མི་རྣམ་པའི་བློ་ཡུལ་ལས་མ་འདས་པར། ཨ་མེ་རི་ཀའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་རྒྱ་ནག་ནས་ནང་འདྲེན་ཨ་སྒོར་ཁྲག་ཁྲིག་གཉིས ༼༢༠༠༠༠༠༠༠༠༠༠༠༽ཀྱི་རིན་གོང་གི་ཚོང་ཟོག་ལ་སྒོར་སྤར་རྒྱུ་ཡིན་ལུགས་ཟླ ༩ པའི་ཚེས ༡༡ ཉིན་གསལ་བསྒྲགས་བྱས་ཡོད་པ་རེད། ཡིན་ན་ཡང་སྒོ་ཁྲལ་གྱི་འབོར་དེ་དེ་སྔའི ༢༥% ནས ༡༠% ལ་མར་བབས་ཡོད་པ་རེད།
བསམ་བཞིན་ཡིན་མིན་མི་ཤེས་མོད། ལག་བསྟར་གྱི་དུས་ཚོད་དེ་རྒྱ་ནག་པའི་གཙིགས་ཆེན་དུ་འཛིན་པའི་བརྒྱད་པའི་བཅོ་ལྔ་སྟེ་ལྷན་འཛོམས་ཀྱི་ཉིན་མོར་གཏན་འབེབས་བྱས་འདུག
སྒོ་ཁྲལ་གྱི་འབོར ༡༠% ཡིན་མིན་ལ་མ་ལྟོས་པར། རྒྱ་ནག་གིས་ལོན་ཅི་ཞིག་འདེབས་སྲིད་དམ་ཞེ་ན། ཁ་སྔོན་རྒྱ་ནག་རིང་གིས་བཤད་པ་ལྟར་ན། དགྲ་ལན་དགྲ་དང་ཀི་ལན་ཀི་ཡིན་དགོས། འོན་ཀྱང་། རྒྱ་ནག་ལ་ཀི་དེ་འདྲ་མང་པོ་ཞིག་ཡོད་དམ། རིམ་པ་དང་པོ་དང་གཉིས་པའི་སྐབས་སུ་ཀི་ལ་ཀི་ལན་གྱི་ཚུལ་དུ་ཨ་རི་ནས་ནང་འདྲེན་ཨ་སྒོར་ཐེར་འབུམ་ཆེ་མོ་ལྔ་ལ་སྒོ་ཁྲལ་སྤར་ཟིན་པས། ད་ལྟ་ཤུལ་ན་སྒོ་ཁྲལ་སྤར་རུང་བ་ཨ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་འབུམ་ཆེ་མོ་ལྔ་ཡོད་དམ་ཞེ་ན། མེད། མེད་པའི་རྒྱུ་མཚན་གྱིས་ཨ་རིའི་ཁྲག་ཁྲིག་གཉིས་ཀྱི་ཁ་གཏད་དུ་ཐེར་འབུམ་དྲུག་ལངས་པ་མ་ཡིན་ནམ། གལ་ཏེ་ཡོད་པའི་དབང་དུ་སོང་ན། ཀི་ལན་ཀི་བྱེད་དགོས་པ་མ་ཡིན་ནམ། ཨ་རི་དང་རྒྱ་ནག་ཕན་ཚུན་ནང་འདྲེན་ཚོང་ཟོག་གི་ཆ་ནས་བཤད་ན་ལྔ་དང་གཅིག་གི་ཁྱད་པར་ཡིན་པས་འགྲན་ཐབས་ཡེ་ནས་མེད།
