
བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་སྐུ་ཞབས་ལྷ་དཔལ་རྒྱལ་ལགས་ལ་སྐབས ༡༢ པའི FIRSTན་གཞོན་གློག་བརྙན་འགྲེམས་སྟོན་གྱི་འཁྲབ་ཁྲིད་པ་རྩེ་གྲས་ཀྱི་བྱ་དགའ་ཐོབ་ཡོད་པ་རེད།
དེ་ཡང་མཚོ་སྔོན་གསར་འགྱུར་དྲྭ་བས་སྤེལ་བའི་གནས་ཚུལ་ནང་། སྤྱི་ཟླ ༧ པའི་ཚེས ༢༧ གྱི་དགོང་མོར། སྐབས ༡༢ པའི FIRSTན་གཞོན་གློག་བརྙན་འགྲེམས་སྟོན་གྱི་བྱ་དགའ་འདེགས་འབུལ་གྱི་དགོང་ཚོགས་དེ་མདོ་སྨད་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་མཚོ་སྔོན་པོ་ཟློས་གར་ཁང་དུ་བསྐོངས་ཡོད་པ་དང་། ད་ལོའི FIRSTན་གཞོན་གློག་བརྙན་འགྲེམས་སྟོན་ཁྲོད་ཁྱོན་བསྡོམས་པའི་གློག་བརྙན ༥༦ འགྲན་ཞུགས་གནང་ཡོད་པ་དང་། ཟླ་བདུན་པའི་ཚེས ༢༡ ཉིན་ནས་བཟུང་རྟིང་རྩོད་ནང་ཐོན་པའི་གློག་བརྙན་དེ་དག་ཟི་ལིང་མི་དམངས་ཀྱི་སྨྱན་ལམ་གཟིགས་འབུལ་གནང་ཡོད་པ་དང་། གློག་བརྙན་གཟིགས་འབུལ་སྐབས་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་རྣམས་ཀྱང་དངོས་སུ་ཡོང་ནས་གློག་བརྙན་དང་འབྲེལ་བའི་གཏམ་བཤད་དང་ལྟད་མོ་བའི་དྲི་བར་ལན་འདེབས་གནང་ཡོད་པ་རེད།
རྒྱལ་ཁབ་དང་ཡུལ་གྲུ་འགའི་དཔྱད་འདེམས་པས་གྲུབ་པའི་ཚོགས་ཆུང་གི་མཐའ་མའི་ཐག་གཅོད་ལྟར་བོད་ཀྱི་གློག་བརྙན༼ཆུ་ལྷམ་ཆུང་ཆུང༽གི་འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་ལགས་སུ་འཁྲབ་ཁྲིད་པ་རྩེ་གྲས་བྱ་དགའ་ཐོབ་ཡོད་པ་རེད།
མདོ་སྨད་མཚོ་སྔོན་པོ་ནས་སྐྱེས་ཤིང་ཚར་ལོངས་བྱུང་བའི་ལྷ་དཔལ་རྒྱལ་ལགས་ཀྱིས་སྨྱན་བྱད་ཀྱི་བཅར་འདྲི་སྐབས། གློག་བརྙན༼ཆུ་ལྷམ་ཆུང་ཆུང༽གི་ཡུལ་ལྗོངས་འདེམས་སྒྲུག་དང་བརྙན་ཕབ་སོགས་ཚང་མ་མཚོ་སྔོན་ས་ཁུལ་ནས་གྲུབ་པ་ཡིན་ལ། རང་གི་ཕ་ཡུལ་ནས་བྱ་དགའ་འདི་ལྟ་བུ་ཞིག་ཐོབ་པ་དེ་ང་ཡི་གཟི་བརྗིད་ཡིན། མ་འོངས་པར་གློག་བརྙན་གང་ཡག་ཕབ་སྐྲུན་ཐུབ་ཐབས་སུ་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།
ད་ལྟ་ལོ་ན༢༩ ལས་མིན་པའི་གློག་བརྙན་འཁྲབ་ཁྲིད་པ་སྐུ་ཞབས་ལྷ་དཔལ་རྒྱལ་ལགས་ཀྱིས་འཁྲབ་ཁྲིད་གནང་བའི་བྱིས་པའི་གློག་བརྙན༼ཆུ་ལྷམ་ཆུང་ཆུང༽ཞེས་པ་ནི་ཁོང་གི་གློག་བརྙན་བརྩམས་ཆོས་ཐོག་མ་དེ་ཡིན་ཞིང་། བྱིས་པའི་འཚོ་བ་དང་སེམས་ཁམས་བརྗོད་བྱ་བྱས་པའི་བོད་ཀྱི་གློག་བརྙན༼ཆུ་ལྷམ་ཆུང་ཆུང༽ལ་ད་ལོའི་སྤྱི་ཟླ ༢ པའི་ཚེས ༢༡ ཉིན་འཇར་མཱ་ནེའི་བྷིར་ལེན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས ༦༨ པའི་མི་རབས་གསར་བའི་ཚན་པར་ཚུད་པ་དང་། དེ་མིན་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང༼ ཆེས་དོ་སྣང་བྱེད་ཡུལ་དུ་གྱུར་བའི་འཁྲབ་གཞུང་རྩེ་གྲས༽ ཀྱི་བྱ་དགའ་ཐོབ་ཡོད་པ་རེད།
འཁྲབ་ཁྲིད་པ་སྐུ་ཞབས་ལྷ་དཔལ་རྒྱལ་ལགས ༡༩༨༩ ལོར་མཚོ་སྔོན་དུ་སྐྱེས་ཤིང་། པེ་ཅིང་གློག་བརྙན་སློབ་གླིང་ནས་སློབ་མཐར་ཕྱིན། ༼ཆུ་ལྷམ་ཆུང་ཆུང༽ནི་སྐུ་ཞབས་ཚེ་རིང་དོན་འགྲུབ་ཀྱི་སྒྲུང་ཐུང་ཞིག་འཁྲབ་གཞུང་དུ་བསྒྱུར་བ་དང་། གཙོ་འཁྲབ་པ་དབང་གྲགས་ཀྱིས་མཚོན་པའི་བོད་ཁུལ་གྱི་ན་ཆུང་བྱིས་པའི་འཚོ་བ་དང་སེམས་ཁམས་བརྗོད་པའི་སྒྲུང་གཏམ་ཞིག་ཡིན་པ་རེད།