རྒྱ་ནག་དངོས་གནས “གྱོང་བ་ལ” རེད་དམ།

Screen Shot 2018-05-06 at 10.37.58
པར་གཞན་ནས་བཤུས།

ཨ་རྒྱའི་བར་ཚོང་དམག་གི་གཡུལ་འགྱེད་བརྩམས་མ་ཐག ཟླ་འགའི་སྔོན་རྒྱལ་ཁབ་ཧྲིལ་བོས་དགའ་འབོད་བྱས་པའི“གྱོང་བ་ལའི”རྒྱ་ནག་ཏུ་ཟིང་ཆ་མི་ཆུང་བ་ཞིག་ལངས་ཡོད།

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཚོང་དམག་གི་གཡུལ་མགོ་བསླངས་རྗེས། རྒྱ་ནག་ནང་ཁུལ་དུ་རྩོད་པའི་ཟིང་ཆ་བསླངས་པ་མ་ཟད། གཅིག་བགྱིས་ན་མཐོ་རིམ་དབུ་ཁྲིད་ཚོ་མ་མཐུན་མ་འཆམ་པའི་དབང་ཆ་འཐབ་རྩོད། ཡང་ན་ལམ་ཕྱོགས་འཐབ་རྩོད། ཡང་ཡང་ན་ལྟ་གྲུབ་འགལ་ཟླ་སོགས་བྱུང་ཡོད་པ་ནུབ་གླིང་གི་སྨྱན་བྱེད་གཙོ་གྲས་ཁག༼ནིའུ་ཡོག་དུས་བབ༽དང༼ཝོལ་སྲང་ལམ༽། ༼རོའེ་ཊིར༽སོགས་ཀྱིས་དོ་སྣང་བྱས་འདུག

ཨ་མེ་རི་ཀས་རྒྱ་ནག་ནས་ནང་འདྲེན་ཚོང་ཟོག་གི་སྒོ་ཁྲལ་སྤར་དོན་ནི་རྒྱ་ནག་གི་སྒྲིག་གཞི་དང་འགལ་བའི་དོ་མཉམ་མ་ཡིན་པ། སྤྱི་བོའི་འགྲོ་མ་ཡིན་པ། ཚོང་ལུགས་མ་ཡིན་པའི་ཚོང་ལས་བྱ་སྤྱོད་ལ་རྡུང་རྡེག་གི་སླད་དུ་ཡིན་ཞིང་། དེའི་ཁྲོད་ཤེས་ཡོན་གྱི་སྒེར་བདག་ཐོབ་ཐང་མ་བྱིན་པར་ལེན་པ་དང་། བཙན་དབང་དང་གཡོ་ཧམ་སྦྲེལ་ནས་ཕྱིའི་མ་རྩའི་ཁེ་གཉེར་ལས་ཁང་གི་ལག་རྩལ་ལེན་པ་སོགས་ཐེ་ཡོད།

ཡིན་ན་ཡང་། རྒྱ་ནག་གཞུང་སྒེར་གཉི་ཀས་ཚོང་དམག་ལངས་རྐྱེན་ལ་བསམ་ཞིབ་སྐབས་སུ། བགྲོ་བྱའི་གླེང་གཞི་དེ་དོ་མཉམ་མིན་པའི་ཚོང་ལས་བྱ་སྤྱོད་སྐོར་མ་ཡིན་པར། རྒྱ་ནག་དབུས་གཞུང་གི་དྲིལ་བསྒྲགས་ཐབས་ཇུས་འོས་འཚམས་ཡིན་མིན་ཆགས་ཡོད་པ་དེ་ཨེ་མ་ཧོ། དངོས་ཡོད་གནས་སྟངས་དང་མཐུན་མིན་ལ་མ་ལྟོས་པའི་མངོན་སུམ་འཛེམ་བག་མེད་པར་འུད་ཤོབ་ཀྱིས་བསྒྲགས་པའི “གྱོང་བ་ལ” ཡིས་རྒྱལ་ཁབ་གོང་འོག་བར་གསུམ་ལ་རང་ཚོད་མི་ལོན་པའི་རྨོངས་འཐོམས་པའི་རང་རྟོན་གྱིས་བླུན་པོར་བསྒྱུར་བ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལའང་འཇིགས་སྣང་ཞིག་སྐྱེ་རུ་བཅུགས་ཡོད་པ་དེ་རྒྱ་ནག་པ་མི་ཉུང་བའི་དོགས་སློང་བྱེད་ཡུལ་གྱུར་ཡོད།

