བོད་ཀྱི་གློག་བརྙན༼ལག་དམར༽ ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཚུད།

unnamed.jpg
པར་གཞན་ནས་བཤུས།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་སྐུ་ཞབས་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་གནང་བའི་བོད་ཀྱི་གློག་བརྙན༼ལག་དམར༽ཞེས་པ་ཨེ་ཊ་ལེའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཚུད་འདུག

དེ་ཡང་སྤྱི་ཟླ ༧ པའི་ཚེས ༢༥ ཉིན་གསལ་བསྒྲགས་བྱས་པའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས ༧༥ བའི་འགྲན་ཞུགས་སུ་ཚུད་པའི་བརྩམས་ཆོས་ཐོ་ཡིག་ལས་ཤེས་གསལ་ལྟར་ན།   ཙིག་ཏོང(泽东)གློག་བརྙན་ཕབ་སྐྲུན་ཁང་གིས་ཕབ་བསྐྲུན་དང་སྐུ་ཞབས་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་གནང་བའི་བོད་སྐད་གློག་བརྙན༼ལག་དམར༽ཞེས་པ་ད་ལོའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི༼གནམ་ས་འབྲེལ་མཚམས༽ཞེས་པའི་རྟིང་རྩོད་སྡེ་ཚན་དུ་ཚུད་ཡོད་ཅིང་། འདི་ནི་ལོ་གསུམ་གྱི་སྔོན་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན༼ཐར་ལོ༽ཞེས་པ་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཚུད་པའི་རྗེས་སུ། ཁོང་གིས་འཁྲབ་ཁྲིད་གནང་བའི་གློག་བརྙན་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཚུད་པའི་གློག་བརྙན་གཉིས་པ་དེ་ཡིན།

བོད་ཀྱི་གློག་བརྙན༼ལག་དམར༽ནི་ཙིག་ཏོང་གློག་བརྙན་ཕབ་སྐྲུན་ཁང་དང་བོད་རིགས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་གཉིས་ཀྱི་ཐོག་མའི་མཉམ་འབྲེལ་ལས་བྱུང་བའི་བརྩམས་ཆོས་དེ་ཡིན་ལ།  ཨེ་ཞི་ཡའི་གྲགས་སྐད་ཆེ་བའི་སྒྱུ་རྩལ་གློག་བརྙན་མཁན་པོ། རྒྱ་རིགས་གློག་བརྙན་འཁྲབ་ཁྲིད་པ་ཝང་ཅཱ་ཝེ་དང་ཁོང་གི་ཙིག་ཏོང་གློག་བརྙན་ཕབ་སྐྲུན་ཁང་གིས་ཉེ་ལམ་ནས་ཤེས་འཇོན་ཅན་དང་། སླད་མེད་རང་བྱུང་གི་སྒྱུ་རྩལ་གློག་བརྙན་འཁྲབ་ཁྲིད་པར་རོགས་སྐྱོར་བྱེད་རྒྱུའི་བསམ་ཚུལ་དང་། གློག་བརྙན་ཚོད་ལྟ་དང་གསར་རྩོམ་ཐད་ལ་ཡར་སྐུལ།   རྒྱལ་སྤྱིའི་གློག་བརྙན་གྱི་མ་འོངས་པའི་རླབས་རྒྱུན་དང་འཕེལ་ཕྱོགས་གཙོ་གནད་དུ་འཛིན་པའི༼གནམ་ས་འབྲེལ་མཚམས༽ཞེས་པའི་རྟིང་རྩོད་སྡེ་ཚན་གྱི་བསམ་བློའི་དགོངས་དོན་གཉིས་མ་གྲོས་བསམ་པ་གཅིག་མཐུན་དུ་གྱུར་ཡོད་པ་རེད།

སྐུ་ཞབས་པདྨ་ཚེ་བརྟན་ལགས་ཀྱིས་རང་ཉིད་ཀྱི་བརྩམས་ཆོས་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཚུད་པར་ཧ་ཅང་དགའ་བོ་བྱུང་ཞེས་གསུངས་ཡོད་པ་རེད། དེ་ཡང་ཁོང་གིས་ཡང་བསྐྱར་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཚུད་པར་ཧ་ཅང་དགའ་བོ་བྱུང་ཡོད། འདི་ནི་ངའི་གཟི་བརྗིད་རེད།  ཙིག་ཏོང་གློག་བརྙན་ཕབ་སྐྲུན་ཁང་དང་མཉམ་འབྲེལ་བྱས་ནས་གློག་བརྙན་ཕབ་སྐྲུན་ལེགས་འགྲུབ་བྱུང་བར་ཡང་ཧ་ཅང་དགའ་ཡོད། ཙིག་ཏོང་གློག་བརྙན་བཟོ་སྒྲིག་ཁང་དང་མཉམ་འབྲེལ་བྱས་པ་འདིས་གློག་བརྙན་འདི་སྔར་ལས་ཀྱང་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ཅེས་གསུངས་འདུག

