
ཨ་མེ་རི་ཀ་རྒྱལ་སྤྱིའི་སྒྲིག་འཛུགས་འགའི་ཁོངས་ནས་ངོ་རྒོལ་གྱི་རྣམ་པས་ཕྱིར་བུད་རྗེས། ནུབ་གླིང་མནའ་གྲོགས་རྒྱལ་ཁབ་ཚོར་མཚོན་ན་མི་འདོད་བཞིན་དུ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་ཞིང་། ཨ་རིའི་སྤྱོད་ཚུལ་དེས་བཤད་ཚུལ་སྣ་ཚོགས་ཤིག་བསླངས་ཡང་། སྐུ་ཞབས་ཊོམ་ཕུ་ཕོ་བྲང་དཀར་པོའི་བདག་པོར་གྱུར་བ་ནས་ཕྱིར་བུད་པའི་རྒྱལ་སྤྱིའི་སྒྲིག་འཛུགས་དེ་དག་ལ་རེ་རེ་བཞིན་དབྱེ་ཞིབ་ཅིག་བྱས་ཚེ། ཨ་རི་སྔར་བཞིན No 1 ཡིན་པ་གསལ་བོ་རེད། དེ་འདྲ་ཡིན་མོད་ཀྱང་། དོན་དངོས་ལ་རྨོངས་པའི་མི་རྣམས་པས་ཨ་རིས་འཛམ་གླིང་དབུ་ཁྲིད་ཀྱི་འགན་འཁྲི་དོར་ཡོད་དམ་ཞེས་པའི་དྲི་བ་དེ་དྲི་བཞིན་ཡོད།
ཞིབ་དུ་བསམ་ནས་ཕྲ་བར་དབྱེ་ཚེ། ཨ་མེ་རི་ཀ་རྒྱལ་སྤྱིའི་སྒྲིག་འཛུགས་འགའི་ཚོགས་ཁོངས་ནས་ཕྱིར་བུད་པ་དེར་རྒྱུ་མཚན་དང་ལྡན་ཞིང་དགོས་པའང་ཆེན་པོ་ཡོད།
ཨ་རི་ཞི་བདེ་རྒྱ་མཚོ་མཉམ་ལས་མཐུན་ཚོགས(TPP)ལས་ཕྱིར་བུད་པ།
ཨོ་བྷ་མས་གལ་ཆེན་དོན་ཆེན་དུ་བརྩིས་ནས་ས་ཡིག་བཀོད་པའི་གྲོས་ཆོད་དེའི་བརྗོད་བྱ་གཙོ་བོ་ཞིག་ནི་ཨ་རིས་ཁྲོམ་རའི་སྒོ་མོ་ཡངས་པོར་ཕྱེས་ནས TPP མཐུན་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ཚོའི་ཚོང་རྫས་ཁྲི་ཕྲག་མང་པོ་སྒོ་ཁྲལ་སྣ་གཅིག་ཀྱང་མེད་པའི་ལམ་ནས་ཨ་རིས་ནང་འདྲེན་བྱེད་རྒྱུ་དེ་ཡིན་ན། ཨ་རིའི་བཟོ་སྐྲུན་ལས་རིགས་ཀྱི་ཚོགས་སྡེས་གྲོས་གཞི་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཀྱང་སྐབས་དེའི་སྲིད་དབང་དམངས་གཙོ་ཚོགས་པས་བསྒྱུར་ཡོད་སྟབས། རང་གི་མི་དམངས་ཀྱི་བསམ་འཆར་དང་ངོ་རྒོལ་ཡ་མེད་དུ་བཞག་ནས་འདྲ་མཉམ་མིན་པའི་གྲོས་ཆོད་དེར་རྟགས་བཙུགས་པ་རེད། ཡིན་ན་ཡང་རྒྱལ་ནང་གི་དངོས་ཡོད་གནས་སྟངས་དེར་གཞིགས་ནས། ༢༠༡༦ ལོའི་སྲིད་འཛིན་འོས་མི་ལྕམ་ཧེ་ལི་རེ་དང་ཊོམ་ཕུ་གཉི་ཀས་གལ་ཏེ་སྲིད་འཛིན་ལ་གདམ་ཚེ TPP སྒྲིག་ཁོངས་ནས་ཕྱིར་འབུད་རྒྱུ་ཡིན་ལུགས་ཁས་བླངས་པ་རེད། ཁས་བླངས་པ་ནང་བཞིན་དུ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊོམ་ཕུ་ཨ་རིའི་སྲིད་འཛིན་ལ་བདམས་རྗེས། ༢༠༡༧ལོའི་ཟླ ༡ ཚེས ༢༣ ཉིན་སྟེ་སྲིད་འཛིན་ཁྲི་སྟོན་གྱི་ཉིན་མོ་དེར་སྒྲིག་ཁོངས་ནས་ཕྱིར་བུད་པ་རེད།