ད་ལོའི་སྤྱི་ཟླ ༣ པར། རྒྱ་ནག་དབུས་བརྙན་འཕྲིན་ཁང་དང་། རྒྱ་ནག་བརྙན་འཕྲིན་མ་རྩ་ཁེ་གཉེར་ལས་ཁང་མཉམ་འབྲེལ་གྱི་སྒོ་ནས་བཏོན་པའི་དངོས་བྱུང་གློག་བརྙན་ཞིག་སྟེ། ཁ་བྱང་ལ༼གྱོང་བ་ལ། ངའི་རྒྱལ་ཁབ༽ཟེར་བ་དེ་རྒྱ་ནག་ཡོངས་སུ་བསྟན་ནས་པཱ་སེ་བཙོངས་པའི་ཡོང་འབབ་རྒྱ་སྒོར ༥༠༠ ༠༠༠ ༠༠༠ རེག་ཡོད་པས། རྒྱ་ནག་གི་གློག་བརྙན་ལོ་རྒྱུས་ཁྲོད་པཱ་སེ་བཙོངས་པའི་ཡོང་འབབ་མཐོ་ཤོས་དེ་ཆགས་པ་རེད།

“གྱོང་བ་ལ” ཡིས་སྦྱིན་པའི་དགའ་སྤོབས་ཀྱི་བཅོས་མའི་ཚོར་བ་དེ་ཟླ་བ་གཅིག་ལྷག་ལ་མ་གཏོགས་མྱངས་པའི་གོ་སྐབས་རེག་མེད་ལ། དེའི་མཚམས་སུ། ཨ་རིའི་ཚོང་དོན་ལྷན་ཁང་གིས་རྒྱ་ནག་གི་ཀྲུན་ཞིན་ཁེ་གཉེར་ལས་ཁང་ལ་དམ་དྲག་ཉེས་ཆད་བཅད་ནས་ཨ་རིའི་ཁེ་ལས་ཁང་གིས་རྒྱ་ནག་གི་ཀྲུན་ཞིན་ཁེ་ལས་ཁང་ལ་ཉིང་ལྷེབ་བཙོང་མ་ཆོག་པ་བཟོས་སྟབས། རྒྱ་ནག་གི་ཚན་རིག་ལག་རྩལ་རྩེ་གྲའི་ཁེ་གཉེར་ལས་ཁང་དེ་ཞག་གཅིག་ལ་ཚོང་རྡིབ་ནས་ཤི་གསོན་ཆགས་འཇིག་གི་གནས་སུ་བསྐྱལ་ཞིང་། མཐར་ཀྲུན་ཞིན་གྱིས་ཉེས་པ་ཁས་བླངས་ནས་ཉེས་ཆད་ཨ་སྒོར་དུང་ཕྱུར ༡༤ ཨ་རི་ལ་བྱིན་པའི་མ་ཚད། ཨ་རི་བས་གྲུབ་པའི་ལྟ་རྟོག་ཚོགས་ཆུང་ཞིག་ཀྲུང་ཞིན་ཁེ་ལས་ཁང་དུ་བསྡད་ནས་གྲོས་དོན་ལག་བསྟར་བྱེད་སྟངས་ལ་ལྟ་སྐུལ་བྱེད་རྒྱུའི་གྲོས་གཞི་དང་ལེན་བྱས་ཡོད་པ་རེད།

དེ་ནས་ཡང་ཟླ ༣ གྱི་རྗེས་སུ། ཨ་རིས་རྒྱ་ནག་ནས་ནང་འདྲེན་ཚོང་ཟོག་གི་སྒོ་ཁྲལ་སྤར་འགོ་ཚུགས་པའི་མཚོན་ཨ་རྒྱའི་བར་ཚོང་དམག་དངོས་སུ་ལངས། དེ་ཙ་ན། རྒྱ་ནག་གི་སྲིད་འབྱོར་ཚན་པ་སོ་སོས་རྒྱ་ནག་གི་དཔལ་འབྱོར་མདུན་ལྗོངས་ལ་སེམས་ཁུར་མི་བྱེད་རང་བྱེད་ཆགས།

