ཕེན་སི་ཡི་སྡང་བ་ལྔ་དང་། བོད་དོན་གྱི་གོ་སྐབས་གསར་བ།

—–ཨ་རིའི་སྲིད་འཛིན་གཞོན་པ་ཕེན་སིའི་རྒྱ་གཞུང་གི་སྲིད་ཇུས་ཐད་ཀྱི་གཏམ་བཤད་གླེང་བ།
༼ཚན་པ་དང་པོ༽།

Screen Shot 2018-10-21 at 19.05.41.png
སྐུ་ཞབས་ཕེན་སིས་གཏམ་བཤད་གནང་བཞིན་པ།

༢༠༡༨ ལོའི་ཟླ ༡༠ པའི་ཚེས ༤། དུས་རབས་ཉེར་གཅིག་པའི་ཧ་ཅང་གི་གལ་གནད་ཆེ་བའི་ཉིན་མོ་ཞིག

ཉིན་དེར་ཨ་རིའི་སྲིད་འཛིན་གཞོན་པ་མའེ་ཀི་ཕེན་སི་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་ན་ཡོད་པའི་ཧཱ་ཌི་སོན་ཞིབ་འཇུག་ཁང་དུ་ཡོངས་ཁྱབ་གཏམ་བཤད་སྤེལ་ནས། ཨ་མེ་རི་ཀ་དང་རྒྱ་ནག་གི་འབྲེལ་བའི་ལེའུ་གསར་བ་ཞིག་བརྩམས།

སྤྱི་ལོ ༡༩༧༢ ལོར་ཨ་རིའི་སྲིད་འཛིན་རི་ཆར་ཌི་ནེག་སོན་པེ་ཅིང་སུ་ཕེབས་ནས་ཨ་རྒྱའི་འབྲེལ་བ་སླར་གསོ་བྱས་པའི་རྗེས་སུ་བྱུང་བའི་འཕོ་འགྱུར་ཆེས་ཆེ་ཤོས་དེ་ཡིན་པས། འཕོ་འགྱུར་དེས་དུས་རབས་འདིར་རབ་ཏུ། ཤིན་ཏུ། མཆོག་ཏུ་ཆེ་བའི་ཤུགས་རྐྱེན་ཐེབས་རྒྱུ་ནི་གདོན་མི་ཟའོ།
ཕེན་སི་མཆོག་གི་གཏམ་བཤད་སྐོར་ཚན་པ་གཉིས་སུ་དབྱེ་ནས་གླེང་ན་བསམ་བྱུང་། དང་པོ། གཏམ་བཤད་ཀྱི་ནང་དོན་ངོ་སྤྲོད། གཉིས་པ། ཨ་རྒྱའི་འབྲེལ་བའི་འཕོ་འགྱུར་དེ་བོད་དོན་ལ་མཚོན་ན་གོ་སྐབས་གསར་བ་ཞིག་ཡིན་མིན་སྐོར།

