—–ཨ་རིའི་སྲིད་འཛིན་གཞོན་པ་ཕེན་སིའི་རྒྱ་གཞུང་གི་སྲིད་ཇུས་ཐད་ཀྱི་གཏམ་བཤད་གླེང་བ།
༼ཚན་པ་གཉིས་པ༽
ཨ་མེ་རི་ཀས་ཧ་ཅང་དྲག་ཧྲག་གི་རྣམ་པས་ཕྱོགས་ཐམས་ཅད་ནས་རྒྱ་ནག་ལ་སྡང་བའི་རྣམ་འགྱུར་དང་བཅས། ཚོང་དམག་མདུད་སྐྱོད་རུ་ཁག་བྱས་པའི་གྲང་དམག་གི་གཡུལ་འགྱེད་བཤམ་རྒྱུའི་རྟ་གོན་ལ་ཞུགས་དུས། གཞན་གྱི་སྡུག་པ་ལ་སྙིང་ཚིམ་པ་བྱས་པ་མིན་ཡང་། ཨ་རྒྱའི་བར་འགལ་ཟླ་བྱུང་བ་དེ་བོད་དོན་ལ་མཚོན་ན་གོ་སྐབས་ཤིག་ཅི་ལ་མིན་བསམ་ནས་དགའ་སྤྲོས་དགྱེས་ཡོད། རེ་བས་ཁེངས་ཡོད།
གཤམ་གྱི་ཡི་གེའི་ནང་གཙོ་བོ་ཐོབ་པར་དཀའ་བའི་གོ་སྐབས་དེ་ཇི་ལྟར་འཛིན་དགོས་པའི་སྐོར་བསམ་ཚུལ་ཐ་རེ་ཐོ་རེ་ཞིག་བཏོན་ན་བསམ་བྱུང་།
ཨ་རིའི་སྲིད་འཛིན་གཞོན་པ་མའེ་ཀི་ཕེན་སི་མཆོག་གིས་ཧོབ་ཏེ་ཁ་ལ། གློ་བུར་དུ། ཐོལ་བྱུང་དུ། གློ་རྒྱག་ཏུ། བསམ་དབང་གཞིག་དབང་ཡང་མེད་པར་བདེན་པས་རབ་ཏུ་ཕྱུག་ཅིང་། གནས་ལུགས་ཀྱིས་ཀུན་ཏུ་གཏོས་པའི་གཏམ་བཤད་དེ་གནང་དུས། ཡུན་རིང་ལྷིང་འཇགས་སུ་གནས་པའི་ས་ཡི་སྒང་འདི་གང་ཡིན་འདི་ཡིན་མ་ཤེས་པའི་འུར་ཆོམ་གྱིས་ཁེངས་ཤིང་། ལྷག་པར་དུ་རྒྱ་ནག་གུང་ཁྲན་གཞུང་བདེན་པའི་མདུན་ནས་གནས་ལུགས་ཀྱི་སྔན་ནས་ལག་འཁུམས་རྐང་འཁུམས། ཁ་ལྐུག་ལྕེ་ལྐུག་ནས་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་རྒྱན་ཚིག་འགའ་སྤུངས་ནས་དགག་རྒྱག་དང་ཀླན་ཀ་འཚོལ་བའི་བརྟུལ་ཞུགས་བཟུང་ཡང་། ལུགས་དང་མི་མཐུན་ཁུངས་ཀྱང་མེད་ན། ཉིན་གཅིག་ཏུ་ཐེངས་གཉིས་ལ་རྒོལ་ལན་སློག་ཀྱང་དེ་ལ་ནུས་ཤུགས་ཅི་ཡང་ཡོད་མ་ཡིན།
འཛམ་གླིང་ཤར་ནུབ་ཀྱི་སྨྲ་བའི་ལྕེ་ཅན་གྱི་ཚོགས་སྡེས་ཨ་རིའི་སྲིད་འཛིན་གཞོན་པ་ཕེན་སི་མཆོག་གི་རྒྱ་ནག་གི་སྲིད་ཇུས་སྐོར་གྱི་གཏམ་བཤད་དེ་ལ་དུས་རབས་ཀྱི་དབྱེ་མཚམས་འབྱེད་པའི་དོན་སྙིང་ལྡན་ཞིང་། ཨ་རི་དང་རྒྱ་ནག་གཉིས་ཕྱོགས་ཡོངས་ནས་འགལ་ཟླར་ཐུག་པའི་གྲང་དམག་གསར་བ་ཞིག་གི་སྔོན་འགྲོ་རེད་ཅེས་དང་། ཡང་ལ་ལས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས ༡༩༤༦ ལོར་སྐབས་དེའི་དབྱིན་ཇིའི་སྲིད་བློན་ཆུར་ཆིལ་ལགས་ཀྱིས་སྤེལ་བའི༼ལྕགས་ཡོལ་གཏམ་བཤད༽དང་མཚུངས་པར་སྦྱར་ནས་ངོས་འཛིན་དང་གདེང་འཇོག་སྣ་ཚོགས་ཤིག་བྱས་འདུག
ཡིན་ན་ཡང་། སྐུ་ཞབས་ཆུར་ཆིལ་ལགས་ཀྱི༼ལྕགས་ཡོལ་གཏམ་བཤད༽དང་བསྡུར་ན་འདྲ་ས་མང་ལ་མ་འདྲ་ས་དེ་བས་ཀྱང་མང་། ཆུར་ཆིལ་ལགས་ཀྱིས་ནུབ་གླིང་རྒྱལ་ཁབ་ཡོངས་ལ་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཉམས་མྱོང་མི་བརྗེད་སྙིང་དབུས་སུ་བཅངས་ནས་སུའུ་ལེན་གྱི་རྒྱ་སྐྱེད་རིང་ལུགས་ལ་གདོང་ལེན་བྱེད་དགོས་པའི་གལ་གནད་རང་བཞིན་དང་། ཡོད་ཚད་འཕྱི་མ་དྲགས་པའི་སྔོན་སུའུ་ལེན་གྱི་ཧམ་སེམས་འགོག་དགོས་པའི་འབོད་སྐུལ་ཞུས་ཡོད། སྐུ་ཞབས་ཕེན་སི་ཡི་གཏམ་བཤད་ནང་འཛམ་གླིང་རང་བཞིན་གྱི་དགྲ་ཟླར་ལངས་པའི་དཔུང་ཚོགས་ཤིག་དགོས་ལུགས་སྐུལ་སློང་བྱས་མེད་ལ། ཡོད་པ་ནི་ཨ་རྒྱའི་ཚོང་ལས་ཀྱི་དོ་མི་མཉམ་པའི་གནས་བབ་དང་རྒྱ་ནག་གིས་ཨ་རིར་ཕྱོགས་ཐམས་ཅད་ནས་སིམ་འཛུལ་བྱས་ཏེ་ཨ་རིའི་ཆབ་སྲིད་དང་ནང་སྲིད་ལ་གཏོར་བརླག་དང་ཐེ་གཏོགས་བྱས་དང་བྱེད་ཀྱིན་པའི་བྱ་སྤྱོད་རིགས་ཐེར་འདོན་དང་སྐྱོན་བརྗོད། དེ་བཞིན་པེ་ཅིང་གཞུང་གི་སྤྱོད་ངན་དེ་རིགས་བཟློག་ཐབས་སོགས་གླེང་ཡོད།