ངང་ཚུལ་དེ་ལས་ཊོམ་ཕུ་ནི་ཁ་བཤད་དོན་ལ་གནས་པའི་རང་གཤིས་ཅན་གྱི་སྐྱེས་བུ་ཞིག་ཡིན་པ་མཚོན་ཡོད།
ཨ་རི༼ཕཱ་རི་སིའི་གནམ་གཤིས་འགྱུར་ལྡོག་གྲོས་ཆོད༽ལས་ཕྱིར་བུད་པ།
༢༠༡༥ལོའི་མཇུག་ཙམ་ལ་རྟགས་བཙུགས་པའི་གྲོས་ཆོད་དེས་ཨ་རི་སོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཚོར་ལོ་རེ་རེར་ཨ་སྒོར་ཁྲག་ཁྲིག་གཅིག་གམ་དུང་ཕྱུར་སྟོང་གཅིག་གི་མ་དངུལ་མཐུན་སྦྱོར་གནང་ནས་དངོས་པོ་དང་ནུས་ཤུགས་ཀྱི་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་ལ་གནོད་པའི་སྙིགས་དངོས་ཉུང་གཏོང་བྱེད་རྒྱུར་འབད་བརྩོན་གནང་ཡོད་ལ། མ་དངུལ་དེའི་ཁྲོད་ཨ་མེ་རི་ཀས་དུང་ཕྱུར་བདུན་བརྒྱ་དང་ལྔ་བཅུའི་འགན་ཁུར་ཡོད་པ་དང་། དེ་ཡིས་མ་དངུལ་ཡོངས་ཀྱི་བཞི་ཆའི་གསུམ་ཟིན་ཡོད་པ་རེད། གྲོས་ཆོད་དེ་ལྟར་ན། ཨ་རས་འགྲོ་སོང་མང་ཆེ་ཤོས་འཁུར་དགོས་པའི་ཁར་གྲོས་ཆད་ཀྱི་ནང་དོན་ཇི་བཞིན་བརྩི་སྲུང་བྱེད་དགོས། རྒྱ་ནག་དང་རྒྱ་གར་སོགས་ཀྱིས་འགྲོ་སོང་འཁུར་མི་དགོས་པའི་ཁར་སྒོར་མོ་ཕོན་ཆེན་པོ་ཐོབ་ཀྱིན་ཡོད་པའི་མ་ཚད། ༢༠༣༠ལོའི་བར་གྲོས་ཆོད་ཀྱི་ནང་དོན་ཇི་བཞིན་སྲུང་བརྩི་བྱེད་མི་དགོས། ཊོམ་ཕུ་ཡིས་འདྲ་མཉམ་དོ་མཉམ་མ་རེད་ཟེར་དོན་དེ་རེད།
དེར་བརྟེན། ༢༠༡༧ ལོའི་ཟླ ༦ པའི་ཚེས ༡ ཉིན། ཊོམ་ཕུ་ཡིས་ཕོ་བྲང་དཀར་པོ་རུ་གོང་ཞུས་གྲོས་ཆོད་དེའི་སྒྲིག་ཁོངས་ནས་ཕྱིར་བུད་པ་གསལ་བསྒྲགས་གནང་ཡོད། དེ་དང་ཆབས་ཅིག་ཡང་བསྐྱར་གྲོས་མོད་བརྒྱུད་དོ་མཉམ་འདྲ་མཉམ་གྱི་གྲོས་ཆོག་ཅིག་འཇོག་རྒྱུར་འཚོལ་ཞིབ་གནང་བཞིན་པ་བསྒྲགས་འདུག
ཨ་རི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག རིག་གནས་ཀྱི་སྒྲིག་འཛུགས་ལས་ཕྱིར་བུད་པ།