ཨ་རིའི་སྲིད་འཛིན་གཞོན་པ་ཕེན་སི་མཆོག་གི་དུས་ཡུན་སྐར་མ ༤༠ ལྷག་གི་གཏམ་བཤད་དེ་ཨ་རྒྱའི་ལོ་རྒྱུས་ལ་ཕྱི་མིག་གི་ཚུལ་གྱིས་མགོ་བརྩམས་ཡོད་ལ། དེ་ཡང་ལོ་ངོ ༢༤༠འི་ཡར་སྔོན་ཨ་མེ་རི་ཀའི་རང་དབང་དམག་འཁྲུག་གི་རྗེས་དང་། མན་ཇུ་གོང་མའི་དུས་སྐེད་དུ་རྒྱ་ནག་པས་ཨ་རིའི་ལྤགས་རིགས་དང་དཀར་པོ་ཆིག་ཐུབ་སོགས་བཅའ་དངོས་ཀྱིས་གང་བའི་གྲུ་གཟེངས་ལ་དགའ་བསུ་བྱས་ཚུལ་དང་། དེ་ནས་རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་དམག་གིས་མན་ཇུ་ལ་བཙན་འཛུལ་བྱས་ཏེ “ལོ་བརྒྱའི་ངོ་ཚ་རེག་པ” ཟེར་བའི་སྐབས་སུ། ཨ་རི་མཉམ་འབྲེལ་དམག་དཔུང་ནང་ཞུགས་མེད་པ་མ་ཟད། ད་དུང་མན་ཇུའི་བདག་དབང་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་བྱས་ཚུལ། དུས་རབས་ཉི་ཤུ་བའི་འགོར། ཨ་རིའི་ཡེ་ཤུའི་ཆོས་པ་མང་པོ་མན་ཇུའི་ལྷོ་རྒྱུད་རྒྱ་མཚོའི་ངོགས་ཀྱི་ས་ཁུལ་ཁག་ཏུ་ཕེབས་ནས། ཆོས་པ་དེ་ཚོས་རྒྱ་ནག་པར་དད་མོས་བསྐྱལ་བའི་མ་ཚད། མན་ཇུ་ལ་ཆེས་སྔ་ཤོས་དང་ཆེས་ཕུལ་བྱུང་གི་གཙུག་ལག་སློབ་ཆེན་ཁག་འགའ་ཤས་གསར་འཛུགས་གནང་ལུགས། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཨ་རིའི་རྒྱ་ནག་དེ་མནའ་མཐུན་རྒྱལ་ཁབ་ཏུ་བཀུར་ནས་བཙན་རྒྱལ་རིང་ལུགས་པར་རྒོལ་རྡུང་བྱས་ཤིང་། འཁྲུག་ཆེན་གྱི་རྗེས་སུ་རྒྱ་ནག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མའི་རྒྱལ་ཁབ་ཀྱི་ཐོབ་ཐང་རག་སླད་ཨ་རིས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཚུལ་སོགས་ཨ་རྒྱའི་མཛའ་མཐུན་ངང་མཉམ་ལས་བྱས་པའི་ལོ་རྒྱུས་རེ་རེ་བཞིན་སྤྱི་ཁོག་གི་རྣམ་པས་དྲན་གསོ་བྱས་ཤིང་། ལོ་རྒྱུས་ནི་དགའ་སྡུག་དང་འཕེལ་འགྲིབ། རྒྱལ་ཕམ་དང་ཐོབ་ཤོར་བཅས་ཀྱིས་གྲུབ་པ་གང་ཞིག་ལ། ཨ་རྒྱའི་འབྲེལ་བའི་ལོ་རྒྱུས་ཀྱང་དེ་ལས་མ་འདས་ན། སྐུ་ཞབས་ཕེན་སི་མཆོག་གིས་འོན་ཀྱང་ཞེས་ཁ་ཕྱོགས་ལ་འགྱུར་བ་བཏང་སྟེ། གུང་ཁྲན་ཏང་གིས ༡༩༤༩ ལོར་ཀྲུང་ཡོན་ས་ཆེན་གྱི་སྲིད་དབང་བཟུང་རྗེས་དབང་ཤུགས་རིང་ལུགས་ཀྱི་འགོ་བརྩམས་ཏེ། ལོ་ལྔའི་གོང་དུ་དཔུང་པ་མཉམ་གཤིབ་ཀྱི་འཐབ་གྲོགས་གཉིས་ཀོ་རེ་ཡ་ཕྱེད་གླིང་གི་རི་ལུང་དུ་ཁྱོད་ཤི་ང་གསོན་གྱི་གཡུལ་ས་ནས་ཐུག་པ་དེ་བློ་ཡུལ་ནས་རྦད་དེ་འདས་པ་ཞིག་ཅི་ལ་མིན་ཞེས་བློ་ཕམ་དང་བཅས། དེ་འདྲ་ཡིན་མོད་ཀྱང་ཞེས་མུ་མཐུད་ནས་མཛའ་བརྩེའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཏེ། གདུག་རྩུབ་ཆེ་བའི་ཀོ་རེ་ཡ་དམག་འཁྲུག་གིས་ཨ་རི་མི་དམངས་དང་རྒྱ་ནག་མི་དམངས་ཀྱི་མཛའ་བརྩེ་རྨེད་མེད་དུ་གཏོང་ཐུབ་མེད། ལོ་ངོ ༢༣ གྱི་རྗེས་ཏེ ༡༩༧༢ ལོར་ཨ་རྒྱའི་འབྲེལ་བར་སླར་གསོ་ཐུབ་པ་དང་། དེ་ནས་ལོ ༧ གྱི་རྗེས་སུ་ཨ་རྒྱའི་བར་ཕྱི་འབྲེལ་བཙུགས་པ་མ་ཟད་གཞི་རྒྱ་ཆེ་བའི་དཔལ་འབྱོར་ཚོང་ལས་ཀྱི་འགོ་ཡང་ཚུགས། དེ་དང་འགྲོས་མཉམ་དུ་ཨ་རིའི་གཙུག་ལག་སློབ་ཆེན་ཁག་གིས་དུས་རབས་གསར་བའི་རྒྱ་རིགས་བཟོ་བཀོད་པ། ཚོང་ལས་དབུ་ཁྲིད། རིག་པ་བ་དང་དཔོན་པོ་མང་པོ་སྐྱེད་བསྲིང་བྱས་ཚུལ་གླེང་འདུག