ངོ་ཚ་ཁ་སྐྱངས་ཀྱི་གནས་སྟངས་དེ་འདྲ་བྱུང་དུས། རྒྱ་ནག་གི་ཤེས་ལྡན་པའི་ཚོགས་སྡེ་དང་ཆབ་སྲིད་པའི་སྡེས་རྒྱ་ནག“གྱོང་བ་ལ ”ཞེས་པའི་དབུས་གཞུང་གི་འོས་མིན་འུད་བསྟོད་ཀྱི་དྲིལ་བསྒྲགས་སྲིད་ཇུས་ལ་དགག་པ་མཐའ་གཅིག་ཏུ་བརྒྱབས།

ཨ་མེ་རི་ཀས་རྒྱ་ནག་གི་ཀྲུང་ཞིན་ཁེ་གཉེར་ལས་ཁང་ལ་ཉིང་ལྷེབ་མཁོ་སྤྲོད་མཚམས་བཞག་པ་ཙམ་གྱིས་འཕྲལ་མར་ཉག་ཕྲན་གཅིག་གིས་ཀླད་ཁྲག་གཏོར་བའི་ནུས་པ་ཐོན་པར་གཞིགས་ན། ཨ་མེ་རི་ཀ་དང་རྒྱ་ནག་གཉིས་བསྡུར་ཚེ། མ་མཐའ་ཡང་ཚན་རིག་ལག་རྩལ་གྱི་ཐད་ན་བར་ཐག་རིང་བོ་ཡོད་པ་མཚོན་ཡོད།

ལོ་སྔོན་མའི་སྤྱི་ཟླ ༦པར། རྒྱ་ནག་ཆིན་ཧྭ་གཙུག་ལག་སློབ་ཆེན་གྱི་རྒྱལ་བབ་ཞིབ་འཇུག་གླིང་གི་གླིང་གཙོ་ཧོའུ་ཨན་ཀང་ཟེར་བས་ཞིབ་འཇུག་སྙན་ཐོ་ཞིག་སྤེལ་ནས། རྒྱ་ནག་ད་ལྟ་ཕྱོགས་ཡོངས་ནས་བསྙེགས་ཤིང་བརྒལ་བ་དང་། གཞི་རྩ་ཆེ་ས་ནས་ཨ་རི་ལས་རྣམ་པར་བརྒལ་བའི་དུས་རབས་ཤིག་ཡིན་ཞིང་། དཔལ་འབྱོར་ནུས་ཤུགས་དང་། ཚན་རྩལ་ནུས་ཤུགས། མདོར་ན་རྒྱལ་ཁབ་ཀྱི་སྤྱིའི་ནུས་ཤུགས་ཨ་རི་ལས་རྣམ་པར་བརྒལ་ནས་འཛམ་གླིང་གི་ཨང་དང་པོ་ཆགས་ཡོད། ཅེས་སྙན་ཐོའི་ནང་བཀོད་ཡོད་པ་རེད།

རྒྱ་ནག་གི༼ ཚན་རྩལ་ཉིན་རེའི་ཚགས་པར༽ གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ལིའུ་ཡ་ཏོང་གིས་ད་ལོའི་སྤྱི་ཟླ ༦ པའི་ནང་གཏམ་བཤད་ཅིག་གི་སྐབས་སུ། གོང་ཞུས་ཆིན་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧོའུ་ཨན་ཀང་ལ་མིང་མ་བཏོན་པར་སྐྱོན་བརྗོད་བྱས་ཡོད་ལ། དེ་ཡང་སྐུ་ཞབས་ལིའུ་ལགས་ཀྱིས། མི་ལ་ལས་རྒྱ་ནག་གི་གྲུབ་འབྲས་ལ་འུད་ཤོབ་བརྒྱབས་ནས། འགོ་ཁྲིད་ཚོ་མགོ་སྐོར་བཏང་། མི་དམངས་རྣམས་མགོ་སྐོར་བཏང། ཐ་ན་རང་ཉིད་ཀྱང་མགོ་སྐོར་བཏང་ཡོད། དོན་གྱིས་ངའི་རྒྱལ་ཁབ། དེ་འདྲའི་གྱོང་བ་མིན་པ་མ་ཟད། ད་དུང་གཞན་དབང་དུ་ཚུད་འདུག ཅེས་བཤད། བཤད་ཚུལ་དེར་རྒྱ་ནག་སྤྱི་ཚོགས་ཀྱིས་མོས་མཐུན་བྱས་ཡོད།

