སློབ་གསོ་ར་བར་བཅུགས་པའི་ཡུ་གུར་བའི་གྲངས་འབོར་ནཱ་ཚི་གཅིག་བསྡུས་ར་བ་ལས་ཀྱང་མང་།

de2e7eac-b555-4653-8549-b95700f7ad7e
ཞིན་ཅང་གི་ཆབ་སྲིད་སློབ་གསོའི་ར་བ། པར་ཨེ་རླུང་ནས་བཤུས།

ཨ་རིའི༼ཕྱི་འབྲེལ་སྲིད་ཇུས༽ཞེས་པའི་དུས་དེབ་སྟེང་རྩོམ་ཡིག་རིང་པོ་ཞིག་སྤེལ་ཏེ། རྒྱ་ནག་གིས་ཞིན་ཅང་ས་ཁུལ་དུ་ཆབ་སྲིད་སློབ་གསོ་ར་བ་ཟེར་བ་བཙུགས་ནས་རིགས་ཚོགས་གཙང་སེལ་བྱས་དང་བྱེད་ཀྱིན་པའི་ལས་འགུལ་ལ་དབྱེ་ཞིབ་བྱས་པའི་གྲུབ་འབྲས་སུ་། ད་ལྟ་ཞིན་ཅང་གི་ཆབ་སྲིད་སློབ་གསོ་ར་བར་བཅུགས་པའི་ཡུ་གུར་བའི་གྲངས་འབོར་འཇར་མཱ་ནེ་ནཱ་ཚི་གཅིག་བསྡུས་ར་བ་ལས་ཀྱང་མང་ཞེས་བཀོད་ཡོད་པ་རེད།

རྩོམ་ཡིག་འབྲི་མཁན་ནི་སྐུ་ཞབས་རེན་ཐུམ་ལགས་ཡིན་པ་དང་། རྩོམ་ཡིག་གི་མགོ་བརྩམས་མ་ཐག་གི་ཐིག་ཕྲེང་དང་པོ་རུ། ད་ཡོད་ཡུ་གུར་བ་དར་མའི ༥% ནས ༡༠% ཞིན་ཅང་ས་ཁུལ་ཀུན་ཏུ་ཁྱབ་པའི་ཆབ་སྲིད་སློབ་གསོ་ར་བར་བཅུགས་འདུག ཅེས་བྲིས་ཡོད་པ་རེད།

རྩོམ་ཡིག་དེའི་ནང་། ཆབ་སྲིད་སློབ་གསོ་ར་བའི་དམིགས་ཡུལ་ནི་ཡུ་གུར་བ་གཙོ་བོ་ཡིན་པའི་ཨེ་སི་ལམ་ཁ་ཆེ་བའི་བསམ་བློ་རྣམ་པར་དག་མར་བསྒྱུར་བཀོད་བརྒྱུད། བསམ་བློའི་ནང་གི་ཐལ་དྲག་རིང་ལུགས་སོགས་ནད་ཡམས་གཙང་དག དེ་དང་ཆབས་ཅིག་གུང་ཁྲན་ཏང་ལ་དགའ་ཞེན་གྱི་བསམ་བློ་འཛུགས་སྐྲུན་བྱེད་རྒྱུ་བཅས་ཡིན་ཚུལ་རྒྱ་གཞུང་གིས་འགྲེལ་བརྗོད་བྱས་ཡོད་པ་བཀོད་འདུག

ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་ན་ཡོད་པའི་ཡུ་གུར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཡེལ་ཞཱ་ཐི་ལགས་ཀྱིས་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་དོན་གྱིས་མི་རིགས་གཙང་སེལ་ཡིན་པར་ངོས་འཛིན་བྱས་འདུག དེ་ཡང་ཡེལ་ཞཱ་ཐི་ལགས་ཀྱིས། མི་རིགས་ཤིག་ལ་འཆར་གཞི་དང་ལྡན་པ། དམིགས་སྒོ་ཡོད་པའི་ངང་མི་རིགས་དེའི་རིག་གཞུང་དང་མིང་ཐོབ། ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས་སོགས་བཙན་དབང་གིས་བཅོས་བསྒྱུར་བྱས་པ་དེ་རིགས་ཚོགས་གཙང་སེལ་ཡིན་པ་མ་ཟད། མི་རིགས་ཤིག་གི་ཤ་རུས་ལུས་སྲོག་རྩ་མེད་དུ་བཏང་བ་ཞིག་ཀྱང་ཡིན་ཟེར།