འཛམ་གླིང་ལོ་རྒྱུས་ཁྲོད་སྐུ་ཞབས་ཕེན་སི་མཆོག་གི་གཏམ་བཤད་དེ་དང་ཆ་འདྲ་བ་ཞིག་འཚོལ་དགོས་པའི་དབང་དུ་སོང་ན། བདག་གིས་རྒྱ་ནག་གི་ལོ་རྒྱུས་སུ་མེན་རྒྱལ་རབས་ཀྱི་སྨད་དང་མན་ཇུའི་སྟོད་དུ་ཇིན་རྒྱལ་ཁབ་ཀྱི་རྒྱལ་པོ་ནོར་ཧཱ་ཊི(Nurhaci) ཡིས་སྤེལ་བའི་མེན་རྒྱལ་ཁབ་ལ་དཔུང་འཇུག་གི་བསྒྲགས་གཏམ་དེ་དང་ཧ་ཅང་འདྲ་བོ་རེད་བསམ་བྱུང་། དཔུང་འཇུག་བསྒྲགས་གཏམ་དེའི་ནང་རྒྱལ་པོ་ནོར་ཧཱ་ཊི་ཡིས་སྡང་བ་བདུན་དྲངས་ནས་མེན་རྒྱལ་ཁབ་ཀྱི་བྱ་སྤྱོད་རེ་རེ་བཞིན་ཐེར་འདོན་བྱས་ཤིང་། དེ་དང་ཆབས་ཅིག་བྱ་ཐབས་ཟད་ནས་བཟོད་གླགས་མེད་པའི་གནས་སྟངས་འོག་དཔུང་འཇུག་མ་བྱས་ཐབས་མེད་པའི་ཆོད་སེམས་བསྟན་ཡོད་པ་ནང་བཞིན། སྐུ་ཞབས་ཕེན་སི་མཆོག་གིས་ཀྱང་ལོ་མང་རིང་ཨ་རི་གཞུང་དམངས་གཉི་ཀས་རྒྱ་ནག་ལ་གདོང་གྲོགས་བྱས། མཐུན་རྐྱེན་བསྐྲུན། རོགས་འདེགས་གནང་། རེ་བའི་ཐོག་རེ་བ་བཞག་སྟེ་རེ་བ་ཡག་ས་ནས་བརྒྱབས་ཏེ་ལོ་མང་རིང་ངང་གིས་བསྒུགས་ཀྱང་། པེ་ཅིང་གཞུང་གིས་གྲོགས་སུ་མི་འཛིན་དྲིན་ངོ་མི་ཤེས་པའི་ཁར་དྲིན་ལན་ལོག་མཇལ་དང་དྲིན་ལག་རྡོ་རྡུང་གི་བྱ་སྤྱོད་བསྟུད་མར་སྤེལ་སྟབས། ཨ་རིའི་ཁེ་ཕན་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད་གྲ་སྒྲིག་སྡུག་ས་ནས་མི་བྱེད་ཀ་མེད་བྱུང་ནས། དགོས་ངེས་ཀྱི་འོས་འཚམས་ཀྱི་རྣམ་འགྱུར་ཞིག་མི་སྟོན་རང་སྟོན་གྱི་ཚུལ་དུ་སྡང་བ་ལྔ་རྒྱུ་མཚན་དུ་དྲངས་ནས་དཔུང་འཇུག་གི་རྟ་གོན་ལ་ཞུགས་པ་རེད།
གང་ལྟར། ཕེན་སི་མཆོག་གི་གཏམ་བཤད་དེའི་མཚོན་དོན་གསལ་བོ་ཞིག་ནི། ༡༩༧༢ ལོ་ནས་དེ་རིང་བར་གྱི་ཨ་རི་དང་རྒྱ་ནག་གི་མཉམ་ལས་མཐུན་གྲོགས་ཀྱི་འབྲེལ་བར་འགྱུར་ལྡོག་ཕྱིན་ནས། ད་ལྟ་ཕྱོགས་ཡོངས་ནས་འགྲན་རྩོད་འཐབ་ཇུས་ཀྱི་འབྲེལ་བ་ཞིག་ལ་དངོས་སུ་ཞུགས་པ་གསལ་སྟོན་གནང་བ་དེ་རེད། འགྱུར་བ་དེ་ཡང་ཚ་དམག་མ་ཡིན་པའི་གྲང་དམག་གི་རྣམ་པའི་འགྱུར་བ་ཞིག་ལ་ངོས་འཛིན་བྱས་ཆོག་པར་སྙམ།
གྲང་དམག་ཟེར་བ་དེ་ཚ་དམག་དང་ལྟོས་ས་ལྟོས་འཇོག་གིས་བཏགས་པ་ཞིག་ཡིན་ཞིང་། གཡུལ་ས་ནས་དྲག་པོས་ཐུག་རྒྱུ་མ་ཡིན་པའི་ཁྱབ་ཁོངས་གཞན་དག་ནས་དམག་འཐབ་རྒྱག་པའི་རྒྱལ་ཁབ་གཉིས་ནང་བཞིན་ཁ་གཏད་གདོང་ལེན་བྱེད་པ། དཔེར་ན་ཆབ་སྲིད་དང་དཔལ་འབྱོར། ཕྱི་འབྲེལ། རིག་གཞུང་། དྲིལ་བསྒྲགས། ཚོང་ལས། ཐ་ན་ལུས་རྩལ་གྱི་ཁྱབ་ཁོངས་ནས་ཀྱང་དེ་ལྟར་རོ།
༡༩༤༧ ལོ་ནས ༡༩༩༡ ལོའི་བར་བྱུང་བའི་ཨ་རི་དང་སུའུ་ལེན་གྱི་གྲང་དམག་སྐབས། ཚ་བའི་དམག་འཁྲུག་མ་བྱུང་བ་ཙམ་ལས་ཁྱབ་ཁོངས་གཞན་དག་ཏུ་བྱུང་ཆོག་པའི་འགལ་ཟླ་དང་སློང་ཆོག་པའི་སྒྲུན་ཟླ་ཚང་མ་བྱུང་ཟིན་པ་ལྟ་བུའོ།།
ཨ་སུའུ་ཡིས་ཚ་དམག་མ་བརྒྱབས་པ་ནི་ཨ་སུའུ་གཉི་ཀ་རྡུལ་ཕྲན་མཚོན་ཆ་མོད་པའི་རྒྱལ་ཁབ་ཡིན་ཙང་། གལ་ཏེ་ཚ་བའི་དམག་འཁྲུག་བྱུང་ཚེ་རྡུལ་ཕྲན་དམག་འཁྲུག་ཏུ་གྱུར་སྲིད་པས། ས་སྒང་འདི་འཇིག་རྒྱུའི་ཉེན་ཁ་ཡང་ཡོད་སྟབས་ཚ་དམག་གཡོལ་བ་རེད།
༡༩༩༡ ལོར་སུའུ་ལེན་རྒྱལ་ཁབ་བཅོ་ལྔ་རུ་ཐོར་ཞིག་ཏུ་སོང་བས་མཚོན་ཨ་མེ་རི་ཀ་གྲང་དམག་ལས་རྣམ་པར་རྒྱལ་ནས་ངོ ༤༤ རིང་གི་ཨ་སུའུ་གྲང་དམག་མཇུག་བསྒྲིལ་བ་རེད།