སུའུ་ལེན་ཐོར་ཞིག་ཏུ་སོང་རྗེས། ང་ཚོས་རྒྱ་ནག་དེ་རང་དབང་གི་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུར་འགོག་ཐབས་མེད་པའི་ཡིད་ཆེས་བརྟན་པོས་དུས་རབས་ཉེར་གཅིག་པའི་འགོ་རུ་ཨ་རིས་ཕྱོགས་ཐམས་ཅད་ནས་རྒྱ་ནག་ལ་སྒོ་མོ་ཡངས་མོར་ཕྱེས་པ་དང་ཆབས་ཅིག རྒྱ་ནག་འཛམ་གླིང་ཚོང་ལས་སྒྲིག་འཛུགས་སུ་བླངས་པའི་མཚོན་རོགས་ཕན་གང་ཐུབ་ཅི་ཐུབ་བྱས།

དེ་སྔའི་ཨ་རི་གཞུང་གིས་པེ་ཅིང་གིས་རང་དབང་གི་རྩ་དོན་ལ་བརྩི་བཀུར་ཞུ་བའི་རེ་བ་བཅངས། མི་སྒེར་གྱི་རྒྱུ་ནོར་སྲུང་སྐྱོབ་བྱེད་པའི་རེ་བ་བཅངས། མི་སྒེར་རང་དབང་དང་ཆོས་ལུགས་རང་དབང་ལ་བརྩི་བཀུར་བྱེད་པའི་རེ་བ་བཅངས། མི་ཐོབ་ལ་བརྩི་བཀུར་བྱེད་པའི་རེ་བཅངས་མོད། འོན་ཀྱང་རེ་བ་དེ་དག་སྟོད་ཟད་དུ་གྱུར་སོང་ཞེས་བློ་ཕམ་དང་བཅས་མགོ་བོ་འཕྲད་དུ་གཡུག་གཡུག་བྱས།
ཡིད་སྐྱོ་བ་ཞིག་ནི་རྒྱ་ནག་མི་དམངས་ཀྱི་རང་དབང་དང་བདེ་སྐྱིད་འཚོལ་སྙེག་གི་རེ་འདུན་དེ་དུས་དེ་རིང་ད་དུང་འགྲུབ་མེད་པ་མ་ཟད། དེ་རིང་གི་པེ་ཅིང་གཞུང་གིས་ཁ་ནས་བཅོས་བསྒྱུར་སྒོ་འབྱེད་ཅེས་གླེང་ཙམ་བྱེད་ཀྱིན་ཡོད་ཀྱང་། དོན་གྱིས་ཏེང་ཞོ་ཕེང་གི་སྐད་གྲགས་ཆེ་བའི་སྲིད་ཇུས་དེ་སྙིང་པོས་དབེན་ཡོད་ཅེས་ཤིན་ཏུ་བློ་ཕམ་པའི་ངང་གིས་གསུངས་འདུག

གྱེས་བྲལ་བསྒྲགས་གཏམ་དུ་འབོད་པའི་གཏམ་བཤད་དེའི་བརྗོད་བྱ་གཙོ་བོའི་ཚན་པར་བསླེབས་དུས། སྐུ་ཞབས་ཕེན་སི་མཆོག་གིས་རྒྱ་ནག་གི་ཕྱི་སྲིད་དང་ནང་སྲིད་གཉིས་ཀར་སུན་འབྱིན་དང་ཐེར་འདོན། སྐྱོན་བརྗོད་དང་ངོ་རྒོལ་དྲག་པོ་བྱས་ཡོད་ལ། མཐོར་བསྡུས་ན་ཁག་ལྔ་རུ་འདུ་ཞིང་། ངས་དེ་ལ་སྡང་བ་ལྔ་ཞེས་བརྗོད་ཀྱིན་ཡོད༼ཅི་ཞིག་ལ་སྡང་བ་ལྔ་ཟེར་བ་གཞུག་ནས་འགྲེལ་བཤད་བྱ་རྒྱུ་ཡིན༽།