༢༠༡༧ ལོའི་ཟླ ༡༠ པའི་ཚེས ༡༢ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གསལ་བསྒྲགས་ཤིག་སྤེལ་པའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་སྒྲིག་འཛུགས་ལ་རུལ་སུངས་དང་དོ་དམ་ཉ་ཉོག་གི་གནད་དོན་ཡོད་པ་སྒྲིག་ཁོངས་ནས་བུད་པའི་རྒྱུ་མཚད་དུ་དྲངས་ཡོད་པ་རེད། སྤྱིར་བཏང་ཨ་རི་དང་སྒྲིག་འཛུགས་དེ་གཉིས་བར་གྱི་འབྲེལ་བ་དེ་ཡང་བུད་ཡང་ཞུགས་ཀྱི་འབྲེལ་བ་ཞིག་ཡིན་ལ། ༢༠༡༡ལོར་རྒྱལ་ཁབ་གྱི་ཁྲིམས་ལུགས་དང་འགལ་བ་རྒྱུ་མཚན་དུ་དྲངས་ནས། ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག རིག་གནས་སྒྲིག་འཛུགས་ལ་ཚོགས་དངུལ་འབུལ་མཚམས་བཞག་ཡོད་ལ། ཨ་རིས་ལོ་རེ་རེར་སྒྲིག་འཛུགས་དེར་ཨ་སྒོར་བྱེ་བ་བརྒྱད་སྤྲད་ཀྱིན་ཡོད་ལ། ཨ་རིའི་ཚོགས་དངུལ་གྱིས་སློབ་གསོ་དང་ཚན་རིག རིག་གནས་སྒྲིག་འཛུགས་ཀྱི་སྤྱིའི་འགྲོ་སོང་གི་བརྒྱ་ཆའི ༢༢ ཟིན་ཡོད་པ་རེད།
ཨ་རི་ཨེ་རན་རྡུལ་ཕྲན་གོ་མཚོན་གྲོས་ཆོད་ལས་ཕྱིར་བུད་པ།
༢༠༡༨ལོའི་ཟླ ༥ ཚེས ༨ཉིན། སྲིད་འཛིན་ཊོམ་ཕུས་ཕོ་བྲང་དཀར་པོ་རུ་ཨ་རི་ཨེ་རན་རྡུལ་ཕྲན་གོ་མཚོན་གྲོས་ཆོད་ལས་བུད་པ་གསལ་བསྒྲགས་དང་ཆབས་ཅིག ཨ་མེ་རི་ཀས་ཨེ་རན་ལ་དཔལ་འབྱོར་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་ཡོད་པ་རེད། དོན་དམ་པས་ཨེ་རན་རྡུལ་ཕྲན་གོ་མཚོན་གྲོས་ཆོད་ནི་ཡར་ཐོན་ཅན་གྱི་རྒྱལ་ཁབ་འགས་སྒོར་མོ་བྱིན་ནས་བདེ་འཇགས་ཉོས་པ་འབའ་ཞིག་ཡིན་ལ། ཨ་རིས་ཤེད་ཤུགས་ཆེན་པོ་བཏོན་ཡོད་ལ། ཡོ་རོབ་ཚོས་ཁེ་བཟང་ཟོས་ཡོད།
༢༠༡༨ལོའི་ཟླ ༦པའི་ཚེས ༡༩འི་ཉིན། ཨ་རི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མི་ཐོབ་ལྷན་ཁང་ལས་ཕྱིར་བུད།
སྒྲིག་ཁོངས་ནས་བུད་པའི་རྒྱུ་མཚན་དུ་སྒྲིག་འཛུགས་དེ་མིང་དོན་མི་མཚུངས་ཤིང་། ཧ་ཅང་གདུག་རྩུབ་ཀྱི་རྣམ་པས་ཨ་རི་ལ་རྒོལ་གྱིན་ཡོད་པ་དྲངས་འདུག