གོང་དུ་ཡིག་ཚོགས་ལ་མ་འཛེམ་པར་དོན་དག་མང་པོ་ཞིག་སྤུངས་དོན་ནི། ༢༠༡༨ལོའི་ཟླ ༡༠ པའི་ཚེས ༠༤འི་ཨ་རིའི་སྲིད་འཛིན་གཞོན་པ་ཕེན་སི་མཆོག་གི་གཏམ་བཤད་དེའི་གལ་ཆེའི་རང་བཞིན་དང་། དེ་མིན་ཨ་རི་དང་རྒྱ་ནག་གི་འབྲེལ་བ་དེ་ཁ་ཕྱོགས་གསར་བ་ཞིག་ལ་འཁོར་ཟིན་པ་དེ་ཤེས་རྒྱུར་འབད་པ་ཡིན།
ཨ་མེ་རི་ཀས་རྒྱ་ནག་ལ་དཔལ་འབྱོར་དང་ཆབ་སྲིད། དམག་དོན་ཀྱིས་གཙོས་ཕྱོགས་ཐམས་ཅད་ནས་སྲིད་ལུགས་གསར་བ་ཞིག་གཏན་འབེབས་བྱེད་མུས་ཀྱི་སྒང་འདིར། ང་ཚོའི་ཅི་ཞིག་བྱེད་དགོས་སམ། བོད་དོན་ལ་མཚོན་ན། བསྐལ་བ་སྟོང་ལ་ཐོབ་དཀའ་བའི་གོ་སྐབས་གསར་བ་ཞིག་ཡིན་ནམ་ཞེ་ན། ཡིན་ནོ།། དེ་ལ་ཐེ་ཚོམ་ཟ་མི་དགོས་སོ།།
འོ་ན་གོ་སྐབས་དེ་ཇི་ལྟར་འཛིན་དགོས་ཟེར་ན། འདི་ནི་སྐབས་སུ་བབ་པའི་གླེང་བྱ་ཡིན་ལ། ང་ཚོས་ཅི་ནས་ཀྱང་བློ་བསམ་གཏོང་དགོས་པའི་དོན་དག་དེའང་ཡིན།
གནའ་མི་བོད་ཀྱི་ཁ་དཔེ་རུ། གོ་སྐབས་ཤོར་མ་བཅུག ཤོར་ན་ཕྱིར་ཡོང་མེད་ཅེས་པ་ལྟར། གོ་སྐབས་ཐོབ་དཀའ། གོ་སྐབས་འཛིན་རྒྱུ་དེ་བས་ཀྱང་དཀའ། བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་ཕྱི་མིག་ཅིག་ལྟོས་དང་། ང་ཚོར་གོ་སྐབས་ག་ཚོད་ཅིག་ཐོབ་ཡོད་དམ། ཡང་ང་ཚོས་གོ་སྐབས་ག་ཚོད་ཅིག་མ་ཟིན་པར་ཤོར་ཡོད། ལོ་རྒྱུས་ནི་ལོ་རྒྱུས་རང་སྟེ་ཕྱིར་ཡོང་མེད་མོད། འོང་ཀྱང་ལོ་རྒྱུས་ལས་ཉམས་མྱོང་གསོག་རྒྱུ་ནི་ལོ་རྒྱུས་འབྲི་བའི་དམིགས་ཡུལ་གཙོ་བོ་གཅིག་ཡིན། དུས་དེ་རིང་ང་ཚོ་མགོ་ནག་བོད་པའི་མདུན་ན་ཡང་གོ་སྐབས་གསར་བ་ཞིག་བཤམས་ཡོད་པས་འཛིན་ཐུབ་མིན་དེ་ང་ཚོ་ཚང་མ་དང་ནང་སྒོས་སུ་ལས་ཀྱི་སྣེ་མོ་བ་ལྷན་རྒྱས་ཀྱི་རྣམ་དཔྱོད་དང་བློ་རིག་ལ་རག་ལས་ཡོད། ད་དུང་ལྷག་བསམ་ཡོད་མེད། སྤྱི་སེམས་ཡིན་མིན་ལའང་རག་ལས།
འདས་པའི་བོད་དོན་ལོ་རྒྱུས་ལ་གཞིགས་ཚེ། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་དེ་བོད་དོན་གྱི་བསྐལ་བ་ཅུང་བཟང་བའི་དུས་སྐབས་ཤིག་ལ་ངོས་འཛིན་བྱས་ཆོག སྐབས་ཐོག་དེར་བོད་མིའི་སྐུ་ཚབ་སྐོར་ཐེངས་བཞི་ལ་བོད་ཁུལ་དུ་འགྲོ་ཐུབ་ཡོད། དེ་འདྲའི་བསྐལ་བ་བཟང་པོ་བྱུང་བར་དུས་རབས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད། གཙོ་བོ་ཞིག་ནི་སྐབས་དེའི་རྒྱ་ནག་གི་དབུ་ཁྲིད་ཁྲོད་ལྟ་བ་ཅུང་གུ་ཡངས་པ་འཛིན་མཁན་སྐོར་ཞིག་ཡོད་པས་ཡིན། དེ་མིན་ཀུན་གཟིགས་པན་ཆེན་སྣང་བ་མཐའ་ཡས་མཆོག་དང་། མི་དབང་ང་ཕོད་ངག་དབང་འཇིགས་མེད། འབའ་བ་ཕུན་ཚོགས་དབང་རྒྱལ་སོགས་ཀྱིས་ཀྱང་ནུས་པ་གང་ཙམ་ཐོན་ཐུབ་པའི་སྐབས་ཤིག་ཡིན། ཡིན་ན་ཡང་། གོ་སྐབས་བཟང་བོ་དེ་པེ་ཅིང་དང་དྷ་སའི་ལམ་བར་ནས་བོར་སོང་བ་རེད།
༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་སློབ་མའི་དམངས་གཙོའི་ལས་འགུལ་དང་། ནང་སྒོས་སུ ༡༩༩༥ ལོའི་ཟླ ༥ བའི་ཚེས ༡༤ ཉིན་ཀུན་གཟིགས་པན་ཆེན་བཅུ་བ་ཆེན་མོའི་ཡང་སྲིད་དྷ་སས་གསལ་བསྒྲགས་བྱས་རྗེས། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དེ་ཅུང་གུ་ཡངས་ནས་མཁྲེགས་པོར་བསྒྱུར་ནས་དུས་དེ་རིང་བར་ཇེ་མཁྲེགས་སུ་འགྲོ་བ་ལས་ཡངས་པའི་རྣམ་པ་ཞིག་མཐོང་མྱོང་མེད།