ད་ལོའི་ཟླ ༨ པའི་ཚེས ༢ ཉིན། ཆིན་ཧྭ་སློབ་ཆེན་གྱི་སློབ་གྲོགས་སྐོར་ཞིག་གིས་ཆིན་ཧྭ་སློབ་ཆེན་གཞུང་ལ་ཡོངས་ཁྱབ་འབོད་སྐུལ་ཡི་གེ་ཞིག་སྤྲིངས་ནས་ཧོའུ་ཨན་ཀང་གི་གོ་གནས་ལེན་དགོས་པའི་རེ་འདུན་བཏོན་ཡོད་པ་རེད།

ད་ལོའི་སྤྱི་ཟླ ༧ པའི་ཚེས ༦ ཉིན། ཨ་མེ་རི་ཀས་རྒྱ་ནག་ནས་ནང་འདྲེན་ཨ་སྒོར་ཐེར་འབུམ་ཆེ་མོ་གསུམ་དང་ཐེར་འབུམ་བཞིའི་རིན་གུང་གི་ཚོང་ཟོག་ལ་སྒོ་ཁྲལ་མ་སྤར་པའི་ཡ་སྔོན་དུ། ཉུང་མཐའ་ཡང་རྒྱ་ནག་གི་དབུ་ཁྲིད་དང་རིག་པ་བའི་ཚོགས་སྡེས་ཨ་རིས་ཚོང་དམག་བརྒྱབ་ཡོང་ཞིག་བློ་ཡུལ་ལའང་འཁོར་མེད། རང་རྟོན་ཚ་བའི་རྒྱ་ནག་གི་དབུ་ཁྲིད་དང་རིག་པ་བའི་ཚོད་དཔག་ལ་གོ་འཛོལ་ཐེབས་པ་གསལ་བོ་ཡིན་ཡང་། ཁས་ལེན་ནི་ནམ་ཡང་བྱེད་མི་སྲིད། དེ་ནི་ཁོང་ཚོའི་རིག་གནས་རེད།

རྒྱ་ནག་གི་རིག་མཛོད་ཀྱི་རིག་པ་བ་ཞིག་གིས་རོའེ་ཊིར་ལས་གསར་ཁང་ལ། རྒྱ་ནག་གི་དཔལ་འབྱོར་རིག་པ་བ་དང་ཤེས་ལྡན་མི་སྣ་མང་པོས་རྒྱ་ནག་དབུས་གཞུང་གི་ཚོང་དམག་ཐད་ཀྱི་སྲིད་ཇུས་ལངས་ཕྱོགས་ལ་མོས་པ་མེད། ཐུན་མོང་གི་ལྟ་ཚུལ་ཞིག་ནི་རྒྱ་ནག་གི་ལངས་ཕྱོགས་མཁྲེགས་དྲགས་པ་དང་། དབུ་ཁྲིད་ཚོ་འཁྲུལ་སྣང་སྐྱེས་ནས་གནས་སྟངས་ལ་བསམ་ནོར་ཐེབས་པར་འདོད་ཡོད་ཟེར།