ཡིན་ན་ཡང་། དབུ་ཁྲིད་ཨ་ཇོ་དེ་སྔ་ས་ནས་དོན་མེད་འགྲོ་གྲོན་གཏོང་མཁན་ཞིག་ལས་ཨ་ཇོའི་གོ་ས་དང་གུས་བརྩི་རེག་མེད་པ་མ་ཟད། ནམ་རྒྱུན་རྒྱ་ནག་དང་ཡོ་རོབ་སོགས་ཀྱི་གཡོ་འོག་ཏུ་ཚུད་ཀྱིན་ཡོད། ༢༠༠༡ལོར་མནའ་གྲོགས་ཧྥ་རན་སིས་རྒྱ་ནག་དང་ངན་རུབ་བྱས་ནས་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཐོབ་ལྷན་ཁང་གི་རྒྱུན་ལས་ལས་ཕུད་པ་དེ་དཔེ་མཚོན་ཡག་ཤོས་ཤིག་ཡིན།
ཨ་རི་སྒྲིག་ཁོངས་མང་པོ་ཞིག་ལས་འབུད་དོན་དེ་སྤྱིར་ན་རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་བ་ཐེབས་པས་ཡིན་ལ། ནང་སྒོས་སུ་ཨ་རི་རང་སྟེང་གི་གནས་སྟངས་ལའང་རག་ལས་ཡོད།
འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ནས་བཟུང་། ཨ་རིས་འཛམ་གླིང་དབུ་ཁྲིད་ཀྱི་འོས་འགན་ཕྲག་ཏུ་བླངས་པ་མ་ཟད། བདེ་འཇགས་དང་འདྲ་མཉམ་གྱི་གོ་ལ་ཞིག་བསྐྲུན་ཆེད་རྒྱལ་སྤྱིའི་ཉེན་རྟོག་པའི་བརྟུལ་ཞུགས་བཟུང་ནས། བདེན་པ་སྐྱོང་བའི་ནུབ་གླིང་མནའ་མཐུན་རྒྱལ་ཁབ་ཚོ་དང་མཉམ་དུ་གྲང་དམག་ལས་རྣམ་པར་རྒྱལ་བ་རེད། དེ་ཡི་རྒྱབ་ན་སྟོབས་ཆེན་རྒྱལ་ཁབ་ཅིག་གི་འདེགས་ཤེད་ཡོད་ལ། སྟོབས་ཆེན་རྒྱལ་ཁབ་ཅིག་གི་འབངས་མི་སེར་གྱི་རྒྱབ་སྐྱོར་ཡང་ཡོད། ཡིན་ན་ཡང་། ༩.༡༡ དོན་རྐྱེན་གྱི་རྗེས་སུ། ཨ་རིའི་དཔལ་འབྱོར་ལ་གས་ཁ་ཐེབས་ནས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྔོན་ཆད་དང་བསྡུར་ན་ཅུང་ཇེ་ཞན་དུ་སོང་ཡོད་པའང་དངོས་ཡོད་གནས་ཚུལ་ཡིན། གཞན་ལ་གཅིག་སྟེར་འདོད་ན་ཐོག་མར་རང་ཉིད་ལ་གཉིས་དགོས་པ་ནང་བཞིན། ཐོག་མར་རང་གི་རྒྱལ་ཁབ་དང་མི་དམངས་ཀྱི་དཀའ་སྡུག་སེལ་རྗེས་ད་གཟོད་གོ་ལ་ཁྱོན་ཡོངས་ལ་བལྟ་ཐུབ། ཊོམ་ཕུ་ཡི་ཨ་མེ་རི་ཀའི་རླབས་ཆེན་སླར་གསོ་ཞེས་པའི་དགོངས་ཚུལ་དེའང་དེ་ལྟ་བུའི་གནས་སྟངས་འོག་བྱུང་བ་ཤར་སྟག་རེད།
ཀུན་སློང་དང་དམིགས་ཡུལ་གང་གི་ཆ་ནས་བལྟས་ཀྱང་དེ་ལ་མ་འགྲིག་མ་འཐུས་པའི་ཆ་ནི་སྤུ་རྩེ་ཙམ་ཡང་མེད་པར་འདོད།