ཡིན་ན་ཡང་། ནང་འདྲེན་ཚོང་ཟོག་གི་ཐད་ནས་འགྲན་ཡ་དང་རྩོད་ཐབས་མེད་ཀྱང་། རྒྱ་ནག་གིས་མགོ་འབུལ་ལུས་འབུལ་བྱེད་སྲིད་དམ། རྒྱ་ནག་གིས་འོས་མིན་བསྟུན་ཐབས་བྱེད་སྲིད་དམ། རྒྱ་ནག་གིས་དཔྱོད་ཤེས་བྱེད་སྲིད་དམ་ཞེ་ན། གལ་ཏེ་ཏེང་ཞོ་ཕེང་ཤི་མེད་པའི་དབང་དུ་སོང་ན། ཅང་ཙེ་མེན་དང་ཧོའུ་ཅིན་ཐའོ་གང་རུང་ཞིག་གིས་ཆབ་སྲིད་ཀྱིས་དབང་ཆ་བཟུང་ཡོད་པའི་དབང་དུ་སོང་ན། གཅིག་བགྱིས་ན་མགོ་འབུལ་ལུས་འབུལ་བྱེད་སྲིད། གོང་ཞུས་རྒྱ་ནག་གི་རྒན་རབས་དབུ་ཁྲིད་དེ་གསུམ་པོའི་སེམས་སུ་རི་མོ་བཞིན་གསལ་བ་ཞིག་ནི་བཙན་རྒྱལ་ཨ་མེ་རི་ཀའི་གདོང་བླངས་ན་ཕྱིས་འབྱུང་ཅི་ཞིག་ཡིན་པ་གསལ་རིས་ཐང་གསལ་ཡིན།
རྒྱལ་སྤྱིའི་གར་སྟེགས་སྟེང་ཨ་མེ་རི་ཀས་བཙན་པོ་དབང་ཡོད་ཀྱི་ངར་ཤུགས་ཁྱེར་ནས་ཆེ་ཉམས་རྫིག་མདོག་ངོམ་སོ་བྱེད་ཀྱིན་ཡོད་པ་བདེན་མོད། འོན་ཀྱང་ཨ་མེ་རི་ཀས་བཙན་པོ་དབང་ཡོད་བྱས་ཀྱང་གདིངས་ཀྱིས་ཁེངས་ཡོད། ཆེ་ཉམ་རྫིག་མདོག་ངོམ་ཡང་རང་རྟོན་གྱི་ཚོས་ཡོད།
སྔོན་བྱོན་ཨ་རིའི་སྲིད་འཛིན་རྣམ་པས་རྒྱ་ནག་གི་བྱ་ངན་སྤྱོད་ངན་མ་ཤེས་མ་མཐོང་མ་ཚོར་བ་མིན། དཔེར་ན་བྷི་ཞི་ཡིས་རྒྱ་ནག་ནི་འགྲན་ཡ་ལས་གྲོགས་པོ་མིན་ཞེས་བཤད་མྱོང་། ཡིན་ན་ཡང་། བྷི་ཞི་དང་ཨོ་བྷ་མཱ་སུ་ཡིན་ཡང་རྒྱ་ནག་ལ་སྲིད་ཇུས་ཅུང་མཁྲེགས་པོ་ཞིག་གཏན་འབེབས་བྱེད་མགོ་བརྩམས་དུས། ཨ་རིའི་བོལ་སྲང་ལམ(wall street,华尔街)གྱི་སྒོར་ཁུག་གི་བདག་པོ་ཚོ་དང་ཐུག་དུས་ཁ་བར་ཉི་འོད་ཕོག་པ་བཞིན་ལམ་སང་བཞུ་འགྲོ། བྱི་བ་ཟིན་ན་བྱི་ལའི་ཁ་དོག་ལ་མི་བལྟ་བའི་རྒྱ་ནག་ལངས་ཤོར་དུ་གཏོང་མཁན་གཅིག་བོལ་སྲང་ལམ་གྱི་སྒོར་ཁུག་གི་བདག་པོ་ཚོ་ཡིན། ཁོང་ཚོ་ལའང་ཁག་མེད། སྒོར་མོ་གསོག་རྒྱུ་ནི་ཁོང་ཚོའི་འཇིག་རྟེན་གྱི་ལྟ་བ་ཡིན། མི་ཚེའི་རིན་ཐང་ཡིན། དུས་སྐབས་ཤིག་ལ་རྒྱ་ནག་དེ་སྒོར་མོའི་བང་མཛོད་དུ་གྱུར་དུས་སྒོར་མོ་ལས་ངོ་ཚ་མི་དགོས་པའི་བོལ་སྲང་ལམ་གྱི་སྒོར་ཁུག་གི་བདག་པོ་ཚོར་མཚོན་ན་འོ་མ་ཡོད་ན་ཨ་མ་ཡིན་དང་ཡིན། དུས་ཡུན་རིང་པོ་ཞིག་ལ་བོད་སྲང་ལམ་གྱི་སྒོ་ཁུག་གི་བདག་པོ་ཚོ་རང་འགུལ་གྱིས་རྒྱ་ནག་དེང་གཞུང་གི་ཁ་པའི་བརྟུལ་ཞུགས་བཟུང་བ་རེད།
