སྐྱོབ་དང་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་ཀྱི་ཆ་ནས་ཁེ་ཕན་དང་རྒྱལ་ཁ་ཡོད་ངེས། རྒྱ་ནག་ལ་མཚོན་ན་ཀི་ལན་ཀི་ཡིས་གདོང་ལེན་བྱས་ཀྱང་རུང་། ཡང་ན་བཟོད་བཤོལ་གང་བྱས་ཀྱང་ཚོང་དམག་ལངས་པ་ཙམ་གྱིས་མཇུག་འབྲས་ཕམ་ཁ་ལས་མེད་ན། ཞི་ཅིན་ཕེང་གིས་དཔལ་འབྱོར་གྱི་འགལ་ཟླ་དེ་ཆབ་སྲིད་ཀྱི་འགལ་ཟླ་རུ་བསྒྱུར་ཐབས་བྱས་ནས་ཨ་རིའི་ནང་ཁུལ་ལ་རླུང་གཡབ་རླབས་དཀྲུག་ནས་འགན་རྐྱེན་དཀྲུག་ཤིང་ཕང་ཏེ་མཐར་ཊོམ་ཕུ་མི་སྒེར་ལ་གནོན་པ་བཟོ་རྒྱུར་དམིགས་ཡོད་པས། དམིགས་སྒོར་དེར་དེང་ཐོག་ནས་ནོར་འཛོལ་ཆེན་པོ་ཞིག་ཐེབས་ཡོད་ལ། ནོར་འཛོལ་དེ་ཊོམ་ཕུ་ཨ་རིའི་སྲིད་འཛིན་ཏུ་བདམས་པའི་ཉིན་དང་པོ་ནས་ཐེབས་ཡོད། སྲིད་འཛིན་ཊོམ་ཕུ་ཡིས་རྒྱ་ནག་ལ་ཚོང་དམག་རྒྱག་རྒྱུའི་འཐབ་ཇུས་སྲིད་བྱུས་དེར་ཨ་རི་གཞུང་དང་གྲོས་ཚོགས་གོང་འོག མི་དམངས་བཅས་ཚང་མས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་པས། ཨ་རིའི་གཞི་རིམ་ཞིང་པ་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཚོང་ཟོག་ལ་དམིགས་པའི་སྒོ་ཁྲལ་འཕར་འཆར་གྱི་མཚོན་པའི་སྲིད་འཛིན་ཊོམ་ཕུ་ཡི་སྐབས་གཉིས་པའི་སྲིད་འཛིན་འོས་འདེམས་ལ་དམིགས་པའི་བྱ་སྤྱོད་རིགས་ཀྱིས་ཨ་རིའི་ནང་འགལ་ཟླ་བསླང་མི་ནུས་པ་མ་ཟད། དེ་ལས་ལྡོག་སྟེ་ཨ་རིའི་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་དང་ཊོམ་ཕུ་ཡི་ཆོད་སེམས་ཇེ་བརྟན་དུ་གཏོང་མི་སྲིད་པ་གཏན་ནས་མིན། ཞི་ཅིན་ཕེང་གི་མཐར་ཐུག་གི་དམིགས་ཡུལ་ནི་ཚོང་དམག་མི་རྒྱག་རྒྱུ་དེ་ཡིན་ན། རང་སྐྱོན་རང་བརྗོད་ཀྱི་གསར་བརྗེའི་ལམ་སྲོལ་ལྟར་དེ་སྔ་དང་ད་ལྟའི་ཚུལ་མིན་ལུགས་མིན་གྱི་སྲིད་ཇུས་རིགས་ལ་དག་ཐེར་བྱས་ནས་འགྲིག་ཐབས་བྱེད་དགོས་པ་ལས་གླེན་པའི་ཨུ་ཚུགས་ཀྱིས་གནད་དོན་སེལ་མི་ནུས། སྤྱིར་བཏང་ཚོང་ལས་དོ་མི་མཉམ་པའི་གནས་སྟབས་འདིའི་འབྱུང་ཁུངས་རྒྱ་ནག་རང་ཉིད་ཡིན་སྟབས། སྤྲུལ་མདུད་སྤྲུལ་བཤིག་གི་རང་བཞིན་གྱིས་འགལ་རྐྱེན་སེལ་ནས་འཛམ་གླིང་འགྲོ་ལུགས་དང་མཐུན་ཕྱོགས་བྱེད་རྒྱུ་ལས་ངར་མདོག་ཇེ་མདོག་གི་རྣམ་འགྱུར་བསྟན་ཚེ་ཨ་རི་ལ་མཚོན་ན་ཞི་ཅིན་ཕེང་གི་ཉེ་བར་ལེན་པའི་དགྲ་ལན་དགྲ་དང་ཀི་ལན་ཀི་ཟེར་བའི་ཐལ་སྤྱོད་དེར་ཚོང་དམག་གི་ཀླན་ཀ་འཛུགས་རྒྱུ་ལས་གདམ་ཀ་གཞན་མེད་པ་ཆགས་ཡོད།

དེ་སྔའི་ཡི་གེའི་གཟུགས་སུ་བཀོད་པའི་བསམ་ཚུལ་ནང་བཤད་ཟིན་པ་བཞིན། ཊོམ་གྱིས་རྒྱ་ནག་གིས་ལོ་མང་རིང་བསྟུད་མར་སྤེལ་བའི་ཚོང་ལས་འཇབ་རྒོལ་ལ་གདོང་ལེན་བྱས་པ་ཙམ་ལས་ཚོང་དམག་གསར་བ་ཞིག་བསླངས་བ་མིན་ལ། ཡང་དག་པར་བཤད་ན་ཚོང་ལས་གདོང་ལེན་དམག་འཁྲུག་ཅིག་ལས་ཚོང་དམག་མིན།

ཡ་མ་གཟུགས་ཀྱི་སྤྱི་ཚོགས་ཤིག་ཏུ་ཡ་མ་བརླ་ཡི་གནས་ཚུལ་ཡོད་པ་འགྲོ་བ་ཀུན་པོ་ཡ་མཚར་སྐྱེས་མེད། ཡིན་ན་ཡང་། ཐོག་མའི་རྒྱལ་ཁབ་དབུ་ཁྲིད་ཀྱི་དགོངས་པ་ལྟར་བར་དུ་གྲོས་བསྡུར་རབ་དང་རིམ་པ་བྱས། མཐའ་མར་ཚོགས་ཆེན་སྟེང་གཏན་ལ་ཕབ་ཅིང་། དེ་ནས་བསྟུད་མར་ལོ་གསུམ་གྱི་རིང་གཞུང་འཛིན་སྨྱན་བྱད་ཡོད་དོ་ཅོག་གིས་འུར་གྱིས་བཤད་ཀྱང་བསྒྲགས་པའི་རྒྱ་ནག་གི་བཟོ་སྐྲུན ༢༠༢༥ ཞེས་པའི་སྲིད་ཇུས་དེ་གློ་བུར་དུ་རྒྱ་ནག་དྲིལ་བསྒྲགས་ལྷན་ཁང་གི་མིང་ཐོ་ནག་པོའི་ཁོངས་སུ་ཚུད་པ་དེ་ཨེ་མ་ཧོ།

གཅིག་བགྱིས་ནས་རྒྱ་ནག་གི་བཟོ་སྐྲུན ༢༠༢༥ ཟེར་བ་དེ་ནི་རྒྱ་ནག་གི་ལྔ་ཚན་གཅིག་ལྔ་ཚན་གཉིས་་་་་་ལྔ་ཚན་བཅུ་གསུམ་ཟེར་བའི་འཆར་བཀོད་རྩ་དོན་ནང་བཞིན་གྱི་སྲིད་ཇུས་ཤིག་ཡིན་སྲིད་མོད། འོན་ཀྱང་། མ་འདྲ་ས་དེ་ཏེང་ཞོ་ཕེང་གི་ ཡོན་ཏན་སྦས་ཤིང་འདོད་རྔམ་བསྐུངས་པའི་ཁེངས་སྐྱོང་གི་སྲིད་ལུགས་ལས་ལྡོག་སྟེ་མངོན་སུམ་འཛེམ་མེད་ངང་ངར་མདོག་ཆེ་མདོག་གི་སྲིད་ལུགས་འོག་འོས་མིན་འུར་བསྒྲགས་བྱས་པ་མང་དྲགས་ནས་ནུབ་གླིང་རྒྱལ་ཁབ་ཀྱི་དོགས་པ་བསླངས་པ་རེད།  