༡༽རྒྱ་ནག་གཞུང་གིས་ཚོང་ལས་དང་དཔལ་འབྱོར་སྲིད་ཇུས་ལ་སྡང་བ།

འདས་པའི་ལོ ༡༧ གྱི་ནང་། རྒྱ་ནག་དེ་འཛམ་གླིང་གི་དཔལ་འབྱོར་གདོས་བཅས་གཉིས་པར་ཆགས་པ་དེ་གུང་ཁྲན་ཏང་གཞུང་གིས་རང་དབང་འདྲ་མཉམ་གྱི་ཚོང་ལས་ལས་ཕྱིན་ཅི་ལོག་པའི་གཡོ་ཐབས་ངན་ཇུས་རིགས་ཏེ། སྒོ་ཁྲལ། བགོ་བྱའི་བཅད་འབོར། དངུལ་འཛའ་ཚོད་འཛིན། བཙན་དབང་གིས་ལག་རྩལ་ལེན་པ། ཤེས་ཡོན་གྱི་སྒེར་བདག་ཐོབ་ཐང་རྐུ་འཁྱེར། བཟོ་ལས་གསབ་སྣོན་ལ་སོགས་པར་བརྟེན་ཞིང། དེ་མིན་ད་དུང་ཨ་རིའི་ཁེ་ཕན་རིན་དོད་དུ་བཞག་ནས་ཐོབ་པ་ཤར་སྟག་ཡིན་ཞིང་། སྲིད་འཛིན་ཊོམ་ཕུ་མཆོག་གིས་གསུངས་པ་ནང་བཞིན་ང་ཚོས་འདས་པའི་ལོ ༢༥འི་ནང་རྒྱ་ནག་སླར་གསོ་བྱས་པ་རེད་ཅེས་པེ་ཅིང་གཞུང་གི་སྤྱོད་ངན་རིགས་ཐེར་འདོན་བྱས་ཡོད།

༢༽རྒྱ་ནག་གཞུང་གིས་དམག་དོན་ལ་སྡང་བ།

སྤྱིར་ན་རྒྱ་ནག་གིས་སྐམ་ས་དང་། མཁའ་དབྱིངས། མཚོ་ངོས་དང་མཚོ་འོག མཁའ་སྐྱོད་དང་བར་སྣང་སོགས་ཕྱོགས་ཐམས་ཅད་ནས་ཐབས་བརྒྱ་ཇུས་སྟོང་གིས་ཨ་རི་མཐར་སྐྲོད་གཏོང་རྒྱུའི་ཞེ་ངན་བཅངས་ཡོད་པ་དང་། ནང་སྒོས་སུ་ནུབ་ཞི་བདེ་རྒྱ་མཚོ་ནས་ཨ་རིའི་སྟོབས་ཤུགས་རྩ་མེད་དུ་གཏོང་འདོད་ཡོད། ༢༠༡༥ལོར་ཞི་ཅིན་ཕེང་གིས་ཕོ་བྲང་དཀར་པོའི་རྒྱ་སེའི་མེ་ཏོག་ལྡུམ་རར “ལྷོ་རྒྱ་ནག་རྒྱ་མཚོ་དམག་དོན་ཅན་དུ་བསྒྱུར་འདོད་མེད” ཅེས་ཁ་ཐོག་ལྕེ་ཐོག་བྱས་ནས་བཤད་མྱོང་ཡང་། དེ་རིང་། ལྷོ་རྒྱ་ནག་རྒྱ་མཚོའི་མིས་བཟོས་གླིང་ཕྲན་དག་རྒྱ་ནག་གིས་དམག་དོན་རྟེན་གཞིར་གྱུར་བ་མ་ཟད་སྔོན་ཐོན་གོ་མཚོན་འགྲེམས་འཇོག་བྱས་ཡོད། ཡིན་ན་ཡང་། རྒྱ་ནག་གིས་ཁ་བཤད་དོན་ལ་མི་གནས་བའི་བྱ་སྤྱོད་ག་ཚོད་ཅིག་སྤེལ་མིན་ལ་མ་ལྟོས་པར་ཨ་རིས་མཁའ་ལམ་དང་མཚོ་ལམ་གི་རང་དབང་མུ་མཐུད་ནས་སྲུང་སྐྱོབ་བྱེད་ངེས་ཡིན་ལ། ང་ཚོ་དཔའ་ཁུམས་མི་སྲིད་ལ། ཕྱི་བཤོལ་བྱེད་རྒྱུ་དེ་ང་ཚོའི་གཤིས་ཀ་ན་མེད་ཅེས་ཆོད་སེམས་བརྟན་པོས་གསུངས་ཡོད།