སྲིད་པའི་ཁ་དཔེ་རུ། ཁ་ཆེ་ལ་ལོ་སར་ཡང་ཡང་མེད་ཟེར་བ་ལྟར། ད་ལྟ་དགྲ་ནོན་ཁྲོ་འབར་ཞེས་གྲགས་པའི་སྐུ་ཞབས་ཊོམ་ཕུ་མཆོག་ཨ་རིའི་སྲིད་འཛིན་དུ་བདམས་ཡོད་ལ། ཊོམ་ཕུ་ནི་ཀུན་སྤྱོད་དང་བློ་སྦྱོང་གི་གཟེངས་མཐོ་ཞིང་། རིན་ཐང་གི་ལྟ་བའི་དཔྱོད་ཡངས་པའི་སྐྱེས་མཆོག་ཅིག་མིན་པའི་དབང་དུ་སོང་ཡང་། ཊོམ་ཕུ་ཡི་འགྲན་འདོད་པ་ནི་སུ་ཡི་ཁུ་ཚུར་མཁྲེགས། སུ་ཡི་མ་རྩ་མཐུག སུ་ཡི་བློ་སྟོབས་ཆེ། དེ་ནི་ཊོམ་ཕུ་ཡི་ཡིད་རྟོན་ཡིན་ལ། ང་རྒྱལ་ཡིན། སྤོབས་པའང་ཡིན།
ཨ་རི་ལ་འཛམ་གླིང་སྟེང་ཆེས་འཐུས་གུ་ཚང་པའི་དམག་དོན་གྱི་མ་ལག་ཡོད། ཁྲིམས་ལུགས་ཀྱི་མ་ལག་ཡོད། དམངས་གཙོའི་མ་ལག་ཡོད། ཆབ་སྲིད་ཀྱི་མ་ལག་ཡོད། དཔལ་འབྱོར་གྱི་མ་ལག་ཡོད། ཚན་རྩལ་གྱི་མ་ལག་ཡོད། ཊོམ་ཕུ་ཨ་རིའི་སྲིད་འཛིན་དུ་བདམས་པ་ནས་དེ་རིང་བར། ཨ་རིའི་དཔལ་འབྱོར་གནས་སྟངས་དབྱར་ཁའི་རྒྱ་མཚོ་བཞིན་རྒྱས་བཞིན་ཡོད་ལ། བོལ་སྲང་ལམ་གྱི་མ་རྐང་ཁྲོམ་ར་གཡག་ཁྲོམ་ར་ནས་མར་ཆག་མྱོང་མེད། དེ་ནི་ཊོམ་ཕུ་ཡི་གདིངས་ཡིན། ཡིད་རྟོན་ཡིན།
ཉིན་ཤས་གོང་། ཨ་རིའི་ནོར་སྲིད་བློན་ཆེན་མཱ་ནོ་ཆིན་ལགས་ཀྱིས་རྒྱ་ནག་གི་འབྲེལ་ཡོད་དབུ་ཁྲིད་དང་མཉམ་དུ་ཨ་རྒྱའི་ཚོང་དམག་སྐོར་གྲོས་མོལ་བྱེད་རྒྱུའི་གྲོས་མགོ་བཏོན་དུས། རྒྱ་ནག་གི་སྨྱན་བྱད་ཚོས། ལྟོས་དང་ཨ་རིས་ཡང་བསྐྱར་ང་ཚོར་ཞུ་བ་འཐེན་གྱིན་འདུག ཅེས་འུད་ཤོབ་བརྒྱབས། རང་མགོ་རང་གིས་གཡོག་ན་དགའ་ལྷང་ལྷང་ཞེས་པ་ལྟར། འུད་ཤོབ་ཀྱི་སྐད་གདངས་མ་ཡལ་གོང་ཊོམ་ཕུ་ཡིས་ཁྲག་ཁྲིག་གཉིས་མདུན་ལ་གཡུག་དུས་ཏང་གི་མགྲིན་ཚབ་པའི་སྡེ་དགུན་ཁའི་ཁུ་བྱུག་ཏུ་གྱུར་ལ་ལྟོས་དང་།