༢༠༠༡ ལོ་ནས ༢༠༠༩ ལོའི་བར་རྒྱ་བོད་གྲོས་མོལ་ཐེངས་བཅུ་ལ་བྱས་ཡང་། དེ་རྒྱ་ནག་གིས་པེ་ཅིང་ཨོ་ལམ་ཕེ་ཀི་ལས་རྩལ་འགྲན་ཚོགས་བདེ་བླག་ངང་ཚོགས་རྒྱུར་དམིགས་བ་ཞིག་ལས་བོད་དོན་སེལ་འདོད་མེད་པ་ས་རིས་ཐང་གསལ་ཆགས་ཡོད།
བོད་དོན་གྱི་མདུན་ལྗོངས་མག་མོག་ཏུ་གྱུར་ཞིང་བོད་མའི་བློ་བག་མར་མར་དུ་ཆག་བཞིན་པའི་སྐབས་སུ། མུ་གེའི་ཐོག་ཟླ་ལྷག་གི་དཔེ་ལྟར་ཨ་རི་གཙོ་བོ་ཡིན་པའི་ནུབ་གླིང་རྒྱལ་ཁབ་ཡོངས་རྫོགས་འཇིགས་སྐུལ་རིང་ལུགས་པར་རྒོལ་རྡུང་གི་འཐབ་འཁྲུག་ཏུ་ཟུག་ནས་ལོ་བཅུ་ལྷག་ལ་ཨ་ཧྥི་གྷ་ནེ་སི་ཐན་དང་ཨེ་རག་གི་བྱེ་ཐང་ནས་ལྷག དུས་ཡུན་དེའི་རིང་བོད་དོན་འཐབ་རྩོད་ལ་དོ་ཕོག་ཆེན་པོ་ཐེབས་ནས། སྐབས་ཤིག་ལ་བོད་དོན་དེ་རྒྱལ་ཁབ་སོ་སོའི་གྲོས་ཚོགས་དང་དམངས་ཁྲོད་ན་ཡོད་ཡོད་འདྲ་ཡང་། གཞུང་དང་སྲིད་ལམ་ན་མེད་མེད་འདྲ་བའི་གནས་སྟངས་ཤར་བ་རེད།
༡༩༥༡ ལོའི་ཟླ ༥ བའི་ཚེས ༢༣ ཉིན་བོད་དོན་ཟེར་ཞིག་གོ་ལ་འདིའི་སྟེང་བྱུང་བ་ནས་དེ་རིང་བར། བོད་དོན་དེ་གཞན་གྱི་ལག་ཆ་དང་བེད་སྤྱོད་བཏང་ནས་ཡོང་བ་རེད། སྐབས་ཤིག་ལ་རྒྱ་ནག་གི་སྟོབས་ཤུགས་ཆེ་དྲགས་པ་དང་། སྐྲ་སེར་སྤྲེའུའི་རིགས་ཚོ་ཁེ་བཟང་གི་རྗེས་སུ་བརྒྱུགས་ནས་བོད་དོན་དེ་ལག་ཆ་ཡང་མ་ཉན་པ་རེད། བེད་སྤྱོད་གཏོང་མཁན་ཡང་མ་བྱུང་བ་རེད། ལྷག་པར་དུ་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་ཨོ་བྷ་མའི་སྐབས “ཁ་ནས་བཤད་རྒྱུ་ལས་ལག་ལེན་དུ་བསྟར་ན་བཟང” ཞེས་པའི་སྲིད་ཇུས་ཤིག་གི་འོག ནུབ་གླིང་གི་ཆབ་སྲིད་དབུ་ཁྲིད་ཚོས་བོད་དོན་ཁ་ནས་གླེང་ཙམ་ཡང་མི་བྱེད་པའི་ཚད་ལ་བསླེབས་པ་རེད།
ཡིན་ན་ཡང་། འཇིག་རྟེན་ཉི་མའི་འོག་འཚོ་བའི་ལམ་ཞིག་ཡོད་ངེས་ན། སྟབས་ཡག་ནས་བློ་གཟུར་བོ་གནས་པའི་ཨ་རི་མི་དམངས་ཀྱིས་སྐུ་ཞབས་ཊོམ་ཕུ་མཆོག་ཨ་རིའི་སྲིད་འཛིན་དུ་བདམས་རྗེས། ཧ་ཅང་དྲག་ཧྲག་དང་རང་རྟོན་ཚ་བའི་རྣམ་པས་འཛམ་གླིང་འདི་ཡང་བསྐྱར་སྙོམས་སྒྲིག་བྱས་ཤིང་། ལྷག་དོན་དུ་ཨ་རིའི་རྒྱ་ནག་ཐད་ཀྱི་སྲིད་ཇུས་ལ་འགྱུར་བ་ཆེན་པོ་བཏང་སྟེ་ཚོང་ལས་ནས་མགོ་བཙུགས་ཏེ་རིམ་པ་རིམ་པས་ཆབ་སྲིད་དང་དམག་དོན་སོགས་ཕྱོགས་ཐམས་ཅད་ནས་པེ་ཅིང་གཞུང་ལ་ཉེས་ཆད་རང་བཞིན་གྱི་བྱེད་སྒོ་སྣ་འཛོམས་ཤིག་སྤེལ་དང་སྤེལ་མུས་ཀྱི་མཚོན་རྟགས་སུ་ད་གཟོད་སྐུ་ཞབས་ཕེན་སི་མཆོག་གི་གྱེས་བྲལ་བསྒྲགས་གཏམ་དེ་བྱུང་བ་རེད།
འདས་པའི་ལོ་ངོ ༦༠ཙམ་གྱི་རིང་གི་བོད་དོན་ཞུ་གཏུག་ལས་དོན་མདོར་བསྡུས་ན། བོད་པ་ཚོ་སྙིང་རྗེས་གཟིགས་རོགས་ཞེས་པ་ལས་མ་འདས། ཡིན་ན་ཡང་དེང་གི་སྐབས་འདིར་དེ་ཙམ་གྱི་འགྲིག་གིན་མེད་པ་གསལ་བོ་ཡིན་ན། ད་ནས་བཟུང་ང་ཚོས་བོད་དོན་ཞུ་གཏུག་གི་འཐབ་ཇུས་དང་། ཐབས་ཇུས། ནང་དོན་སོགས་ཀྱི་ཆ་ནས་འགྱུར་བ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་པར་སྙམ།
འཐབ་ཇུས་ཀྱི་ཆ་ནས། བོད་མི་ས་ཡ་དྲུག་གི་བདེ་སྡུག་གླེང་རྒྱུ་ནས་འཛམ་གླིང་འགྲོ་བའི་བདེ་སྡུག་གླེང་རྒྱུ་དང་། མ་མཐའ་ཡང་ཨེ་ཞི་ཡའི་མི་དམངས་དུང་ཕྱུར་མང་པོའི་བདེ་སྡུག་གླེང་དགོས།
ཐབས་ཇུས་ཀྱི་ཆ་ནས། ངང་སྒུག་མི་བྱེད་པར་འཚོལ་ཞིབ་དང་རང་འགུལ་གྱིས་རྒོལ་ལེན་བྱེད་དགོས།