དེ་མིན་གཞན་ཞིག་ནི་གཞིས་སྤོས་ཡུལ་མིའི་གནད་དོན་ཡིན། ༢༠༡༧ལོའི་ཨ་རིའི་གཞིས་སྤོས་ཡུལ་མི་བཅོས་བསྒྱུར་མཉམ་འབྲེལ་ཁང་གི་སྙན་ཐོ་ལྟར་ན། ཨ་རི་ན་ཁྲིམས་འགལ་གཞིས་སྤོས་ཡུལ་མི ༡༢༥༠༠༠༠༠ དང་། ཁྲིམས་འགལ་གྱི་གཞིས་སྤོས་ཡུལ་མིར་ཆད་པའི་ཁྲིམས་མཐུན་མི་སེར ༤༢༠༠༠༠༠ ཡོད་ཅིང་། གཞིས་སྤུས་ཡུལ་མི་དེ་དག་གི་ཆེད་དུ་ལོ་རེ་རེར་ཨ་སྒོར ༡༣༥༠༠༠༠༠༠༠༠༠གཏོང་གིན་ཡོད་པ་དང་། འགྲོ་སོང་དེ་གཞིས་སྤོས་ཡུལ་མིས་ཕུལ་བའི་དཔྱ་ཁྲལ་གྱི་ལྡབ་བདུན་ལྷག་ཡིན་པ་རེད།
ད་དུང་བཤད་རིན་ཡོད་པ་ཞིག་ལ། ཨོ་བྷ་མས་སྲིད་སྐྱོང་བའི་ལོ་བརྒྱད་རིང་ཡ་མཚར་བའི་ངང་ཚུལ་ཞིག་བྱུང་ཡོད། ༢༠༡༦ལོའི་ཟླ ༥ པའི་ཚེས ༦ཉིན་དབུས་རིག་མཛོད་ཡུལ་མི་གཞིས་སྤོས་ཞིབ་འཇུག་ལྟེ་གནས་ཁང་གིས་སྤེལ་བའི་གཞིས་སྤོས་ཡུལ་མིས་འགྲོ་སོང་སྐོར་གྱི་སྙན་ཐོའི་ནང་། ཁྱིམ་བདག་ཁྲིམས་མཐུན་དང་ཡང་ན་ཁྲིམས་འགལ་གྱི་གཞིས་སྤོས་ཡུལ་མིའི་ཁྱིམ་ཚང་ལ་ལོ་རེར་ཨ་རི་གཞུང་གིས་ཆ་སྙོམས་ཨ་སྒོར ༦༢༤༡གི་གནང་སྦྱིན་གཏོང་གིན་ཡོད་པ་དང་། ཨ་རིའི་ས་སྐྱེས་རྡོ་སྐྱེས་མི་སེར་ཁྱིམ་ཚང་ལ་ལོ་རེར་ཨ་རི་གཞུང་གིས་ཆ་སྙོམས་ཨ་སྒོར ༤༤༣༡ གི་གནང་སྦྱིན་གཏོང་གིན་ཡོད་ཅིང་། ས་སྐྱེས་རྡོ་སྐྱེས་ཀྱི་ཨ་རིའི་མི་སེར་ལས ༤༡% གིས་མཐོ། དབུས་གཞུང་གི་གནང་སྦྱིན་མང་ཤོས་ཐོབ་མཁན་ནི་ཁྱིམ་མཚེས་རྒྱལ་ཁབ་མེ་ཁི་སི་ཀོ་དང་ཨ་མེ་རི་ཀ་དཀྱིལ་གླིང་གི་རྒྱལ་ཁབ་དག་གི་གཞིས་སྤོས་ཡུལ་མི་ཡིན་ཞིང་། དེ་ཚོར་ལོ་རེར་ཨ་སྒོར ༨༢༥༡གི་གནང་སྦྱིན་རེག་གིན་ཡོད་པས། ས་སྐྱེས་རྡོ་སྐྱེས་ཀྱི་ཨ་རིའི་མི་སེར་ལས ༨༦%གིས་མཐོ། གནང་སྦྱིན་གནང་མཁན་གྱི་བསྡུར་ཚད་ནི་གཞིས་སྤོས་ཡུལ་མི ༥༡% གིས་གནང་སྦྱོན་དེ་ལོངས་སུ་སྤྱོད་ཀྱིན་ཡོད་པ་དང། ས་སྐྱེས་རྡོ་སྐྱེས་མི་སེར ༣༠% མ་གཏོགས་མེད།
༢༠༡༦ལོའི་སྲིད་འཛིན་འོས་འདེམས་སྐབས། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལི་རེ་ཡིས་གལ་ཏེ་ཁོང་མོ་སྲིད་འཛིན་དུ་གདམ་ཚེ་རྒྱལ་མཚམས་ཡོངས་སུ་སྒོ་འབྱེད་རྒྱུ་ཁས་བླངས་པ་རེད། རྗེས་སུ་དེ་ཊོམ་ཕུ་ཡི་ཕན་གྲོགས་སུ་གྱུར་ཡོད་པ་རེད།