ཡང་རྩོམ་ཡིག་དེའི་ནང་། རྒྱ་ནག་གཞུང་གིས་གཙང་སེལ་སྲིད་ཇུས་དེ་དག་གཏན་འབེབས་དང་ལག་བསྟར་བྱས་པར་གཞིགས་ན། དད་པ་མི་གཅིག་པའི་དབང་གིས་ཞིན་ཅང་གི་ཡུ་གུར་བས་དུས་ནས་དུས་སུ་གཞུང་ལ་ངོ་རྒོལ་བྱེད་ཀྱིན་ཡོད་པར་གཞིགས་ནས་དོ་དམ་སྲིད་ཇུས་རིགས་འདྲ་མིན་གཏན་འབེབས་བྱས་པ་མ་ཟད། ཨེ་སི་ལམ་ཁ་ཆེ་ཆོས་ལུགས་སོགས་ཆོས་ལུགས་རིགས་ནི་ཕྱི་རོལ་ཡུལ་ནས་ཡོང་བའི་སྟོབས་ཤུགས་ཐ་དད་པ་ཞིག་དང་སྲིད་གཞུང་གི་སྡིགས་བསྐུལ་ཞིག་ལ་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་ཡོད་ཅེས་བཀོད་ཡོད་པ་རེད།

ཡིན་ན་ཡང་ད་ལྟ་ཨ་རིའི་རྗོར་རྗི་ཡ་མངའ་སྡེར་སློབ་སྦྱོང་བྱེད་བཞིན་པའི་ཁ་ཆེ་བ་ཀུ་ཡེ་ལགས་ཀྱི་ལྟ་ཚུལ་དེ་དང་ཅུང་ཞིག་ཁ་ཁ་ཡིན་ཞིང་། ཁོང་གིས་ཡུ་གུར་བའི་ལོ་རྒྱུས་ཀྱི་གོ་ས་དེ་མི་རིགས་ངོ་རྒོལ་གྱི་རྒྱུ་རྐྱེན་གཙོ་བོ་རུ་ངོས་འཛིན་བྱས་འདུག དེ་ཡང་ཀུ་ཡེ་ལགས་ཀྱིས་ཤར་ཏིར་ཀི་སི་ཐན་ལ་མཚོན་ན་རྒྱ་ནག་ནི་ཕྱི་ནས་ཡོང་བའི་མི་སེར་སྤེལ་ཡུལ་གྱི་སྲིད་གཞུང་ཞིག་ཡིན། རྒྱ་ནག་པས་ཡུ་གུར་བའི་ཡུལ་གྲུ་བཙན་འཛིན་བྱས་པ་ཡིན་སྟབས། ཡུ་གུར་བས་རང་ཉིད་རྒྱ་ནག་གི་ཡིན་པ་དང་། རྒྱ་ནག་རང་གི་རྒྱལ་ཁབ་ཡིན་པ་ངོས་ལེན་མ་བྱས་ན་ཆོག ཡུ་གུར་བར་རྩ་བའི་ཆ་ནས་ངོ་རྒོལ་གྱི་ཐོབ་ཐང་དང་རྒྱུ་མཚན་ཡོད་ཟེར།