ནང་དོན་གྱི་ཆ་ནས། མི་ཐོབ་དང་ཆོས་ལུགས་དད་མོས་རང་དབང་སོགས་གཞི་རྩའི་ཐོབ་ཐང་མུ་མཐུད་ནས་རྩོད་དགོས་པའི་མ་ཚད། རྒྱ་ཆེ་ས་ནས་དཔེར་ན་ཁོར་ཡུག་གི་གནད་དོན་དང་། འཐུང་ཆུ། ས་གཤིས་ཆབ་སྲིད་སོགས་བཤད་དགོས།
ཨ་རིའི་སྲིད་འཛིན་གཞོན་པ་ཕེན་སི་མཆོག་གིས་གཏམ་བཤད་དེ་སྤེལ་རྗེས། རབ་ཡིན་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱིས་གཙོས་དམིགས་བསལ་ཚོགས་ཆུང་ཞིག་ཆེད་དུ་བཙུགས་ནས་གཏམ་བཤད་དེ་དང་འོས་བབ་ཀྱི་བྱེད་ཐབས་སྤེལ་ཆེད་གནས་ཚུལ་རྒྱུས་ལོན་དང་། མཐུན་རྐྱེན་སྤྲོད་ཕྱོགས། གཞོགས་འདེགས་བྱེད་ཕྱོགས་ཐད་ལས་དོན་འགོ་ཚུགས་དགོས་མོད། འོན་ཀྱང་རྒྱལ་སྤྱིའི་བོད་དོན་ལས་དོན་ཁང་གིས་གྲོས་ཚོགས་འོག་མས་གཏན་འབེབས་གནང་ཟིན་པའི་བོད་ཁུལ་དང་ཨ་རིའི་བར་ཕར་འགྲོ་ཚུར་འོང་འདྲ་མཉམ་ཡིན་དགོས་པའི༼བོད་བསྐྱོད་འདྲ་མཉམ་ཁྲིམས་སྲོལ༽ཞེས་པ་དེ་གྲོས་ཚོགས་གོང་མས་གཏན་འབེབས་མགྱོགས་སེ་ཡོང་ཆེད་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་གྱིན་པ་ལས་གཞན་ཅི་ཡང་མཐོང་མ་སོང་། ཡིན་ན་ཡང་དམས་ལོང་ཁ་ན་ཉི་མ་མེད། མ་མཐོང་པ་ན་མེད་པ་མིན་ཞེས་པ་ལྟར། བཀའ་ཤག་གིས་ཕེན་སིའི་གཏམ་བཤད་དང་བསྟུན་པའི་ལས་དོན་གྲ་སྒྲིག་བྱེད་ཀྱིན་པར་ཡིད་ཆེས་ཡོད།
ཨ་རིའི་རྒྱ་ནག་ཐད་ཀྱི་སྲིད་ཇུས་འདེམས་སྒྲུག་དང་གཏན་འབེབས་ཀྱི་བརྒྱུད་རིམ་ཁྲོད་བོད་དོན་ལ་དོ་སྣང་སྔར་ལས་ལྷག་པ་ཞིག་ཡོང་རྒྱུ་དང་། བོད་དོན་དེ་ཨ་རིའི་རྒྱ་ནག་ཐད་ཀྱི་སྲིད་ཇུས་ཁྲོད་ལྗིད་གོག་ཡོད་པའི་ཆ་ཤས་སུ་གྱུར་ཐབས་སུ། སྤྱིར་ན་གཞིས་བྱེས་བོད་མི་ཡོངས་དང་། བྱེ་བྲག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་ཁྲོད་ཀྱི་ཚོགས་པ་སྐྱིད་སྡུག་ཁག མི་དམངས་བཅས་ཀྱིས་ཧུར་ཐག་རྦད་ཐག་གིས་ཨ་རིའི་གྲོས་ཐག་གཅོད་མཁན་ཚོར་འདང་ངེས་ཀྱི་གནས་ཚུལ་མཁོ་སྤྲོད་བྱས་ནས་ཁའི་ནང་ཚིག་དང་ལག་པར་རྡོ་བཞག་ནས་བཤད་ཆོག་ཆོག་དང་བརྒྱབས་ཆོག་ཆོག་ཡོད་དགོས།
ཨ་རིའི་རྒྱ་ནག་ཐད་ཀྱི་སྲིད་ཇུས་ལ་གཞོགས་འདེགས་དང་མཐུན་སྦྱར་མ་བྱས་གོང། ཐོག་མར་ང་ཚོར་ལངས་ཕྱོགས་བརྟན་པོ་ཞིག་ཡོད་དགོས། ཁ་གསལ་བོར་བཤད་ན། དོན་གྱིས་ང་ཚོར་ཅི་ཞིག་དགོས་པ་ཁོང་ཚོས་ཤེས་དགོས། དཔེར་ན། རང་ཐག་རང་གཅོད། རང་སྐྱོང་། རང་བཙན། དོན་གྱིས་ཅི་ཞིག་རྩོད་ཀྱིན་པའི་ལངས་ཕྱོགས་ཁ་གསལ་དོན་གསལ་ཡིན་དགོས།
རྒྱ་ནག་གིས་བྱུང་རྒྱལ་དུ་གཡུག་རྐྱང་ཡིན་པའི “ནང་སྲིད་ལ་ཐེ་གཏོགས” ཞེས་པའི་གཡོ་འོག་ཏུ་མི་ཚུད་རྒྱུར་ང་ཚོས་དུས་རྟག་ཏུ་དོགས་ཟོན་བྱེད་དགོས། དེ་མིན། སྐུ་ཞབས་ཕེན་སི་མཆོག་གིས་གཏམ་བཤད་དུ ༡༩༤༩ ལོ་ནས་རྒྱ་ནག་གུང་ཁྲན་གཞུང་གིས་བཙན་དབང་རྒྱ་སྐྱེད་རིང་ལུགས་ཀྱི་ལམ་ལུགས་ལག་ལེན་དུ་བསྟར་ཡོད་ཅེས་པ་ཇི་བཞིན། བོད་དོན་ནི་རྒྱ་ནག་གུང་ཁྲན་ཏང་གི་བཙན་དབང་རྒྱ་སྐྱེད་རིང་ལུགས་པའི་འདུ་ཤེས་འཛིན་སྟངས་ལས་བྱུང་བ་ཤར་སྟག་ཡིན་པས། ངེས་པར་དུ་བོད་ཀྱི་གནད་དོན་ནི་དམར་ཤོག་གུང་ཁྲན་ཏང་གིས་ཀྲུང་ཡོན་ས་ཆེན་ཧྲིལ་བོ་དབང་བསྒྱུར་བྱས་རྗེས་བཙན་དབང་རྒྱ་སྐྱེད་རིང་ལུགས་ཀྱི་ཧམ་སེམས་བཅངས་ནས་བཙན་འཛུལ་དང་བཙན་འཛིན་བྱས་ནས་བྱུང་བའི་འབྱུང་འབྲས་ཡིན་པའི་བདེན་དོན་དེ་འབུར་དུ་ཐོན་རྒྱུ་ནི་ཤིན་ཏུ་ནས་གནད་འགག་ཡིན། དེ་བཞིན་རྒྱ་ནག་གིས་བོད་ཁུལ་ཡོངས་སུ་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་ལག་བསྟར་བརྒྱུད་རིགས་ཚོགས་རྩ་མེད་བཏང་དང་གཏོང་གིན་པའི་དངོས་ཡོད་བདེན་དོན་དེ་ཨ་རི་གཞུང་ལ་གོ་བརྡ་གསལ་བོ་འཕྲོད་རྒྱུའང་གལ་ཆེན་ནང་འགངས་ཆེད་དེ་ཡིན་དང་ཡིན།