རྒྱ་ནག་གི་ཀྲུའུ་ཞི་གཞོན་པ་ཝང་ཆེ་ཧྲན་གྱི་བོལ་སྲང་ལམ་གྱི་སྒོར་ཁུག་འགའ་པེ་ཅིང་དུ་གདན་འདྲེན་གྱིས་ཡང་བསྐྱར་དེ་སྔའི་གཡོ་སྒྱུའི་ཐབས་ལམ་འཚོལ་ཐབས་གནང་ཡང་། བོལ་སྲང་ལམ་གྱི་སྒོར་ཁུག་ཚོ་ཊོམ་ཕུ་ཡི་གམ་དུ་བཅར་ས་གཏན་ནས་མེད་པས་རྒྱ་ནག་གི་ཁ་པ་བྱེད་རྒྱུའི་གོ་སྐབས་ནི་ནམ་ཡང་ཡོད་མ་ཡིན།
འོ་ན་རྒྱ་ནག་གིས་ཊོམ་ཕུ་ཡི་གདོང་ཇི་ལྟར་ལེན་དགོས་སམ། མི་འབོར་མང་བ། ཁྲོམ་ར་ཆེ་བ་སོགས་ད་ལྟའི་ཆར་རིན་ཐང་ཆེར་མེད་པ་ཆགས་ཀྱིན་པའི་སྒང་ཡིན། ཨ་རིར་མཚོན་ན་འཛམ་གླིང་ཧྲིལ་བོ་ཁྲོམ་ར་ཡིན། མི་འབོར་བཤད་དུས། རྒྱ་གར་ལ་མི་འབོར་མང་པོ་ཡོད། ཧིན་ཏུའུ་ནེ་སི་ཡ་དང་མ་ལེ་ཞི་ཡ་སོགས་ཀྱང་མི་འབོར་མང་པོའི་རྒྱལ་ཁབ་ཡིན། ཨ་རི་ལ་དགོས་མཁོ་ཅན་གྱི་བཅའ་དངོས་ཙག་ཙིག་རིགས་དེ་དག་ཚང་མས་མཁོ་སྤྲོད་བྱེད་ཐུབ་པས་རྒྱ་ནག་ལ་རྟེན་མི་དགོས།
ཡིན་ན་ཡང་། རྔ་མོང་ངན་ནས་ཤི་ཡང་རྟ་ལས་ཆེ། རྒྱ་ནག་ལའང་ཐུན་མོང་མ་ཡིན་པའི་ཁྱད་ཆས་མང་པོ་ཞིག་ཡོད་པའི་ཁོངས་ནས། ད་བར་དུ་ཕྱི་ལ་ཕྱོགས་པའི་ཚོང་གི་རྣམ་པ་དེ་ནང་ལ་འཁོར་ན་བལྟ་ས་ཡེ་ན་མེད་པ་མིན་ལ། མི་དུང་ཕྱུར་བཅུ་བཞིའི་ལྟོ་རྒྱབ་ཀྱིས་གཙོས་པའི་འཛད་སྤྱོད་ཡོད་ལ། དེ་མིན་ལོ་མང་རིང་འཛམ་གླིང་སྟེང་ཤུགས་རྐྱེན་གང་ལ་གང་འཚམས་ཤིག་བཞག་ཡོད་པས། རྒྱ་ནག་ལ་གདིངས་རྦད་དེ་མེད་པ་མིན། སྒོས་སུ་རྒྱ་ནག་པ་ཚོ་ཐབས་དང་ཇུས་ལ་མཁས་པས། གོ་ཚོད་ལ་ད་ལོའི་ཟླ ༧ དང ༨ པར་ཨ་རྒྱའི་ཚོང་དམག་ལ་གཞིགས་པའི་གདོང་ལེན་བྱེད་ཐབས་རྩ་དོན་རིགས་འགའ་གཏན་ལ་ཕབ་ཡོད་སྐད།