རྒྱ་ནག་གི་འཆར་བཀོད་དེ་ལྟར་ན། རྒྱ་ནག་གི་བཟོ་སྐྲུན ༢༠༢༥། རྒྱ་ནག་གི་བཟོ་སྐྲུན ༢༠༣༥། རྒྱ་ནག་གི་བཟོ་སྐྲུན ༢༠༤༥བཅས་འཆར་བྱུས་རིམ་པ་གསུམ་ཅན་ཞིག་ཡིན་པ་དང་། རྒྱ་ནག་ཀྲུང་གོ་རྒྱལ་ཁབ་ཆགས་ནས་ལོ ༡༠༠ ཐམ་པ་སྟེ། ༢༠༤༩ ལོར་ཐོན་དུས། རྒྱ་ནག་གིས་ཚན་རིག་ལག་རྩལ་དང་དམག་དོན། དཔལ་འབྱོར་ཚོང་ལས་སོགས་ཕྱོགས་ཐམས་ཅད་ནས་ཨ་རི་ལས་རྣམ་པར་རྒྱལ་ཏེ་གོ་ལ་ཧྲིལ་བོ་དབང་བསྒྱུར་རྒྱུའི་སྟོང་བསམ་བཅངས་ཡོད་པ་རེད། འགྲན་རྩོད་ལས་རྣམ་པ་རྒྱལ་རྒྱུ་དེ་རྒྱལ་ཁབ་ཚང་མའི་རེ་སྨོན་དང་དམིགས་ཡུལ་ཡིན་ཆོག དྲི་བ་ནི་རྣམ་པར་རྒྱལ་རྒྱུར་ཐབས་ལམ་ཅི་ཞིག་ཟེར་བ་དེ་ཡིན། རྒྱ་ནག་པའི་ཐབས་ལམ་ནི་བཙོང་ན་ཉོ། སྟེར་ན་ལེན། མི་བཙོང་ན་རྐུ། མི་སྟེར་ན་འཕྲོག གང་ལྟར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་ནས་ཨ་རིས་གཙོས་ནུབ་གླིང་གི་ཚན་རིག་ལག་རྩལ་ཐོབ་ཐབས་བྱ་རྒྱུ་དེ་ཡིན་པ་ཤེས་རྗེས། ད་གཟོད་ནུབ་གླིང་བའི་རྒྱ་ནག་གི་བཟོ་སྐྲུན ༢༠༢༥ཞེས་པར་དོགས་པ་ཟོས་པ་རེད། ཡིན་ན་ཡང་སྐབས་དེར་ཟློས་གར་རང་བཞིན་གྱི་གནད་དོན་ཞིག་བྱུང་བ་ནི། ཨ་རིས་རྒྱ་ནག་གི་ཀྲུང་ཞིན་ཁེ་གཉེར་ལས་ཁང་ལ་ཉིང་ལྷེབ་བཙོང་མཚམས་བཞག་དུས། རྒྱ་ནག་གི་ཁེ་གཉེར་ལས་ཁང་ཆེ་གྲས་ཀྲུང་ཞིན་ཆག་འཇིག་གི་མཚམས་སུ་བསླེབས་ཡོད་པས། འཛམ་བུ་གླིང་གིས་རྒྱ་ནག་གི་ཚད་གཞི་ག་བར་ཡོད་པ་ཤེས་ཡོད་ལ། ནང་སྒོས་སུ་རྒྱ་ནག་གི་དབུ་ཁྲིད་ཚོས་འགྲོ་བ་དུང་ཕྱུར་བདུན་ཅུའི་མདུན་ནས་རང་མཚང་ཕྱིར་བཏོན་ནས་ངོ་ཚ་རང་གིས་ཉོས་པ་ཤེས་རྗེས་གཞི་ནས་ཚ་ཐབ་མ་དྲོད་གོང་རྐང་པ་བསྲིངས་པ་སྔ་དྲགས་པ་ཤེས་ནས་ཞན་ཆ་གསོ་ཐབས་ཟློག་སེལ་གྱི་ཆེད་དུ་རང་གིས་གཏན་འབེབས་བྱས་པའི་སྲིད་ཇུས་དེ་མིང་ཐོ་ནག་པོའི་ཁོངས་སུ་མི་འཇུག་རང་འཇུག་ཆགས་པ་རེད། ཡིན་ན་ཡང་དེ་རྒྱ་ནག་གཞུང་གིས་སྲིད་ཇུས་དེ་དོར་བ་རྩ་བ་ཉིད་ནས་མ་ཁྱབ་པ་མ་ཟད། སྲིད་ཇུས་སྔོན་ཆད་ལྟར་འགྲོ་རྒྱུ་ཡིན་ཞིང་། ཨ་རིས་ག་འདྲ་ཞིག་ཁོག་མིན་ཡང་བཤད་དཀའ། གལ་ཏེ་ལོ་འགའི་རྗེས་སུ་དམངས་གཙོ་ཚོགས་པས་སྲིད་དབང་བཟང་ཚེ་ཕུག་བསམ་རིང་ལུགས་ཀྱི་ཀུན་ནས་ཚོས་པའི་དམངས་གཙོ་ཚོགས་པས་རྒྱ་ནག་ལ་དགོས་དགོས་མཁོ་མཁོ་ཚང་མ་རིན་མེད་ངང་སྟེར་སྲོལ་ཡོད་པ་ནང་བཞིན་སྲོལ་རྒྱུན་བཟང་པོ་དེ་རྒྱུན་འཁྱོངས་བྱེད་མི་སྲིད་པ་མིན། ཡིན་ན་ཡང་། ངན་པས་བཟང་བོ་མི་དོ། རྫུན་ཨ་བྲ་གཉིས་ཀའི་རྔ་མ་ཐུང་། བདེན་ལུང་པ་གཉིས་ཀའི་ཕུག་ཐག་རིང་ཟེར་བའི་ཁ་དཔེ་ལྟར་རྒྱ་ནག་གིས་གཡོ་སྒྱུ་དང་རྫུན་ལ་བརྟེན་ནས་ཨ་རི་ཕམ་པར་རྒྱག་རྒྱུའི་ངན་སེམས་དེ་རེ་སྟོང་ཞིག་ལས་མ་འདས་པར་འདོད།

མཐའ་མར་ཞི་ཅིན་ཕེང་གི་ཕྱི་འབྲེལ་དགོངས་པ་ཟེར་བ་དེ་ཅུང་ཞིག་གླེང་འདོད་བྱུང་།

ཉེ་ལམ་རྒྱ་ནག་གཞུང་གིས་ཏང་སྲིད་དམག་གསུམ་དང་ས་གནས་སྤྱི་དཔོན་བཅས་ལྷན་འཛོམས་ཀྱི་ཚད་མཐོ་བའི་ཕྱི་དོན་ཚོགས་ཆེན་ཞིག་བསྐོངས་ཡོད་པ་དེ་ཐོལ་བྱུང་གི་ཐག་གཅོད་ཅིག་ཡིན་པ་གསལ་བོ་རེད། དཔེར་ན་ཨོ་སི་ཊེ་རེ་ལེ་ཡར་འཚམས་གཟིགས་གནང་བཞིན་པའི་ཧོང་ཀོང་གི་དམིགས་བསལ་སྤྱི་ཁྱབ་ཀྱིས་བཀའ་ཁྱབ་ལྟར་འཚམས་གཟིགས་མཚམས་བཞག་ནས་ཕྱིར་པེ་ཅིང་དུ་སོང་ནས་ཕྱི་འབྲེལ་ཚོགས་ཆེན་ལ་ཞུགས་ཡོད་པས་མཚོན། འོ་ན་གློ་བུར་དུ་དེ་ལྟུ་བུའི་ཚོགས་ཆེན་ཞིག་འཚོགས་དོན་ཅིན་ཞིག་ཡིན་ནམ་ཟེར་ན། གཙོ་བོ་དེ་ཁ་ཚ་དགོས་གཏུག་གི་གནད་དོན་མང་པོ་སེལ་རྒྱུར་དམིགས་ཡོད། ལྷན་ཚོགས་ཀྱི་ནང་དོན་གཙོ་བོ་དེ་ཞི་ཅིན་ཕེང་གི་ཕྱི་འབྲེལ་དགོངས་པ་ཟེར་བ་དེ་ཡིན་ཞིང་། ལྷན་ཚོགས་སུ་ལྟ་བ་གསུམ་ཟེར་བ་ཞིག་བཏོན་ནས་ཞི་ཅིན་ཕེང་གི་ཕྱི་འབྲེལ་དགོངས་དོན་དེ་ཀྲུང་གོ་ཕྱི་འབྲེལ་སྲིད་ཇུས་ཡིན་པའི་གོ་ས་གཏན་འབེབས་དང་ཆབས་ཅིག་ཞི་ཅིན་ཕེང་གི་ཕྱི་འབྲེལ་དགོངས་པ་དེ་ཀྲུང་གོའི་གཏམ་བཟང་ཞིག་ཡིན་པ་མ་ཟད། ཨེ་ཞི་ཡ་གླིང་ཆེན་གྱི་གཏམ་བཟང་ཞིག་ཡིན་ལ། ཐ་ན་འཛམ་གླིང་ཡོངས་ཀྱི་གཏམ་བཟང་ཞིག་ཀྱང་ཡིན་ཞེས་གདེང་འཇོག་བྱས་ཡོད་པ་རེད།