དེ་བཞིན་དུ་ནུབ་གླིང་གི་གསར་འགྱུར་སྨྱན་བྱེད་སྐད་གྲགས་ཅན་ཚོས། ཚོང་དམག་གིས་རྒྱ་ནག་གུང་ཁྲན་ཏང་ནང་ཁུལ་དུ་འགལ་ཟླ་བསླངས་ཡོད་པ་དང་། མིང་མི་བཤད་གནས་ཚུལ་མཁོ་སྤྲོད་པའི་སྐད་ཆ་ལུངས་དྲངས་ནས་བརྗོད་པ་ལྟར་ན། འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱེད་མཁན་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་། ཞི་ཅིན་ཕེང་གི “རྒྱ་ནག་གི་རྨི་ལམ”ཞེས་པའི་ཁ་གཡང་གསར་གཏོད་མཁན་ཝང་ཧུ་ཉིན་མི་རིགས་རིང་ལུགས་ཀྱི་དྲིལ་བསྒྲགས་མཐོ་དྲགས་པའི་ཉེས་མིང་འོག་སྐྱོན་བརྗོད་རེག་པའི་མ་ཚད། ཏང་ནང་ཁུལ་དུ་དཀའ་ཁག་ལ་ཐུག་ཡོད་པ་རེད།
རྒྱ་ནག་གི་རིག་བ་པ་མང་པོས་ཨ་རྒྱའི་འགལ་བ་བྱེར་འགྲམས་སུ་མི་འགྲོ་བའི་རེ་བ་བཟུང་ཡོད་པ་རེད།

རྒྱ་ནག་ཆིན་ཧྭ་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་སློབ་གླིང་གི་གླིང་གཙོ་ཡན་ཞུས་ཐོན་ལགས་ཀྱིས་གལ་ཏེ་ཨ་རྒྱའི་འབྲེལ་བ་མུ་ནས་ཇེ་སྡུག་ཏུ་སོང་ཚེ། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་དཀའ་ཁག་ཆེ་བ་ཡོང་སྲིད་པར་ཐུགས་ཁུར་གནང་ཡོད་ཅིང་། དེ་ཡང་ཁོང་གིས། གལ་སྲིད་ཚོང་ལས་ཁྱབ་ཁོངས་ནས་དཔལ་འབྱོར་གྱི་ཁྱབ་ཁོངས་སུ་ཁྱབ་ཚེ། བྱུང་སྲིད་དེ་དཔལ་འབྱོར་ཉམས་ཉེས་ཡིན། གལ་སྲིད་དཔལ་ཁྱབ་ཁོངས་ནས་བདེ་འཇགས་ཁྱབ་ཁོངས་སུ་ཁྱབ་ཚེ། བྱུང་སྲིད་པ་དེ་དམག་དོན་འགལ་ཟླ་ཡིན། གལ་སྲིད་འདུ་ཤེས་འཛིན་སྟབས་ཀྱི་ཁྱབ་ཁོངས་སུ་ཁྱབ་ཚེ། བྱུང་སྲིད་པ་དེ་ཕྱོགས་ཐམས་ཅད་ཀྱི་འགལ་ཟླ་ཡིན་པས། བཤད་སྲོལ་ལ་གྲང་དམག་ཟེར་བ་ཞིག་ཡོད་པ་དེ་ལངས་སྲིད་ན། ང་ཚོས་ཅི་ནས་ཀྱང་ཚོང་ལས་འགལ་ཟླ་དེ་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་སུ་བྱེར་འགྲམས་སུ་མི་འགྲོ་རྒྱུར་སྔོན་འགོག་བྱེད་དགོས་ཟེར།

ཡན་ཞུས་ཐོན་གྱི་སེམས་ཁྲལ་འདི་རྒྱ་རིག་མི་དམངས་ཀྱི་སེམས་ཁྲལ་ཡིན་ལ་རྒྱ་ནག་གཞུང་གི་སེམས་ཁྲལ་དེ་བས་ཀྱང་ཡིན།

ཡིན་ན་ཡང་ཁ་གཅིག་ལྕེ་གཉིས་ནི་རྒྱ་ནག་གཞུང་དམངས་གཉི་ཀའི་གཤིས་རྒྱུད་ན་འཇགས་པའི་རང་གཤིས་ཚ་བའི་གྲུབ་ཆ་གཙོ་བོ་དེ་ཡིན་པས། ཨ་རྒྱའི་ཚོང་དམག་ཐད་ནས་ཀྱང་ནང་འགལ་རྐྱང་རྐྱང་བཤད་བསྡད་ཡོད།