རྒྱ་ནག་གཞུང་གི་དབུ་ཁྲིད་ཚོས་ཐུ་སི་ཌ་ཌི་སི་གབ་ཁུང”(Thucydides Trap)དུ་ཟེགས་པ་ཁས་བླངས་ཡོད་པ་དང་། གནའ་བོའི་གྷི་རི་སེའི་ལོ་རྒྱུས་སྨྲ་བ་ཐུ་སི་ཌ་ཌི་སི(Thucydides)ལགས་ཀྱིས། དུས་ཡུན་གང་མཚམས་ཤིག་ཏུ་འཛམ་གླིང་གི་དབུ་ཁྲིད་ཆགས་པའི་སྟོབས་ཆེན་རྒྱལ་ཁབ་དེ་དང་། གློ་བུར་ངང་དར་ཞིང་རྒྱས་པའི་གསར་བྱུང་གི་བཙན་དབང་རྒྱལ་ཁབ་གང་ཞིག་གི་བར་རྩོད་པ་ལངས་དུས། དུས་རབས་ལྔ་བའི་ཨ་ཐེན་སི(Athens)དར་ཞིང་རྒྱས་སྟབས། སྐམ་སའི་བཙན་རྒྱལ་སི་པར་ཐ(Sparta)ཡི་དོགས་པ་བསླངས་ནས་པྲོག་རྩོད་ཀྱི་གཡུལ་ལ་ཞུགས་པ་ཇི་བཞིན། ཕལ་མོ་ཆེ་གཡུལ་འགྱེད་ཀྱིས་མཇུག་བསྡུས་ཡོད་པར་འདོད། ཕྱི་རབས་པས་ངང་ཚུལ་དེ་ལ“ཐུ་སི་ཌ་ཌི་སི་གབ་ཁུང”(Thucydides Trap) ཞེས་འབོད།
ཡིན་ན་ཡང་། དུས་རབས་ཉེར་གཅིག་པའི་དེ་རིང་། ད་དུང་ཡང་ལོ་ངོ་སྟོང་ཕྲག་ཡར་སྔོན་ནང་བཞིན་མཐའ་མའི་པྲོག་རྩོད་དགོས་ན་ཡིན་གཅིག་མིན་གཉིས་འཐབ་འཁྲུག་ལས་འབྱེད་དགོས་སམ་ཞེ་ན། མཐའ་གཅིག་ཏུ་མི་དགོས་པར་སེམས། འོན་ཀྱང་གཅིག་གདོང་གཅིག་ལངས་དང་གཅིག་ཁ་གཅིག་གཏད་ཀྱི་ངོ་བོའི་དོ་བསྡོ་བའི་རྣམ་པ་ཞིག་ལ་གཡོལ་ཐབས་མེད། འདི་ནི་རྒྱ་ནག་མཐོ་རིམ་དབུ་ཁྲིད་ཚོའི་ཐུན་མོང་གི་ལྟ་ཚུལ་ཞིག་ཀྱང་ཡིན། རྒྱ་ནག་གི་མཐོ་རིམ་དབུ་ཁྲོད་ཚོའི་ཁ་གཅིག་གྲགས་ཀྱི་ལྟ་བ་ཞིག་ནི། ཨ་རྒྱའི་གདོང་དང་གདོང་ཐུག་པའི་འགྲན་རྩོད་ཅིག་དུས་ཀྱི་སྔ་ཕྱི་ཙམ་མ་གཏོགས་ཡོང་ངེས་ཡིན་པར་འདོད་ཡོད། ད་ལྟ་ནས་ཡོང་ཟིན་ན་གདོང་བླངས་ནས་དོ་བསྡོ་རྒྱུ་ལས་གདམ་ག་གཞན་མེད་པ་མ་ཟད་གདོང་ལེན་ཐུབ་དགོས་པའི་བསམ་བློ་དེ་གཅིག་གྱུར་ཡིན། རྒྱ་ནག་གི་དབུ་ཁྲིད་ཚོས་གདོང་ལེན་ཐུབ་མིན་ལ་མ་ལྟོས་པར་བཙན་གྱི་ཨུ་ཚུགས་རྒྱག་རྒྱུའི་འདུན་པ་དེ་རེ་བ་ཞིག་མཐོང་ནས་མིན་པར་རེ་དོགས་ཤིག་དང་འཇིགས་སྐྲག་ཅིག་གིས་བསྐུལ་བ་ཤར་སྟག་ཡིན། རྒྱ་ནག་དབུ་ཁྲིད་དང་རྒྱ་རིགས་རིག་པ་བ་མང་པོར་ལྟ་ཚུལ་ཞིག་ཡོད་པ་ནི། ཊོམ་ཕུ་ཡི་ཡོང་སྟངས་དེ་ཡག་རྟགས་ཤིག་མིན་ལ། ཊོམ་ཕུ་ཡི་དམིགས་ཡུལ་དེ་ཨ་སྒོར་ཁྲག་ཁྲིག་འགའི་སྒོ་ཁྲལ་སྤར་རྒྱུའང་མིན་པས། ངེས་པར་དུ་གདོང་ལོན་དགོས། འདི་བྱེད་ཐབས་དང་པོ་དེ་ཡིན། བྱེད་ཐབས་གཉིས་པ་ནི། ཨ་རྒྱའི་ཚོང་དམག་གི་ཤུགས་རྐྱེན་མ་ཐེབས་པའི་ངང་རང་ཉིད་ཀྱིས་ཅི་ཞིག་སྒྲུབ་དགོས་པ་དེ་མུ་མཐུད་ནས་སྒྲུབ་རྒྱུ་ལས། ཊོམ་ཕུ་ཡི་ཚོང་དམག་ལ་ཁ་ཡ་མི་བྱེད་པ་། ཨམ་གཙིགས་བསྡམས་ནས་ཊོམ་ཕུ་ལ་ཁ་གཏད་ལྕོགས་རྒྱུ། བྱེད་ཐབས་གསུམ་པ་ནི། གལ་ཏེ་ཨ་རིས་གྲོས་མོལ་བྱེད་དགོས་ཟེར་ན་གྲོས་མོལ་བྱས་ཆོག ཡིན་ན་ཡང་རྩ་དོན་དང་ལངས་ཕྱོགས་ཐད་ནས་སོར་གང་ཡང་མི་གློད་རྒྱུ་དེ་རེད།
ཨ་རྒྱའི་ཚོང་དམག་ཐད་གཏན་འབེབས་བྱས་པའི་རྒྱ་ནག་གཞུང་གི་གོང་ཞུས་ཐག་གཅོད་དེ་དག་ལས་གསལ་བ་ཞིག་ནི། ཊོམ་ཕུ་ལ་མགོ་འབུལ་ལུས་འབུལ་བྱེད་རྒྱུ་ལས། རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་སོང་ན་དགའ་བའི་དམར་ཤོག་སྲིད་དབང་གཙིགས་ཆེན་དུ་འཛིན་པའི་གུང་ཁྲན་ཏང་རྩ་འཛིན་རིང་ལུགས་པའི་བསམ་བློ་དེ་ཡིན།
ཨ་རྒྱའི་ཚོང་དམག་ཐད་གཏན་འབེབས་བྱས་པའི་གོང་ཞུས་རྩ་དོན་འདི་གསུམ་ནི་གོ་ཚོད་ལ་རྒྱ་ནག་གི་ཆེས་མཐོ་ཚན་པས་གཏན་ལ་ཕབ་པའི་རིག་ལམ་དང་ལངས་ཕྱོགས། རྩ་དོན་ཡིན་སྐད།