གོ་སྐབས་འདི་བཟུང་ནས་ང་ཚོས་ཕྱོགས་མང་པོ་ནས་གྲ་སྒྲིག་བྱེད་དགོས་མོད། གཙོ་བོ་སྤྱི་སྒེར་གཉིས་ཀར་ཁྱབ་པའི་གནད་དོན་འགའ་འབུར་དུ་བཏོན་ནས་ལས་འགུལ་སྤེལ་དགོས།
སྐུ་ཞབས་ཕེན་སི་མཆོག་གིས་གཏམ་བཤད་སྐབས། རྒྱ་ནག་པེ་ཅིང་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་དུ་བཏང་དང་གཏོང་གིན་པར་ངོ་རྒོལ་མཚོན་ཆེད་བོད་མི ༡༥༠ ལྷག་གིས་རང་ལུས་མེར་བསྒྲོན་ནས་ངོ་རྒོལ་བྱས་ཡོད་ཅེས་ཤེད་ཀྱིས་གླེང་ཡོད་པས། འགྲོ་བའི་ལོ་རྒྱུས་སུ་བྱུང་མ་མྱོང་བའི་བོད་མིའི་རང་སྲེག་གི་ལས་འགུལ་དེ་བྱུང་ནས་ལོ་བཅུ་ཕྱིན་ཡང་། རྒྱལ་ཁབ་ཅིག་གི་སྲིད་འཛིན་གཞོན་པས་གླེང་བ་ཐོག་མ་ཡིན། འདི་ལས་ཀྱང་ཨ་རིས་བོད་དོན་གཙིགས་ཆེན་དུ་བཟུང་ཡོད་པ་མཚོན་ཡོད་མོད། བོད་མིའི་གཞི་རྩའི་ཐོབ་ཐང་རྩོད་ལེན་གྱི་ལས་དོན་སྤེལ་སྐབས་ཅུང་རྒྱ་ཆེ་ས་ནས་གླེང་ན་ནུས་པ་ཆེ་བ་ཡོད་པར་སྙམ།
རྒྱ་ནག་ནི༼དཔལ་འབྱོར། སྤྱི་ཚོགས། རིག་གཞུང་ཐོབ་ཐང་རྒྱལ་སྤྱིའི་སྤྱི་ཆིང༽དང༼མི་སེར་ཐོབ་ཐང་དང་ཆབ་སྲིད་ཐོབ་ཐང་རྒྱལ་སྤྱིའི་སྤྱི་ཆིངས༽། ༼མི་དམངས་དང་མི་རིགས་ཀྱི་རང་ཐག་རང་གཅོད་ཐད་ཀྱི་གྲོས་ཆོད༽། ༼རིགས་ཚོགས་མཐོང་ཆུང་ཡོད་ཚད་རྩ་མེད་དུ་གཏོང་བའི་རྒྱལ་སྤྱིའི་སྤྱི་ཆིངས༽སོགས་རྒྱལ་སྤྱིའི་སྤྱི་ཆིངས་སྣ་མང་ཞིག་ལ་རྟགས་བཙུགས་པའི་རྒྱལ་ཁབ་ཡིན་པས། རྒྱ་ནག་གཞུང་གིས་སྤྱི་ཆིངས་དེ་དག་དོན་དངོས་སུ་རྒྱ་ནག་ནང་ཁུལ་དང་། ལྷག་པར་དུ་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་ལག་བསྟར་བྱས་ཡོད་མེད་བརྟག་དཔྱོད་ནན་མོ་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྔར་ལས་ཀྱང་ཤེད་ཤུགས་ཆེན་པོས་གནོན་ཤུགས་སྤྲད་རྒྱུར་ཨ་རི་གཞུང་ལ་སྐུལ་འདེད་བྱེད་དགོས།
དམིགས་ཡུལ་དེ་འགྲུབ་རྒྱུའི་ཆེད་དུ་ང་ཚོས་གང་ཐུབ་ཐུབ་ཀྱིས་རྒྱུ་ཆ་དང་མཁོ་ཆས་ཀྱི་མཐུན་རྐྱེན་བསྐྲུན་ཐུབ་དགོས། དཔེར་མཚོན་ཞིག་ཏུ། ཉེ་སྔོན་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་རྒྱ་ནག་གཞུང་འབྲེལ་སྨྱན་བྱད་དབུས་བརྙན་འཕྲིན་ཁང་དང་གོ་ལའི་དྲྭ་རྒྱའི་བརྙན་འཕྲིན་ཁང་གི་ཨ་རིའི་ཡན་ལག་ལས་ཁང་གཉིས་ཕྱིའི་རྒྱལ་ཁབ་ཀྱི་སྐུ་ཚབ་པར་ཐོ་འགོད་བྱེད་དགོས་པའི་བཀའ་ཁྱབ་བཏང་མ་ཐག རྒྱ་རིགས་ཡང་ཇན་ལའེ་ལགས་ཀྱིས་བཙུགས་པའི་མི་སེར་སྟོབས་ཤུགས་ཞེས་པའི་ཚོགས་པས་ཨ་རི་ན་ཡོད་པའི་རྒྱ་ནག་གཞུང་འབྲེལ་སྨྱན་ཁག་གཞན་བཅུ་ཡི་མིང་དང་ཁ་བྱང། ཉིན་རེའི་ལས་དོན་སོགས་གསལ་བོར་བཀོད་པའི་ཡི་གེ་ཞིག་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་འགན་འཛིན་གྱི་མིང་ཐོག་བཏང་ནས། དེ་གཉིས་ལས་ད་དུང་རྒྱ་ནག་གི་མགྲིན་ཚབ་སྨྱན་བྱད་འདི་དག་ཡོད་པ་རེད་ཅེས་ཐེར་འདོན་དང་སྦྲགས་གནས་ཚུལ་མཁོ་སྤྲོད་བྱས་པ་ནང་བཞིན། ང་ཚོས་ཀྱང་རང་རེའི་སྤྱི་ཚོགས་ཁྲོད་དེ་མཚུངས་ཀྱི་སྒྲིག་འཛུགས་དང་མི་སྒེར་ཡོད་ན་གནས་ཚུལ་མཁོ་སྤྲོད་བྱེད་དགོས།