སྤྱི་ཟླ ༧ པའི་དཀྱུལ་ཙམ་ལ། རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་གིས “ཨ་རིའི་སྲིད་འཛིན་ཊོམ་ཕུ་སྐུ་སྒེར་ལ་མཚན་སྨོད་ཞུས་མི་ཆོག” “ ཚོང་དམག་ཟེར་མི་ཆོག” “ཀྲུང་གོའི་བཟོ་སྐྲུན ༢༠༢༥ གླེང་མི་ཆོག” སོགས་བཀའ་རྒྱ་བཏང་ནས་སྐད་གདངས་ཇེ་གཉོམ་དུ་བཏང་ཡོད་པ་མ་ཟད། རི་འགོག་དང་ཧན་འགོག ཧྥ་འགོག་སོགས་ཇི་བཞིན་མང་ཚོགས་རང་བཞིན་ཅན་གྱི་ཨ་རི་འགོག་རྒོལ་གྱི་ངོ་རྒོལ་ལས་འགུལ་རིགས་ད་སྔ་ངན་སྐུལ་བྱས་མེད།

གོང་དུ་ཞུས་པ་ལྟར། སྤྱི་ཟླ ༧ པའི་ཚེས ༦ ཉིན་ཚོང་དམག་གི་རིམ་པ་དང་པོ་སྟེ་ཨ་སྒོར་ཐེར་འབུམ་ཆེ་མོ་གསུམ་དང་ཐེར་འབུམ་བཞིའི་རྒྱ་ནག་ནས་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་སྤར་བ་རེད། ཟླ ༨ པའི་ཚེས ༢༣ ཉིན་ཚོང་དམག་གི་རིམ་པ་གཉིས་པ་སྟེ་ཨ་སྒོར་ཐེར་འབུམ་ཆེ་མོ་གཅིག་དང་ཐེར་འབུམ་དྲུག་གི་རྒྱ་ནག་ནས་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་སྤར་བ་རེད། ཏག་ཏག་སྒོ་ཁྲལ་སྤར་བའི་ཉིན་དེར་ཨ་རི་དང་རྒྱ་ནག་གི་སྐུ་ཚབ་ཚོས་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་ཚོང་དམག་ཐད་ཉིན་གཉིས་རིང་གི་གྲོས་མོལ་བྱས་ཡོད་པ་རེད། དེ་མིན་འགྲོས་མཉམ་དུ་ཨ་རིས་རྒྱ་ནག་ནས་ནང་འདྲེན་ཨ་སྒོར་ཁྲག་ཁྲིག་གཉིས་ཀྱི་ཚོང་ཟོག་ལ་སྒོ་ཁྲལ་སྤར་རྒྱུར་གྲ་སྒྲིག་བྱེད་མུས་སུ་ཡིན།

གཅིག་བགྱིས་ན་གྲོས་མོལ་ལ་གནོན་ཤུགས་སྤྲོད་རྒྱུར་དམིགས་པ་ཡིན་སྲིད་མོད། རྒྱ་ནག་གཞུང་འབྲེལ༼གོ་ལའི་དུས་བབ༽ཟེར་བའི་ཚེས ༢༣ ཉིན་རྩོམ་ཡིག་སྤེལ་ནས། དགྲ་ལ་དགྲ་ལན་མེད་ན་སྡར་མ་ཡིན། ཀི་ལ་ཀི་ལན་མེད་ན་ལྐུག་པ་ཡིན། ཨ་རིའི་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་ག་ཚོད་སྤར་ན་བོངས་ཚད་དང་གྲངས་ཀ་གཅིག་མཚུངས་ཀྱིས་ཨ་རིའི་ཚོང་ཟོག་ལ་སྒོ་ཁྲལ་དེ་ལྟར་དུ་སྦར་རྒྱུ་ཡིན་རབས་དང་། དེ་མིན་རྒྱ་ནག་ལ་ལམ་ལུགས་ཀྱི་དགེ་མཚན་དང་། མི་འབོར་གྱི་དགེ་མཚན་ཡོད་པས། ཊོམ་ཕུ་ཡི་བྱ་སྤྱོད་དེ་ཕུ་ཕར་རྒྱག་གི་སྨྲ་ར་ཚུར་ཚིག་དང་། འུར་རྡོ་རང་མགོའི་དཔེ་བཞིན་འགྲོ་ངེས་ཡིན་ན། མཐའ་མའི་རྒྱལ་ཁ་དེ་རྒྱ་ནག་གི་ཡིན་ལ། ཕམ་ཁ་ཉོ་མཁན་ཨ་རི་ཡིན་ལུགས་བཀོད་ཡོད་འདུག