༣༽རྒྱ་ནག་གཞུང་གིས་མི་ཐོབ་དང་ཆོས་ལུགས་དད་མོས་རང་དབང་ལ་དམ་དྲག་གི་སྲིད་ཇུས་ལ་སྡང་བ།

རྒྱ་ནག་གི་ནང་སྲིད་ཐད་ནས་གཙོ་བོ་ཆོས་ལུགས་དད་མོས་རང་དབང་སྐོར་ནས་གླེང་ཡོད་པ་དང་། དེ་ཡང་ཡེ་ཤུའི་ཆོས་ལུགས་དང་། ནང་བསྟན་ཆོས་ལུགས། ཁ་ཆེ་ཨེ་སི་ལམ་ཆོས་ལུགས་ལ་དྲག་གནོན་དམ་དྲག་བྱས་དང་བྱེད་ཀྱིན་པའི་གནད་དོན་གླེང་སྐབས། འདས་པའི་ལོ ༡༠འི་ནང་ཚུད་བོད་མི ༡༥༠ ལྷག་གིས་རང་ལུས་མེར་བསྒྲོན་ནས་རྒྱ་ནག་གཞུང་གིས་ཁོང་ཚོའི་དད་མོས་དང་རིག་གཞུང་ལ་དམ་དྲག་བྱེད་ཀྱིན་པར་ངོ་རྒོལ་བྱས་ཡོད་ཅེས་འབུར་དུ་བཏོན་ནས་གསུངས་ཡོད། དེ་བཞིན་ཡུ་གུར་བ་ས་ཡ་ལས་བརྒལ་བ་སློབ་གསོ་ར་བ་ཟེར་བར་བཅུགས་པ་དེ་ནི་ཡུ་གུར་བའི་ཆོས་དང་རིག་གཞུང་རྨེད་མེད་དུ་གཏོང་རྒྱུའི་ངན་སེམས་དང་།  དེ་མིན་ཡི་ཤུའི་ཆོས་ལུགས་ཀྱི་མཚོན་རྟགས་རྒྱ་གྲམ་བཙན་གཏོར་དང་། ཡེ་ཤུའི་གསུང་རབ་མེར་བསྲེགས་པ། ཡི་ཤུའི་རྗེས་འབྲང་བ་བཙོན་འཇུག་བྱས་པར་སུན་འབྱིན་དང་སྐྱོན་བརྗོད་དྲག་པོ་བྱས་འདུག

༤༽རྒྱ་ནག་གཞུང་གི་ཕྱི་སྲིད་དང་དཔལ་འབྱོར་རྒྱ་སྐྱེད་རིང་ལུགས་ལ་སྡང་བ།

དཔལ་འབྱོར་རྒྱ་སྐྱེད་རིང་ལུགས་བརྗོད་སྐབས། གཙོ་བོ་ཞི་ཅིན་ཕེང་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་དམིགས་སུ་བཀར་ནས་བརྗོད་ཡོད་ལ། རྒྱུད་གཅིག་ལམ་གཅིག་ཟེར་བ་དེ “བུ་ལོན་ཕྱི་འབྲེལ” ཞིག་ཡིན་པས། ཨེ་ཞི་ཡ་དང་ཨ་ཧྥི་རི་ཀ ཡོ་རོབ། ལ་ཏེན་ཨ་མེ་རི་ཀ་སོགས་ཀྱི་རྒྱལ་ཁབ་དབུལ་བོ་དག་ལ་ཨ་སྒོར་དུང་ཕྱུར་མང་པོའི་རྨང་གཞིའི་འཛུགས་སྐྲུན་ཆེད་བུ་ལོན་སྤྲད་ཀྱིན་ཡོད་ལ། བུ་ལོན་འབོར་ཆེན་དེ་ཡག་བཤད་བྱས་ཀྱང་ཕྱི་མི་གསལ་ནང་ཡང་མི་གསལ་བའི་ལས་གཞི་ཞིག་ཡིན་ཞིང་། ད་དུང་ཁེ་ཕན་ཕལ་མོ་ཆེ་པེ་ཅིང་རང་གིས་འཁྱེར་འགྲོ།
བུ་ལོན་ཕྱི་འབྲེལ་གྱི་གནད་དོན་ཆེ་ཤོས་ཤིག་ནི། གལ་སྲིད་རྒྱལ་ཁབ་དབུལ་བོ་དེ་ཚོས་བུ་ལོན་དུས་ལྟར་སྤྲད་མ་ནུས་ཚེ། རྒྱལ་ཁབ་བདག་དབང་གི་ཉེན་ཁར་འཕྲད་ཀྱིན་ཡོད་པས། དེས་སྐོར་སི་རེ་ལན་ཁཱ་ལ་དྲིས་དང་རྒྱལ་ཁབ་དེའི་རྒྱ་ནག་གི་བུ་ལོན་སྤྲོད་མ་ཐུབ་པར་གྲུ་ཁ་ཞིག་གི་བདག་དབང་མི་ལོ ༩༩འི་རིང་པེ་ཅིང་ལ་སྤྲད་པ་མ་ཡིན་ནམ་ཞེས་ཞིན་ཅིན་ཕེང་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་ཐེར་འདོན་དང་སྦྲགས་ཉེན་བརྡ་བཏང་ཡོད་པ་རེད།