ཨ་རིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མི་ལྷོད་འབད་བརྩོན་ལ་བརྟེན་ནས། ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མས༼བོད་བསྐྱོད་འདྲ་མཉམ་ཁྲིམས་སྲོལ༽ཞེས་པ་ཞིག་གཏན་འབེབས་བྱས་ཡོད་པ་ནང་བཞིན། དེ་རིགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་གང་མང་མང་གཏན་འབེབས་ཡོང་རྒྱུར་སྐུལ་འདེད་བྱེད་དགོས། དཔེར་ན། ཨ་རི་དང་ཐེ་ཝན་བར༼ཐེ་ཝན་འབྲེལ་བ་ཁྲིམས་སྲོལ༽ཟེར་བ་ཞིག་ཡོད་པ་དང་། ཁྲིམས་སྲོལ་དེ་ལྟར་ན། གལ་ཏེ་ཐེ་ཝན་ལ་ཕྱིའི་ཉེན་ཁ་ཞིག་དང་ཐུག་དུས་ཨ་རིར་སྲུང་སྐྱོབ་བྱེད་རྒྱུའི་འོས་འགན་ཡོད་པ་རེད། ཁྲིམས་སྲོལ་དེའི་དབང་གིས་རྒྱ་ནག་གིས་ཐེ་ཝན་གྱི་གནད་དོན་དེ་རྒྱ་ནག་གི་ཁེ་ཕན་གཙོ་བོ་ཡིན་ཞེས་བརྗོད་ཀྱིན་ཡོད་ཀྱང་། དམག་ཤུགས་སྤྱད་ནས་བཙན་འཛིན་བྱེད་མི་ཐུབ། དེ་ནང་བཞིན། ཨ་རི་དང་བོད་ཀྱི་བར་དུའང༼ཨ་བོད་སྲུང་སྐྱོབ་ཁྲིམས་སྲོལ༽། ༼ཨ་བོད་འབྲེལ་བ་ཁྲིམས་སྲོལ༽ལྟ་བུའི་ཁྲིམས་སྲོལ་རིགས་འཇོག་ཐུབ་མིན་ལ་འབད་བརྩོན་བྱེད་དགོས། གལ་ཏེ་མ་ཐུབ་ན་ཡང་གླེང་བ་ཙམ་གྱིས་བོད་དོན་དེ་རྒྱ་གཞུང་གིས་དོ་སྣང་མ་བྱས་རང་བྱས་ཆགས་ངེས་ཡིན།
ད་ལྟའི་གནས་སྟངས་ལ་གཞིགས་ན། ༼བོད་བསྐྱོད་འདྲ་མཉམ་ཁྲིམས་སྲོལ༽ཞེས་པ་དེ་ཁྲིམས་ལུགས་སུ་ཆགས་རྒྱུ་ངེས་པས། བྱེས་སྡོད་བོད་མི་ཚོ་གཉེན་འཕྲད་ཆེད་བོད་ནང་ཁུལ་དུ་འགྲོ་རྒྱུ་དང་། དེ་བཞིན་ཨ་རིའི་དཔོན་རིགས་དང་གསར་འགོད་པ། མང་ཚོགས་དཀྱུས་མ་སོགས་བོད་ཁུལ་དུ་འགྲོ་འོང་བྱེད་རྒྱུ་གལ་ཆེན་ཡིན་ཡང་། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། བོད་ནང་གི་སློབ་མ་དང་ཤེས་ལྡན་མི་སྣ་གང་མང་མང་ཨ་རི་སོགས་ནུབ་གླིང་རྒྱལ་ཁབ་ཁག་ཏུ་སློབ་གསོ་དང་ཉམས་མྱོང་ལེན་ཆེད་གོ་སྐབས་སྤྲོད་དགོས། དེ་སྔ༼ཟམ་པ༽ཟེར་བའི་ཚོགས་པ་ཞིག་གིས་བོད་ནས་སློབ་མ་མང་པོར་སློབ་ཡོན་སྤྲད་ནས་སློབ་གསོའི་གོ་སྐབས་སྤྲོད་ཀྱིན་པ་དེ་ལྟ་བུའི་སྒྲིག་འཛུགས་ཨ་རི་གཞུང་དང་འབྲེལ་ནས་ཟུར་དུ་བཙུགས་ནས་དགེ་མཚན་ཅན་གྱི་ལས་དོན་དེ་རིགས་མུ་མཐུད་ནས་སྤེལ་དགོས།
དེ་མིན་ཊོམ་ཕུ་གཞུང་གིས་ད་དུང་ཡང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་འཇོག་བྱས་མེད། གོ་སྐབས་འདི་བཟུང་ནས་ས་མིག་དེ་སྟོང་པར་མི་ལུས་རྒྱུར་འབད་བརྩོན་བྱེད་དགོས། དེ་ནི་ཨ་རི་གཞུང་དང་བོད་དོན་བར་གྱི་གཞུང་འབྲེལ་གྱི་འབྲེལ་ལམ་ཁོ་ན་དེ་ཡིན་སྟབས་གནད་འགག་ཆགས་ཡོད།
ང་ཚོས་མུ་མཐུད་ནས་གཞིས་སྲུང་བོད་མིའི་སྐྱིད་སྡུག་ཞུ་དགོས་མོད། འོན་ཀྱང་བོད་དང་བོད་མིའི་ཁེ་ཕན་ཁོ་ན་ཙམ་མིན་པར་རྒྱ་ཆེ་ས་ནས་གོ་ལ་ཧྲིལ་བོ་དང་འགྲོ་བ་དུང་ཕྱུར་བདུན་ཅུའི་བདེ་སྡུག རྒྱ་ཆུང་ས་ནས་ཨེ་ཞི་ཡ་དང་བོད་ནས་བཞུར་བའི་གཙང་པོ་ཁག་ལ་བརྟེན་ནས་འཚོ་ཞིང་གནས་པའི་འགྲོ་བ་དུང་ཕྱུར ༢༠ ལྷག་གི་སྐྱིད་སྡུག་དང་མ་འོངས་པ་གླེང་དགོས།