ཨ་རིའི༼ཕྱི་འབྲེལ་སྲིད་ཇུས༽དུས་དེབ་ཀྱི་རྩོམ་ཡིག་དེའི་ནང་ད་ལྟ་ཞིན་ཅང་ས་ཁུལ་དུ་ཡོད་པའི་ཆབ་སྲིད་སློབ་གསོ་ར་བ་དང་དེ་སྔའི་ལོ་རྒྱུས་ཁྲོད་ཀྱི་གཅིག་བསྡུས་ར་བ་གཉིས་མཚུངས་པར་སྨྲས་ནས། ཤར་ཏིར་ཀི་སི་ཐན་ས་ཆེན་སྟེང་བསྐྲུན་པའི་ཆབ་སྲིད་སློབ་གསོ་ར་བ་སྟོང་ཕྲག་མང་པོ་རུ་ཉེས་མེད་ཡུ་གུར་བ་ས་ཡ་བརྒལ་བ་ཁྲིམས་འགལ་གྱིས་བཀག་ཉར་བྱས་ཡོད་པས། གྲངས་ཀ་དེ་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་འཇར་མེན་ནཱ་ཚི་གཞུང་གིས་གཅིག་བསྡུས་ར་བར་བཅུགས་པའི་ཇོའུ་མི ༧༠༠༠༠༠ ལས་ཀྱང་བརྒལ་ཡོད་ཅེས་བཀོད་ཡོད་པ་རེད།

སྐུ་ཞབས་ཡེལ་ཞཱ་ཐི་ལགས་ཀྱིས་ཞིན་ཅང་དུ་རིགས་ཚོགས་དམར་གསོད་བྱས་ཡོད་པར་དོགས་སློང་བྱས་འདུག དེ་ཡང་ཁོང་གིས། རིགས་ཚོགས་དམར་གསོད་ལ་ཆ་རྐྱེན་ལྔ་ཡོད། དང་པོ་མི་རིགས་གང་ཞིག་ལ་སྒྲོ་སྐུར་དམའ་འབེབས། གཉིས་པ་མི་རིགས་ཞིག་སྤྱི་ཚོགས་ཀྱི་མཐར་དེད། གསུམ་པ་མི་རིགས་དེར་ཡོངས་སུ་དྲག་གནོན། བཞི་བ་མི་རིགས་དེའི་དངོས་པོ་ཡིན་མིན་གཉིས་ཀའི་རིག་གཞུང་དང་རིག་གཞུང་འཛིན་བྱད་དཔེ་ཆ་མེ་སྲེག དེ་ནས་རང་བཞིན་གྱིས་ལྔ་བ་སྟེ་རིགས་ཚོགས་དམར་གསོད་ཡོང་གི་རེད། རྒྱ་ནག་གི་ཡུ་གུར་བའི་སྲིད་ཇུས་དེ་ད་ལྟ་རིགས་བཞི་བར་བསླེབས་ཟིན་པ་དང་། རིགས་ལྔ་བ་ལག་ལེན་དུ་བསྟར་འགོ་ཚུགས་ཡོད་ཟེར།

ཤར་ཏིར་གུ་སི་ཐན་ན་ཆབ་སྲིད་སློབ་གསོ་ར་བ་ལས་གཞན། ཡུ་གུར་བའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་སྐུལ་ནན་མོ་བྱས་ཡོད་ལ། དཔེར་ན་སློབ་གྲྭའི་ནང་ཡུ་གུར་སྐད་བཤད་མི་ཆོག་པ་དང་། སྐྱེས་པའི་ཁ་སྤུ་བཞག་མི་ཆོག་པ། བུད་མེད་ཀྱིས་གདོང་ཁེབ་གོན་མི་ཆོག་པ། ཡུ་གུར་བའི་ལོ་རྒྱུས་བཟོ་བཀོད་རིགས་གཏོང་བཤིག དེ་མིན་ཚན་རིག་ལག་རྩལ་བཀོལ་ནས་ངོ་གདོང་དབྱེ་འབྱེན་མ་ལག་དང་སྐད་གདངས་དབྱེ་འབྱེད་མ་ལག་སོགས་བྱུང་རྒྱལ་དུ་བཀོལ་སྤྱོད། ཡུ་གུར་བ་ཚང་མའི་རྒྱུད་རྒྱུ་བཙན་གྱིས་བསྡུ་ལེན། གང་བྱུང་དུ་ཡུ་གུར་བའི་ལག་འཁྱེར་ཁ་པར་སྔོག་བཤེར་བྱེད་པ་སོགས་ཀྱིས་མཚོན། ཡུ་གུར་བ་ཚོ་ཉིན་མཚན་དུས་དྲུག་ཏུ་རྒྱ་གཞུང་གི་ཉེན་རྟོག་པའི་ལྟ་སྐུལ་འོག་ཚུད་ཡོད་པ་རེད།