དེ་སྔའི་ཡི་གེའི་ནང་བརྗོད་ཟིན་པ་བཞིན། དགྲ་དམག་ཆིག་སྟོང་བསད། རང་དམག་བརྒྱད་བརྒྱ་ཤི་ཞེས་པ་ནང་བཞིན། ཚོང་དམག་ལ་རྒྱལ་ཕམ་མེད་མོད། ཐོབ་ཤོར་ལ་མང་ཉུང་ཡོད། ནང་སྒོས་སུ་གལ་སྲིད་རྒྱ་ནག་ནས་ནང་འདྲེན་ཚོང་ཟོག་ཡོད་ཚད་ལ་སྒོ་ཁྲལ་སྤར་ཡང་ཨ་སྒོར་ཁྲག་ཁྲིག་ལྔ་ལྷག་ལས་མེད་པས། གྲངས་ཀ་དེ་ནི་རྒྱ་ནག་གི་གྲོང་ཁྱེར་འབྲིང་ཞིག་གི་ས་ཁང་གི་ཚོང་ལས་བོངས་ཚད་ལས་མེད། ཡིན་ན་ཡང་དཔལ་འབྱོར་འཕེལ་རྒྱས་ཕྱི་འཚོང་ལ་བརྟེན་པའི་རྒྱ་ནག་གི་ཁེ་གཉེར་ལས་ཁང་དང་བཟོ་གྲྭ་མང་པོ་ཞིག་ལ་མཚོན་ན་སྒོ་ཁྲལ་སྤར་བ་དེ་ཆགས་འཇིག་ལ་ཐུག་པའི་རྡུང་རྡེག་ཅིག་ཡིན་དང་ཡིན།

ཞིབ་ཏུ་བསམས་ན། སྤྱིར་བཏང་ཚོང་དམག་ཞེས་དུས། སྒོ་ཁྲལ་སྤར་རྒྱུ་དེ་ཕྱིའི་རྣམ་པ་ཙམ་ལས་མིན་ལ། དོན་གྱི་ཕོག་ས་དེ་མིའི་སེམས་ཁམས་ཡིན། བཤད་སྟངས་གཞན་ཞིག་གིས་བཤད་ན། སེམས་ཁམས་འཐབ་འཁྲུག་ཅིག་ཡིན། ཨ་རྒྱའི་ཚོང་དམག་ཁྲོད་སེམས་ཁམས་ལ་ཐེབས་པའི་ཕན་ནུས་དེ་ཚོང་དམག་རང་ངོས་ལས་ཀྱང་ཆེ། ཚོང་དམག་གིས་མི་མང་གི་སེམས་སུ་དངངས་སྐྲག་ཅིག་བསླངས་ཡོད་པས། དངངས་སྐྲག་དེ་ལས་བྱུང་བའི་ཤུགས་རྐྱེན་ཚོང་ར་དང་ཁྲོམ་ར་ན་མངོན་བསལ་དོད་པོས་མཐོང་ཐུབ། སེམས་ཁམས་ལ་ཕོག་པའི་ཤུགས་རྐྱེན་དེ་འགོག་ཐབས་སུ་རྒྱ་ནག་གཞུང་གིས་གསར་འགྱུར་སྨྱན་བྱེད་ཁག་ལ་བཏང་འཛིན་དང་ཆབས་ཅིག་ཚོང་དམག་གིས་རྒྱ་ནག་གི་དཔལ་འབྱོར་ལ་གནོན་འཚེ་ཆེན་པོ་མེད་ལུགས། དེ་བཞིན་ཕམ་ཁ་ཡོད་ཚད་ཨ་རི་ལ་ཕོག་གིན་ཡོད་ལུགས་ལོག་འགྲེལ་རྒྱག་དོན་ཡང་དེ་ལས་མ་འདས་སོ།

Advertisements