དེ་མིན་རྒྱ་ནག་གིས་ལྐོག་གཡོ་ངན་ཇུས་བརྒྱུད་ཐེ་ཝན་དང་ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་དག་ལ་དཔལ་འབྱོར་དང་ཁེ་བཟང་གིས་བསླུས་ཤིང་བྲིད་ཀྱིན་ཡོད། ༼མཉམ་འབྲེལ་སྤྱི་བསྒྲགས་གསུམ༽དང༼ཐེ་ཝན་འབྲེལ་འདྲིས་ཁྲིམས་སྲོལ༽དུ་བཀོད་པའི་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ང་ཚོས་ད་དུང་ཡང་བརྩི་སྲུང་བྱེད་ཀྱིན་ཡོད་མོད། ཐེ་ཝན་གྱི་དམངས་གཙོའི་ལམ་ལུགས་ཀྱིས་རྒྱ་རིགས་ཡོད་དོ་ཅོག་ལ་ལམ་ལུགས་ཡག་ཤོས་དེ་བསྟན་ཡོད་པར་ང་ཚོ་ཡིད་ཆེས་ཡོད་ཅེས་གསུངས་འདུག

༥༽རྒྱ་ནག་གིས་སྒོ་ཀུན་ནས་ཨ་རིར་སིམ་འཛུལ་ལ་སྡང་བ།

གནད་དོན་འདི་ཕེན་སི་ཡིས་གལ་ཆེན་ནང་གི་འགངས་ཆེན་བྱས་ནས་གླེང་འདུག

པེ་ཅིང་གཞུང་གིས་གཞུང་ཧྲིལ་བོའི་རྣམ་པས་དེ་ཡི་ཤུགས་རྐྱེན་སྤེལ་ཐབས་དང་ཁེ་ཕན་ལེན་ཐབས་བྱས་དང་བྱེད་ཀྱིན་ཡོད་ལ། པེ་ཅིང་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་དང་མངོན་ལྐོག་གསང་གསུམ་ནས་ཨ་རིའི་ནང་སྲིད་དང་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཀྱིན་ཡོད།

དེང་སང་། གུང་ཁྲན་དམག་ཤོག་གཞུང་གིས་ཨ་རིའི་བཟོ་ཚོང་ཁེ་ལས་དང་། གློག་བརྙན་བཟོ་སྐྲུན་ཁང་། སློབ་ཆེན། རིག་མཛོད། རིག་པ་བ། གསར་འགོད་པ། ས་གནས་གཞུང་དང་མཉམ་འབྲེལ་གཞུང་གི་དཔོན་རིགས་ལ་སོགས་པར་བཙན་སྐུལ་དང་བདག་རྐྱེན་སླུ་བྲིད་ཀྱི་གཡོ་ཐབས་སྤྱད་ནས་ཁོང་ཚོའི་ཁེ་ཕན་འགྲུབ་ཐབས་སུ་འབད་བརྩོན་བྱེད་མུས་སུ་ཡོད་ཅེས་ཐེར་འདོན་བྱས་ཡོད།

ཕེན་སི་མཆོག་གིས་ཆེས་སྡུག་ཆགས་ཀྱི་བྱ་སྤྱོད་ཅིག་ལ་ངོས་འཛིན་བྱས་པ་ནི། པེ་ཅིང་གཞུང་གིས་སྔར་མེད་ཀྱི་གཡོ་སྒྱུ་བཀོལ་ནས་ཨ་རིའི ༢༠༡༨ལོའི་འོས་བསྡུ་བར་མ་དང ༢༠༢༠ ལོའི་སྲིད་འཛིན་འོས་བསྡུ་ལ་གཏོར་བརླག་གི་ཞེ་ངན་བཅངས་ཡོད་པ་དེ་རེད།