གོང་ནས་དེ་ལྟར་ཐག་གཅོད་བྱས་པས་རྒྱ་ནག་དབུས་ནས་ས་གནས་བར་གྱི་གཞུང་འབྲེལ་གསར་འགྱུར་སྨྱན་བྱད་རིགས་དང་། རབ་དང་རིམ་པའི་དཔོན་རིགས་ཚོ་ཧ་ཅང་བདེ་ཞིང་ལྷོད་པའི་ཚོར་བ་ཞིག་སྐྱེས་ཡོད་ལ། བདེ་ལྷོད་ཀྱི་ཚོར་བ་དེ་ཡི་རྐྱེན་གྱིས་འཛེམ་སེམས་ཀྱང་མེད་པ་ཆགས་ཡོད། ཡིན་ན་ཡང་མང་ཚོགས་དཀྱུས་མ་ཚོའི་སེམས་ན་ཅི་ཞིག་ཡོད་དམ། ཤེས་འཇོན་སྡེ་ཚན་གྱིས་ཡང་ཅི་ཞིག་བསམ་གྱིན་ཡོད་དམ། ཚོང་པ་ཚོས་ཅི་ཞིག་བསམ་གྱིན་ཡོད་དམ། དེར་ཉན་ནི་མེད་ལ་ཁ་ཡ་བྱེད་ནིའང་མེད། དེ་ནི་རྒྱ་ནག་ཡིན། རྒྱ་ནག་གི་ཁྱད་ཆོས་ཡིན། གུང་ཁྲན་ཚང་གི་སྲིད་ལུགས། རྒྱ་ནག་མི་དམངས་ཀྱི་གཤིས་ཀའང་ཡིན། ལས་དབང་ཡང་ཡིན་ཆོག
དེ་འདྲ་ཡིན་མོད་ཀྱང་། སྒོ་ཁྲལ་གྱི་འཐབ་རྩོད་དེ་སྒོ་ཁྲལ་སྤར་མིན་ཙམ་ལ་ཐུག་མེད། དེ་ནི་སེམས་ཁམས་ཀྱི་འཁྲུག་རྩོད་ཅིག་ཡིན་ལ། དེ་དང་ཆབས་ཅིག་དུས་ཡུན་རིང་པོའི་འཐབ་ཇུས་ཤིག་ཀྱང་ཡིན། གཅིག་བགྱིས་ན་དུས་ཡུན་ཐུང་ཐུང་ཞིག་གི་རིང་རྐང་ལ་རྒྱ་ནག་གི་དཔལ་འབྱོར་ལ་གནོད་པ་ཆེར་མེད་སྲིད། ཡིན་ན་ཡང་རྒྱ་ནག་གི་གསེར་མདོག་ལྡན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དེ་ལོ་རྒྱུས་སུ་གྱུར་ཡོད་ལ། འདས་ཟིན་པ་ཡིན། བཟློག་ཏུ་མེད་པ་ཞིག་ནི་རྒྱ་ནག་གི་དཔལ་འབྱོར་དེ་དུས་ཡུན་རིང་པོར་ཉམས་ཞིང་རྒུད་རྒྱུ་དེ་ཡིན། འབྱུང་འགྱུར་ལོ་ཤས་སུ་ཨ་རིས་གཙོས་ནུབ་གླིང་རྒྱལ་ཁབ་ཁག་གིས་ཚན་རིག་ལག་རྩལ་མཐོ་གྲས་དང་དཔལ་འབྱོར་ཁྱབ་ཁོངས་སུ་གང་ཐུང་ཅི་ཐུབ་ཀྱིས་རྒྱ་ནག་འགོག་རྒོལ་བྱེད་ངེས་ཡིན་པས་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་ཏུ་འགྲོ་རྒྱུ་དེ་ངེས་པ་རེད།
འོ་ན་དཔལ་འབྱོར་ཉམས་རྒུད་ལ་འགྲོ་རྒྱུར་ཡང་མི་འཇིགས་པར་ཨ་རིའི་ཁ་གཏད་ལྕོགས་དོན་ཅི་ཞིག་ཡིན་ནམ་ཞེ་ན། རྒྱ་ནག་གི་དབུ་ཁྲིད་ཚོས་གུང་ཁྲན་ཏང་གི་སྲིད་དབང་མུ་མཐུད་ནས་གནས་རྒྱུ་དང་། ཁེ་བཟང་ཤོག་ཁག་གི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ་ཁོ་ནར་དམིགས་ཡོད། སྲིད་དབང་སྒེར་གཅོད་པ་ཞིག་ལ་མཚོན་ན། སྲིད་དབང་སྲུང་སྐྱོབ་བྱེད་རྒྱུ་དེ་ཐམས་ཅད་ཀྱི་དང་པོ་དང་ཡོད་ཚད་ལས་བརྒལ་ཡོད། དེ་འདྲ་ཡིན་ཙང་། རྒྱ་ནག་གིས་ཨ་རིར་དམག་འཁྲུག་ཀྱང་རྒྱག་མི་སྲིད། དམག་འཁྲུག་མི་རྒྱག དཔལ་འབྱོར་གྱི་ཐད་ནས་གཟུར་བཤོལ་ཡང་མི་བྱེད། དེ་འདྲའི་གནས་སྟངས་འོག ཨ་རི་དང་རྒྱ་ནག་གི་ཚོང་དམག་གི་གནས་སྟངས་ནི། རྒྱག་རྒྱག་ཆད་ཆད། ཆད་ཆད་རྒྱག་རྒྱག་གི་གནས་སྟངས་ཤིག་ཆགས་ངེས་ཡིན་ཙང། ཨ་རྒྱའི་ཚོང་དམག་དུས་ཡུན་ཐུང་ཐུང་ཞིག་ཏུ་རྫོགས་འགྲོ་བའི་བསམ་བློ་སྐྱེ་མི་རུང་། རྟགས་མཚོན་གསལ་བོ་ཞིག་ནི་རྒྱ་ནག་གི་ཚོང་པ་གྲགས་ཅན་མཱ་ཡོན་ཟེར་བས་ཨ་རྒྱའི་ཚོང་དམག་དེ་གཅིག་བགྱིས་ན་ལོ ༢༠ ལ་རྒྱག་སྲིད་པ་རེད་ཅེས་བཤད་པ་དེ་ཁུངས་ལུང་མེད་པའི་སྐད་ཆ་ཞིག་ཡིན་མི་སྲིད།
མཚམས་འདི་རུ་ང་ཚོས་ཤེས་ཐུབ་པ་ཞིག་ལ། ཊོམ་ཕུ་དང་ཞི་ཅིན་ཕེང་གཉི་ཀ་གོ་འཛོལ་ཐེབས་ཡོད་པ་འདྲ། ཊོམ་ཕུ་ལ་ཐེབས་པའི་གོ་འཛོལ་ནི། ཞི་ཅིན་ཕེང་གི་སྲིད་དབང་སྒེར་གཅོད་ཀྱི་གུང་ཁྲན་གཞུང་སྲུང་སྐྱོབ་ཀྱི་ཆོད་སེམས། ཞི་ཅིན་ཕེང་གི་གོ་འཛོལ་ནི། ཊོམ་ཕུ་ཡི་རྒྱ་ནག་གཞུང་གི་ཚོང་ལས་དོ་མི་མཉམ་པའི་གནས་སྟངས་དེ་བཅོས་སྒྲིག་གི་ཆོད་སེམས།
ཚོང་དམག་དེ་བཞིན་རྒྱ་ནག་ལ་མཚོན་ན་ལེགས་བྱང་སྤྱི་ཚོགས་སུ་ཞུགས་རྒྱུ་དང་རང་དབང་ཁྲོམ་རའི་ལམ་ལ་ཞུགས་རྒྱུའི་གོ་སྒྲིག་ཅིག་ཅི་ལ་མིན། འོན་ཀྱང་རྒྱ་ནག་གུང་ཁྲན་གཞུང་གིས་ཡང་ཐེངས་གཅིག་ལ་གོ་སྐབས་ཡག་ཤོས་ཤིག་བརླག་པ་རེད།
སོམས་དང་། འདི་ལྟ་བུའི་ཛ་དྲག་གི་གནས་བབ་ཅིག་གི་འོག རྒྱ་ནག་གི་རྨི་ལམ་དེ་གང་ན་ཡོད། རྒྱ་ནག་མི་དམངས་ཀྱི་རྨི་ལམ་དེ་གང་ན་ཡོད། ཞི་ཅིན་ཕེང་གི་རྨི་ལམ་དེ་གང་ན་ཡོད་དམ།