ཕུགས་བསམ་རིང་ལུགས་ཀྱི་ཀླུང་དུ་ལྷུང་བའི་དམངས་གཙོ་ཚོགས་པ་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགན་འཁུར་དང་རང་རྒྱལ་མི་དམངས་ལ་འགན་འཁུར་གཉིས་བར་གདམ་ཀ་ནོར་ནས་ཁ་ཕྱོགས་བརླག་ཡོད་པས། ཨ་རི་བ་མང་པོས་གཞུང་གིས་རང་གི་དོན་དག་དང་པོར་བཞག་ནས་རྒྱལ་སྤྱིའི་གནད་དོན་གཉིས་པར་བྱེད་དགོས་པའི་བསམ་བློ་འཁོར་ཡོད་པ་རེད། བསམ་བློ་དེ་ཊོམ་ཕུ་སྲིད་འཛིན་དུ་བདམས་པའི་སྟོབས་ཤུགས་གཙོ་བོ་དེའང་ཡིན།
རྟགས་དང་ཚད་མ་སྣ་ཚོགས་ལས་ཤེས་ཐུབ་པ་ཞིག་ནི། རྒྱལ་སྤྱི་དང་ཨ་རིའི་གནས་སྟངས་ལ་འགྱུར་བ་ཐེབས་པ་དང་འགྲོས་མཉམ་དུ་ཨ་རི་མི་དམངས་ཀྱི་བསམ་བློའི་ལྟ་བར་འགྱུར་ལྡོག་ཐེབས་ཡོད་པ་དེ་རེད། ཊོམ་ཕུ་ཡི་ཨ་མེ་རི་ཀའི་རླབས་ཆེན་སླར་གསོའི་དགོངས་དོན་དེ་རྒྱ་ཆེ་བའི་ཨ་རིའི་མི་དམངས་ཀྱི་འདོད་བློ་རྨང་གཞི་བྱས་ནས་བཏོན་པ་ཞིག་ཡིན་པ་མ་ཟད། དེང་གི་དངོས་ཡོད་གནས་སྟངས་དང་མཐུན་པའི་ཡང་དག་པའི་ལས་ཤིག་ཀྱང་ཡིན།
ཨ་མེ་རི་ཀས་དབུ་ཁྲིད་པའི་འདས་པའི་མི་ལོ་བདུན་ཅུ་ནི་འགྲོ་བ་ཐབས་ཅད་ཀྱིས་ཡིད་སྨོན་ཤོར་སའི་དུས་ཤིག་ཡིན་མོད། འོན་ཀྱང་། དེང་གི་ཆར་རྒྱ་ནག་གིས་དཔལ་འབྱོར་ཤེད་ཤུགས་སྤྱད་ནས་རྒྱལ་སྤྱིའི་འགྲོ་ལུགས་སྲིད་ལུགས་ལ་ཀླན་ཀ་བཙུགས་པ་ཙམ་མ་ཚད་གཏོར་བརླག་བཏང་དང་གཏོང་གིན་ཡོད་ལ། རྒྱ་ནག་གི་དཔལ་འབྱོར་བསླུ་བྲིད་འོག་མགོ་གཡོག་མགོ་སྐོར་ཐེབས་པའི་རྒྱལ་ཁབ་ཡ་མ་གཟུགས་མང་པོ་ཞིག་གིས་མིག་སྔར་གྱི་ཁེ་བཟང་ཆུང་ཆུང་ཞིག་གི་སླད་རྒྱ་ནག་དང་ངན་རུབ་བྱས་པར་བརྟེན། དེང་ཐོག་གི་དགོས་པ་དམིགས་ཡུལ་དང་རྒྱབ་འགལ་དུ་སོང་བའི་རྒྱལ་སྤྱིའི་མིང་ཙམ་ཁྱེར་བའི་སྒྲིག་འཛུགས་འགའ་ཤས་ནས་ཨ་རི་ཕྱིར་ཐོན་པ་རེད། ཡིན་ན་ཡང་ཨ་རི་སྒྲིག་ཁོངས་ནས་ཕྱིར་བུད་པ་དེས་རྒྱལ་སྤྱིའི་འོས་འགན་མ་ཁུར་བ་གཏན་ནས་མིན། དེ་ལས་ལྡོག་དེ་རྒྱལ་སྤྱིའི་ལམ་ལུགས་གསར་བ་ཞིག་འཛུགས་བསྐྲུན་གྱི་ཆེད་དུ་ཡིན་པ་ཨ་རིའི་དབུ་ཁྲིད་ཚོས་ཐེངས་གཅིག་མིན་གཉིས་མིན་བཤད་ཡོད།
དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གྱི་ཉེན་བརྡ་བཏང་བ་ནང་བཞིན། ཨ་རི་མེད་པའི་མཉམ་འབྲེལ་རྒྱལ་ཚོགས་ནི་ཅི་ཡང་མིན། ཨ་རི་ཞུགས་པའི་རྣམ་གྲངས་དག་ལ་ད་གཟོད་ལག་ལེན་དུ་བསྟར་ཤུགས་འཛོམས་ཡོད། ཨ་མེ་རི་ཀས་མ་དངུལ་ཆེ་ས་ནས་མ་ཁུར་ཚེ་གཞན་ཚོས་ཅི་ཡང་མི་འགྲུབ། དཔེར་ན་ཕཱ་རེ་སི་གནམ་གཤིས་འགྱུར་ལྡོག་གྲོས་ཆོད་དེ་ད་ལྟ་ཤོག་སྙིགས་ཙམ་དུ་གྱུར་བ་ནང་བཞིན་རེད། ཅེས་པ་ལྟར། ཨ་མེ་རི་ཀ་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ཅིག་གི་ཁོངས་ནས་ཕྱིར་བུད་ཀྱང་། ད་དུང་ཡང་འཛམ་གླིང་གི No1ཡིན་ལ། ཐོད་རྒལ་གྱི་རྒྱལ་ཁབ་ཁོ་ན་དེ་ཡིན།
གཞིས་སྤོས་ཡུལ་མིའི་གནད་དོན་གཅིག་པུ་ནས་བཤད་ན། ཡོ་རོབ་ཀྱི་དཀྱིལ་ཤར་གྱི་གཞིས་སྤོས་ཡུལ་མིར་སྒོ་མོ་མ་འབྱེད་པའི་སྔོན། ཨ་རིས་ལོ་རེར་གཞིས་སྤོས་ཡུལ་མི ༨༨༠༠༠ ལྷག་ལེན་གྱིན་ཡོད་ལ། གྲངས་ཀ་དེ་རྒྱལ་ཁབ་གཞན་ཚང་མའི་སྤྱི་བསྡོམས་ལས་ཀྱང་མང་། གལ་ཏེ་ཨ་རིས་གཞི་སྤོས་ཡུལ་མི་ངོས་ལེན་མ་བྱས་ཚེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞིས་སྤོས་ཡུལ་མི་བཀོད་སྒྲིག་ལས་དོན་གནད་དོན་ཆེན་པོར་ཐུག་ཡོད།
ཡང་གཅིག་བཤད་ན། ཨ་རི་མུ་མཐུད་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་དབུ་ཁྲིད་ཀྱི་འོས་འགན་ཁུར་མུས་སུ་ཡིན་ལ། དཔེར་ན་བྱང་ཀོ་རེ་ཡའི་རྡུལ་ཕྲན་གོ་མཚོན་མེད་པར་བཟོ་བའི་ལས་དོན་ལྟ་བུ། ཡིན་ན་ཡང་ཨ་རིས་བྱང་ཀོ་རེ་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་བཏང་བའི་ཕོན་ཆེ་བའི་འགྲོ་སོང་དེ་ཉི་ཧོང་གིས་གཏོང་དགོས་པའི་དགོས་འདུན་བཏོན་ཡོད། མ་འདྲ་ས་དེ་གནད་དོན་ཐག་གིས་གཅོད་སྟངས་རེད། སུ་ལ་ཁེ་ཕན་ཡོད་ན་སུ་ཡིས་འགྲོ་གྲོན་གཏོང་རྒྱུ་ལས་སྔོན་ཆད་ལྟར་ཡོད་ཚད་ཨ་རིས་སྟེར་མི་སྲིད། ཁ་གསལ་ནས་བཤད་ན། ཨ་རིས་མུ་མཐུད་ནས་འཛམ་གླིང་འདིའི་དབུ་ཁྲིད་ཀྱི་གོ་ས་འཛིན་རྒྱུ་ཡིན་མོད། འོན་ཀྱང་། དགོས་མེད་ཀྱི་འགྲོ་གྲོན་གཏོང་རྒྱུ་མིན་པ་དེ་རེད།