རྒྱ་ནག་གུང་ཁྲན་གཞུང་གིས་ཨ་རིའི་རིག་གཞུང་ལས་རིགས་སུ་ཅི་ཞིག་འཁྲབ་ཀྱིན་པ་རྒྱ་༼ནག་གི་སློབ་མ་དང་རིག་པ་བའི་མཉམ་འབྲེལ་ཚོགས་པ༽ཞེས་པར་ལྟོས་དང་གསལ་བོ་ཤེས་ཐུབ། ཨ་རིའི་སློབ་གྲྭ ༡༥༠ ན་སྒྲིག་འཛུགས་དེའི་ཡན་ལག་ལས་ཁུངས་ཡོད། དེ་ཚོའི་མི་མངོན་པའི་ལས་འགན་ཞིག་ནི་ཨ་རིའི་ཚན་རིག་ལག་རྩལ་མཐོ་ཤོས་རིགས་ལེན་ཐུབ་པ་ལེན། ལེན་མི་ཐུབ་པ་རྐུ། རྐུ་མི་ཐུབ་པ་འཕྲོག འཕྲོག་མི་ཐུབ་པ་ཉོ། ཐབས་ལམ་ཡག་བཙོག་ལ་མ་ལྟོས་པར་ཐོབ་ཐབས་བྱེད་ཀྱིན་ཡོད་པས། རྒྱ་ནག་གཞུང་གིས་ཨ་རིའི་ས་ཆེན་སྟེང་ཅི་ཞིག་སྤེལ་གྱིན་པ་ཨུ་རུ་སུ་དང་བསྡུར་ཚེ། སྡིག་སྲིན་མཐོང་ན་སྦལ་བ་ལྷ་ཡི་དཔེ་རེད་ཅེས་ལྟོས་ས་ལྟོས་འཇིག་གིས་གསུངས་གནང་འདུག

སྡང་པ་ལྔ་ཡི་ལམ་ནས་རྒྱ་ནག་གི་བྱ་སྤྱོད་ཐེར་འདོད་བྱས་རྗེས། ཕེན་སི་མཆོག་གིས་ཨ་རིའི་ལངས་ཕྱོགས་དང་གདོང་ལེན་བྱེད་ཐབས་རོབ་ཙམ་གླེང་བའི་ཁོངས་སུ། རྒྱ་གར་ནས་སོ་མཱ་ཨའི་གླིང་ཕྲན་བར་གྱི་རིན་ཐང་གི་ལྟ་བ་གཅིག་མཚུངས་ཡིན་པའི་རྒྱལ་ཁབ་དང་ཡུལ་གྲུའི་བར་འབྲེལ་ལམ་བཟང་པོ་འཛུགས་རྒྱུ་དང་། ཨ་རིའི་རྒྱལ་སྤྱིའི་དངུལ་རྩ་འཕེལ་རྒྱས་ལས་ཁང(United States International Development Finance Corporation) (ལས་ཁང་གསར་བ་དེ་ཟླ ༡༠ པའི་ཚེས ༠༩ ཉིན་བཙུགས་འདུག)ཟེར་བ་ཞིག་གསར་དུ་བཙུགས་ནས་རྒྱལ་ཁབ་ཚང་མར་འདྲ་མཉམ་དང་ཕྱི་གསལ་ནང་གསལ། གདམ་ཀ་ཡོད་པའི་མཐུན་རྐྱེན་སྤྲད་ནས། རྒྱ་ནག་གི་བུ་ལོན་ཕྱི་འབྲེལ་ལམ་བུ་ལོན་གབ་དུང་གི་ཚབ་བྱེད་རྒྱུ། ཨ་རི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་རྒྱ་ནག་གི་འཕྲོག་བཅོམ་རང་བཞིན་གྱི་བྱ་སྤྱོད་ཀྱི་ཤུགས་རྐྱེན་མི་ཐེབས་རྒྱུའི་ཆེད་དུ་རྒྱ་ནག་གི་མ་རྩ་ལ་ཞིབ་བཤེར་ནན་མོ་བྱེད་སླད། གྲོས་ཚོགས་ཀྱི་ཕྱི་རྒྱལ་མ་རྩ་ལྷན་ཁང་གི་དབང་ཆ་ཇེ་ཆེར་གཏོང་རྒྱུ་སོགས་འོས་འཚམས་ཀྱི་བྱེད་སྒོ་སྣ་མང་ཞིག་རིམ་གྱིས་གཏན་འབེབས་དང་ལག་བསྟར་བྱེད་རྒྱུ་ཡིན་ཞིང་། ལྷག་པར་དུ་སྲིད་འཛིན་ཊོམ་ཕུ་ཡི་དཔའ་ཞིང་འཛངས་པའི་དབུ་ཁྲིད་འོག་ཨ་རིའི་རིག་གཞུང་རང་དབང་ལ་སྲུང་སྐྱོབ་ཆེད་དུ་རིག་མཛོད་དང་སློབ་ཆེན་ཁག་མང་པོ་ཞིག་གིས་རྒྱ་ནག་པེ་ཅིང་གཞུང་གི་སླུ་བྲིད་ལ་ཐུག་ཏུས་མིན་ཟེར་ཕོད་པ་དང་། ཁོང་ཚོས་ཐོབ་སླ་བའི་སྒོར་མོ་རེ་རེའི་རྒྱབ་ན་དགོས་འདུན་རེ་རེ་ཡོད་པ་གཞི་ནས་ཤེས་ཡོད་ཅེས་དང་།