གློག་བརྙན༼ལག་དམར༽འཁྲབ་ས་ནི་ཁམས་ས་ཁུལ་དང་། གློག་བརྙན་གྱི་སྐད་ཆ་ཁམས་སྐད་ཡིན་ཞིང་། འཁྲབ་སྟོན་པ་དག་ནི་བོད་ཡུལ་ཆོལ་ཁ་གསུམ་པོའི་འཁྲབ་སྟོན་པ་མཉམ་ཞུགས་གནང་ཡོད་པ་དང་། དེ་ཡང་འཁྲབ་རྩལ་ལ་བྱང་ཆ་ལྡན་ཞིང་སྒྱུ་རྩལ་གྱི་བློ་སྦྱོང་མངའ་བའི་འཁྲབ་སྟོན་པ་སྤྱིན་པ་དང་། དགེ་འདུན་ཕུན་ཚོགས། བསོད་ནམས་དབང་མོ་སོགས་ཡོད་པ་རེད།

དགོས་དབང་གིས་སྐད་རིགས་མ་འདྲ་བར་མིང་མ་འདྲ་བ་རེ་བཏགས་ཡོད་ལ། བོད་སྐད་དུ ༼ལག་དམར༽དང་།   རྒྱ་སྐད་དུ《撞死了一只羊》། དབྱིན་སྐད་དུ༼Jinpa༽ཞེས་བཏགས་ཡོད་པ་རེད།

གློག་བརྙན༼ལག་དམར༽གྱི་འཁྲབ་གཞུང་ནི་པདྨ་ཚེ་བརྟན་རང་ཉིད་ཀྱི་སྒྲུང་གཏམ༼ལུག་གཅིག་ལྔ་ལམ་དུ་བརྫངས་པ༽ ཞེས་པ་དང་རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་ཀྱི་སྒྲུང་གཏམ༼ལག་དམར༽ གཉིས་མཉམ་བསྲེས་སྒོས་བཅོས་སྒྲིག་བྱས་པ་ལས་གྲུབ་པ་ཞིག་ཡིན་ལ།  གློག་བརྙན་ནང་གཙོ་བོ་ཤ་འཁོན་ལེན་པའི་དོན་རྐྱེན་ཞིག་ལ་གཞི་བཅོལ་སྟེ།  སྡིག་བཤགས་དང་བློས་གཏོང་གི་བསམ་བློ་དང་འབྲེལ་བའི་ཤར་ཕྱོགས་པའི་ལྐོག་གྱུར་ཉམས་འགྱུར་གྱི་གཏམ་རྒྱུད་ཅིག་ཡིན། གོ་ཐོས་ལྟར་ན། གློག་བརྙན་གསར་རྩོམ་གཙོ་གྲས་ཁྲོད་དུ་གློག་བརྙན་ལས་རིགས་ཀྱི་ཆེད་མཁས་པ་མང་དག་ཅིག་གིས་ཆ་ཤས་བླངས་ཡོད་པར་མ་ཟད། གློག་བརྙན་འཁྲབ་གཞུང་ལའང་ཧྥོའུ་ཧྲན་གློག་བརྙན་དུས་སྟོན་སྐབས་བཅུ་དགུ་བའི་སྟེང”APM”ཨེ་ཞི་ཡའི་གློག་བརྙན་ཁྲོམ་རའི་འཁྲབ་གཞུང་གི་བྱ་དགའ་ཐོབ་མྱོང་ཡོད་པ་རེད།

བོད་ཀྱི་ཕ་སྐད་གློག་བརྙན་གྱི་སྲོལ་འབྱེད་མཁན་སྐུ་ཞབས་པདྨ་ཚེ་བརྟན་ལགས་ནི།  རྩོམ་པ་པོ་དང་ལོ་ཙཱ་བ།  འཁྲབ་གཞུང་རྩོམ་པ་པོ། འཁྲབ་ཁྲིད་པ་བཅས་ཀྱི་ལས་ཀ་གཅིག་ལྕོགས་སུ་བཞེས་མཁན་ཞིག་ཡིན་ལ།  ཁོང་གིས་ཕབ་སྐྲུན་བྱས་ཟིན་པའི་གློག་བརྙན་བརྩམས་ཆོས་ལ༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།༽དང་༼འཚོལ།༽༼ཁྱི་རྒན།༽༼ཐར་ལོ།༽བཅས་ཡོད་ཅིང་། ཁོང་གི་གློག་བརྙན་དེ་དག་གིས་སྤྱིར་ན་འཛམ་གླིང་སྤྱི་དང་སྒོས་སུ་བོད་པའི་སྤྱི་ཚོགས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད།

ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་སྤྱི་ལོ ༡༩༣༢ ལོར་ཚུགས་པ་དང་། གོ་ལ་ཧྲིལ་བོར་ན་གློག་བརྙན་དུས་སྟོན་ལོ་རྒྱུས་རིང་ཤོས་དེ་ཡིན་ཞིང་། འཇར་མཱ་ནེའི་བྷིར་ལེན་གློག་བརྙན་དུས་སྟོན་དང་། ཧྥ་རན་སིའི་ཁན་ནེ་སི་གློག་བརྙན་དུས་སྟོན་གསུམ་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཤོས་གསུམ་དུ་འབོད་ཀྱིན་ཡོད། ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་ལོ་རེ་རེའི་སྤྱི་ཟླ ༨ པ་ནས ༩བའི་བར་ཡོ་རོབ་ཨེ་ཊ་ལེའི་ལི་ཏོ་གླིང་ཕྲན་དུ་ཆགས་པའི་ཝེ་ནཱ་སི་གྲོང་ཁྱེར་དུ་འཚོགས་སྲོལ་ཡོད་པ་རེད། ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་བྱ་དགའ་མཐོ་ཤོས་ནི་གསེར་གྱི་སེང་གེའི་རྟགས་མ་ཡིན་པ་རེད།