ཡིན་ན་ཡང་གཏམ་བཟང་ཡིན་ཟེར་བའི་གོ་བ་དེ་ག་འདྲ་ཞིག་ལ་ལེན་དགོས་པ་མི་ཤེས་མོད། གདོང་ཁ་གཏད་ས་སམ་དམིགས་སྒོ་གཙོ་བོ་དེ་ཊོམ་ཕུ་ཡི་ཨ་མེ་རི་ཀའི་རླབས་ཆེན་སླར་གསོ་ཞེས་པའི་རྒྱལ་ཁབ་ཀྱི་སྲིད་ཇུས་དེ་ཡིན་པར་སྙམ།

འདས་པའི་ལོ་གཅིག་ལྷག་གི་རིང་རྒྱ་ནག་གཞུང་གིས་ཞིབ་འཇུག་ལས་ཊོམ་ཕུ་ཡི་ཨ་མེ་རི་ཀའི་རླབས་ཆེན་སླར་གསོ་ཞེས་པ་དེ་ཨ་རིའི་ཕྱི་སྲིད་རྩ་དོན་དུ་གྱུར་ནས་སྒྲོམ་གཞི་གྲུབ་ཟིན་པ་མ་ཟད་ཉུང་མཐའ་ཡང་ཊོམ་ཕུས་སྲིད་འཛིན་པའི་དུས་ཡུན་རིང་འགྱུར་བ་ཐེབས་མི་སྲིད་པར་ངེས་ཤེས་རྙེད་ཡོད། ཨ་མེ་རི་ཀ TPP ཞེས་པའི་ཞི་བདེ་རྒྱ་མཚོའི་མཉམ་འབྲེལ་མཐུན་ཚོགས་དང་། ཕཱ་རེ་སི་གནམ་གཤིས་ཆིངས་དོན་ལས་ཐོན་པའི་མ་ཚད། ཉེ་ལམ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཐོབ་ལྷན་ཚོགས་ཀྱི་ཚོགས་ཁོངས་ནས་ཐོན་པས་མཚོན་ཊོམ་རིང་ལུགས་ཡང་ན་ཊོམ་དགོངས་པས་ཨ་རིའི་ཕྱི་སྲིད་ལམ་ལུགས་ལ་ཤུགས་རྐྱེན་ག་འདྲ་ཞིག་ཐེབས་ཀྱིན་པ་གསལ་བོ་ཡིན་པས། རྒྱ་ནག་གཞུང་གིས་ཊོམ་གྱི་སྲིད་ལུགས་དེ་གོ་སྐབས་ཤིག་ལ་ངོས་འཛིན་གྱིས་སྟོང་ཆ་དེ་སྐོང་ཐབས་དང་རང་ཉིད་ལ་དགེ་མཚན་ཡོད་པའི་ཁ་ཕྱོགས་ཤིག་ཏུ་བསྒྱུར་ཐབས་བྱེད་ཀྱིན་ཡོད།  དེང་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དེ་རྒྱ་ནག་གིས་གཙོས་སྒེར་སྡེམ་སྲིད་དབང་འགས་ལོག་སྤྱོད་བྱེད་ས་ཞིག་ཏུ་གྱུར་ཡོད་པས། མ་འོངས་པར་ཨ་རི་འཛམ་གླིང་མཉམ་འབྲེལ་ཚོགས་ལས་ཀྱང་ཐོན་མི་སྲིད་པ་མིན་ལ། རྒྱུ་མཚན་ནི་ཨ་རིས་ལོ་རེ་རེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་དངུལ་གྱི ༢༢% སྟེར་གྱིན་ཡོད་མོད། རྒྱ་ནག་གི་སྡིགས་བསྐུལ་དང་སླུ་བྲིད་འོག་རྒྱལ་ཁབ་མང་པོས་ཡོངས་ཁྱབ་རིན་ཐང་ཟུར་དུ་བཞག་ནས་ཨ་རི་ལ་དགག་རྒྱག་བྱས་དང་བྱེད་ཀྱིན་ཡོད་པས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོ་བོ་ཡིན་པའི་རྒྱལ་སྤྱིའི་སྒྲུག་འཛུགས་མང་པོ་ཞིག་ཨ་རི་ལ་མཚོན་ན་འགྲོ་གྲོན་ཁ་མེད་མྱིག་མེད་དུ་གཏོང་དགོས་པ་ལས་འཛམ་གླིང་ཡོངས་ཁྱབ་འགྲོ་བའི་སྤྱིའི་དོན་དུ་ཨ་རིའི་རིན་ཐང་གི་ལྟ་བ་ལྟར་འགྲོ་ཐུབ་ཀྱིན་མེད་པས། ད་ལྟའི་རྒྱལ་སྤྱིའི་མིང་ཅན་གྱི་ཚོགས་པ་དང་སྒྲིག་འཛུགས་དག་ལ་ལོགས་སུ་ཐོན་ནས། འཛམ་གླིང་སྟེང་གི་རིན་ཐང་གི་ལྟ་བུ་གཅིག་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་མཉམ་རུབ་ཀྱི་སྒྲིག་འཛུགས་གསར་བ་ཞིག་འཛུགས་མི་སྲིད་པ་མིན།

ཊོམ་ཕུ་ཨ་རིའི་སྲིད་འཛིན་དུ་བདམས་པའི་འདས་པའི་ལོ་གཅིག་གི་རིང་ཕྱི་མིག་ཅིག་བལྟས་ཚེ། ཊོམ་རིང་ལུགས་ཆགས་དང་ཆགས་བཞིན་ཡོད་པ་གསལ་བོ་ཡིན་ཞིང་། ༢༠༡༤ལོ་ནས་ཞི་ཅིན་ཕེང་གི་དགོངས་པ་ཟེར་བ་ཞིག་རྒྱ་ནག་གི་སློབ་གསོ་དང་དཔལ་འབྱོར་ལས་རིགས་སོགས་ག་ས་གང་དུ་སློབ་སྦྱོང་དང་འུར་སྒྲོག་བྱས་དང་བྱེད་ཀྱིན་ཡོད་ལ། ད་ཐེངས་ཕྱི་འབྲེལ་སྲིད་ཇུས་ཁྲོད་ཞི་ཅིན་ཕེང་གི་དགོངས་པ་གླེང་བ་དེ་རྒྱ་ནག་དེང་གཞུང་གི་འཐབ་ཇུས་ཆེ་སའི་ཁག་ཅིག་ཡིན་དགོས། འོན་ཀྱང་དམིགས་སྒོ་གཙོ་བོ་དེ་རྒྱལ་སྤྱིའི་ལས་དོན་ཁྲོད་ཊོམ་རིང་ལུགས་ལ་ཁ་གཏད་གཅོག་སླད་ཡིན་ལ། རྒྱལ་སྤྱིའི་ལས་དོན་ཁྲོད་ཞི་ཅིན་ཕེང་གི་དགོངས་པ་ཟེར་བ་དེ་བསླེབ་ཐབས་ཆེད་ཡིན།

ཞིབ་ཏུ་བསམ་བློ་བཏང་ཚེ། ཨ་རི་རྒྱལ་སྤྱིའི་སྒྲིག་འཛུགས་དང་ཆིངས་དོན་ཁོངས་ནས་ཕྱིར་ཐོན་ཡོད་ཀྱང་། ཨ་མེ་རི་ཀ་འཛམ་གླིང་རྒྱལ་ཁབ ༡༩༣ གྱི་དབུ་ཁྲིད་ཡིན་པའི་གོ་ས་ལ་གཡོ་འགུལ་ཅི་ཡང་མེད་པ་མ་ཟད། དེ་ལས་ལྡོག་དེ་ཇེ་བརྟན་ཡིན།