དེ་བཞིན་སྲིད་འཛིན་གཞོན་པ་ཕེན་སི་མཆོག་གིས། པེ་ཅིང་གི་ཨ་རིའི་ཆབ་སྲིད་དང་སྲིད་ཇུས་ལ་བསམ་ངན་ཁོག་བཅུག་གི་ཐེ་གཏོགས་དང་འཕྲད་ཚེ། པེ་ཅིང་གཞུང་གི་རྣམ་པ་ཅི་ཞིག་འཛིན་མིན་ལ་མ་ལྟོས་པར། ང་ཚོས་མུ་མཐུད་ནས་ཐེར་འདོན་བྱེད་ངེས་ཡིན། ང་ཚོས་སྤྱི་ཚོགས་རིམ་པ་སོ་སོའི་དབུ་ཁྲིད་དང་མཉམ་ལས་བྱས་ནས་ང་ཚོའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་གཙིགས་སུ་འཛིན་པའི་ཕུགས་བསམ་སྲུང་སྐྱོབ་བྱེད་ངེས་ཡིན་ལ། ང་ཚོས་ང་ཚོའི་རྩ་དོན་དང་སྲིད་ཇུས་གཞིར་བཟུང་ནས་རྒྱ་ནག་གི་བྱ་སྤྱོད་ལ་ཐག་ཆོད་ངེས་གྱི་རྒོལ་ལན་སློག་རྒྱུར་གྲ་སྒྲིག་ཨང་གསར་ཡིན་ཞེས་ནན་གྱིས་བརྗོད་འདུག

གཏམ་བཤད་ཀྱི་མཇུག་ཏུ། ནུབ་གླིང་ཆབ་སྲིད་ཀྱི་ལུགས་སྲོལ་ལྟར། རེ་བ་ཞིག་དང་གཤོལ་ས་ཞིག་བཞག་ཡོད། དེ་ཡང་ཕེན་སི་མཆོག་གིས་འགྲན་སེམས་དགྲ་སེམས་ཡིན་པའི་མ་ཁྱབ་ལ། པེ་ཅིང་དང་མཉམ་དུ་འབྲེལ་ལམ་ཡག་པོ་ཞིག་འཛུགས་སླད་དང་། ཐུན་མོང་གིས་ང་ཚོའི་དར་རྒྱས་དང་བདེ་འཇགས་ལ་སྐུལ་འདེད་ཀྱི་ཆེད་དུ་ཡིན་པ་ལས་གྱེས་བྲལ་གྱི་ཆེད་དུ་མིན། གལ་ཏེ་རྒྱ་ནག་གི་དབུ་ཁྲིད་ཚོས་ལམ་ཕྱོགས་ལ་འགྱུར་བ་བཏང་ཚེ། ཨ་རྒྱའི་འབྲེལ་བ་ཐོག་མར་བཙུགས་པའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་བཟང་སྐལ་བཟང་དུ་ལོག་ཆོག

དེ་རིང་ཨ་རིས་རྒྱ་ནག་ལ་མཛའ་བའི་ཡལ་ག་བསྲིངས་དུས། རྒྱ་ནག་གིས་ཁ་བཤད་ཙམ་མིན་པར་དོན་ལྡན་བྱ་སྤྱོད་ཀྱི་ལམ་ནས་ལན་འདེབས་གསལ་བོ་ཞིག་སྤྲད་རྒྱུའི་རེ་བ་ཡོད། ཡིན་ན་ཡང་སེམས་བདེ་མོ་བྱོས། ང་ཚོས་རྒྱ་ནག་དང་མཉམ་དུ་དྲང་བདེན། འདྲ་མཉམ། ང་ཚོའི་བདག་དབང་ལ་བརྩི་བཀུར་ཡོད་པའི་རྨང་གཞིའི་སྟེང་འབྲེལ་ལམ་ཞིག་མ་ཚུགས་གོང་། གཟུར་བཤོལ་ཡེ་ནས་བྱེད་མི་སྲིད། ཅེས་ཚིག་ཐག་ཆོད་པོས་གསུངས་གནང་འདུག

མཚམའ་འདིར་བསླེབས་དུས། ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་ཕེན་སི་མཆོག་གི་རྒྱ་ནག་ཐད་ཀྱི་སྲིད་ཇུས་དང་འབྲེལ་བའི་གཏམ་བཤད་དེ་རོབ་ཙམ་ངོ་སྤྲོད་བྱས་པའི་བཟོ་ཡིན།