དེང་གི་ཆར་གོ་ལ་ཧྲིལ་བོས་ཉེན་ཁ་ཆེན་པོར་སྣང་བའི་ཁོར་ཡུག་གི་གནད་དོན་ཀྱི་ཆ་ནས་བཤད་ན། གོ་ལའི་སྣེ་གསུམ་པར་འབོད་པའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དེ་ཨེ་ཞི་ཡ་ཧྲིལ་བོའི་མ་ཚད་འཛམ་གླིང་ཡོངས་ལ་གལ་འགངས་ཆེན་པོ་ཆགས་ཡོད། ཡིན་ན་ཡང་རྒྱ་ནག་གི་མུ་མཐུད་ནས་གཏེར་ཁ་སྔོག་འདོན་དང་ཡུལ་མི་གཞི་སྤོ། གྲོང་ཁྱེར་གསར་བསྐྲུན་སོགས་བྱས་ཚེ། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གསོ་ཐབས་མེད་པའི་གཏོར་བརླག་ཐེབས་རྒྱུ་ནི་སྨོས་མ་དགོས།
ཡོད་ཚད་འཕྱི་མ་དྲགས་པའི་དེ་རིང་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཐུབ་དགོས་ན་རྒྱ་ནག་གཞུང་གི་སྨྱོ་ཧམ་ཆེ་བའི་བྱ་སྤྱོད་རིགས་འགོག་དགོས། ལྷག་པར་དུ་ཆུ་མགོ་བོད་ལ་ཐུག་པའི་གཙང་བོ་ཡར་ཀླུང་གཙང་པོ་དང་། རྫ་ཆུ། རྨ་ཆུ། འབྲི་ཆུ་སོགས་ཀྱི་བཞུར་རྒྱུན་ན་འགྲོ་བ་དུང་ཕྱུར ༢༠ ལྷག་འཚོ་གནས་བྱས་ཡོད་སྟབས། བོད་དེ་ཨེ་ཞི་ཡའི་ཆུ་མཛོད་དུ་གྱུར་བ་རེད། གལ་ཏེ་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་མུ་མཐུད་ནས་གནོད་འཚེ་ཐེབས་ཚེ། རྒྱ་ནག་པེ་ཅིང་གཞུང་གིས་མུ་མཐུད་ནས་འཕྲོག་བཅོམ་གྱི་རྣམ་པས་རང་བྱུང་ཁོར་ཡུག་ལ་གནོད་འཚེ་བཏང་ཚེ། རྒྱ་ནག་གཞུང་གིས་མུ་མཐུད་ནས་བོད་ཀྱི་གཙང་པོ་དག་གི་སྟོད་རྒྱུད་དུ་ཆུ་མཛོད་བསྐྲུན་ཚེ། བོད་ཆུ་བྱང་འདྲེན་གྱི་སྲིད་ཇུས་དངོས་སུ་ལག་ལེན་དུ་བསྟར་ཚེ། བོད་ཀྱི་རང་བྱུང་ཁོར་ཡུག་ལ་གསོ་ཐབས་ཡེ་ནས་བྲལ་བའི་གནོད་འཚེ་ཕོག་ངེས་ཡིན་ལ། དེ་དུས་འགྲོ་བ་དུང་ཕྱུར ༢༠ ལྷག་གི་འཚོ་གནས་ལ་ཐུག་ཡོད་ལ། རྒྱལ་ཁབ་བཅུ་གྲངས་ཤིག་གི་བདེ་འཇགས་ལ་ཐུག་ཡོད། གལ་སྲིད་དེ་འདྲའི་གནས་སྟབས་ཤར་དུས། ཆུ་རྩོད་འཐབ་འཁྲུག་ལངས་ངེས་ཡིན་པ་ལས་གཞན། སྐྱེ་ཁམས་སྐྱབས་བཅོལ་བ་དུང་ཕྱུར་མང་པོ་བྱུང་སྲིད་པས། དེ་ཨེ་ཞི་ཡ་ཙམ་མིན་པར་འཛམ་གླིང་ཡོངས་ཀྱི་མདུན་དུ་ལྷག་པའི་དཀའ་ངལ་ཞིག་ཆགས་ངེས་ཡིན། དཀྱིལ་ཤར་གྱི་དམག་འཁྲུག་སྐྱབས་བཅོལ་བ་འབུམ་འགས་ཡོ་རོབ་ལ་དཀའ་ངལ་ག་ཚོད་གཏད་ཡོད། གལ་ཏེ་སྐྱེ་ཁམས་སྐྱབས་བཅོལ་བ་དུང་ཕྱུར་མང་པོ་བྱུང་ཚེ་དེ་ལ་གདོང་ལེན་ཇི་ལྟར་བྱེད་དམ། ཡོད་ཚད་འཕྱི་མ་དྲགས་པའི་དེ་རིང་། དེ་རིགས་སྔོན་འགོག་ཐུབ་དགོས་ན། རྒྱ་ནག་གཞུང་གི་སྨྱོ་ཧམ་ཆེ་བའི་བྱ་སྤྱོད་རིགས་འགོག་དགོས་པའི་གལ་ཆེའི་རང་བཞིན་ཨ་རི་གཞུང་ལ་ངོ་གསལ་བོ་སྤྲོད་དགོས།
དེང་སང་ཚན་རིག་ལག་རྩལ་རྒྱས་དྲགས་པར་བརྟེན་སྐམ་ས་ལས་རྒྱ་མཚོ་གཙོ་བ་། རྒྱ་མཚོ་ལས་བར་སྣང་གཙོ་བར་སྣང་ཡང་། དོན་གྱིས་ད་དུང་ཡང་ས་གཤིས་ཆབ་སྲིད་ནི་འཐབ་ཇུས་ཀྱི་གྲུབ་ཆ་གཙོ་བོའི་གྲས་ཡིན།
ས་གཤིས་ཀྱི་ཆ་ནས། བོད་འདི་བཞིན་ཨེ་ཞི་ཡའི་མི་གྲངས་མང་ཤོས་དང་། རྡུལ་ཕྲན་མཚོན་ཆ་ཅན། དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་རྒྱ་གར་ནག་གཉིས་ཀྱི་བར་ན་ཆགས་ཡོད། ༡༩༦༢ ལོར་རྒྱ་གར་ནག་བར་ས་མཚམས་དམག་འཁྲུག་བྱུང་བ་ནས་ལོ་སྔོན་མའི་འབྲོག་ལམ་དོན་རྐྱེན་བཅས་ཀྱིས་མཚོན། རྒྱ་གར་ནག་གཉིས་དུས་ཀྱི་སྔ་ཕྱི་ཙམ་མ་གཏོགས་གཡུལ་ས་ནས་ཐུག་རྒྱུའི་ཉེན་ཁ་མངོན་པར་ཡོད་པས། གལ་ཏེ་བོད་དེ་ཞི་བདེའི་ཡུལ་གྲུ་ཞིག་གི་རྣམ་པས་རྒྱ་གར་ནག་གི་བར་དུ་གནས་ཐུབ་ཚེ། རྒྱ་གར་ནག་གི་འགལ་བ་དེ་ཚེ་བསྐལ་བ་སྟོང་ལ་སེལ་བ་རེད། དེ་མིན། ཨ་རི་དང་རྒྱ་ནག ཨ་རུ་སུ་གསུམ་ནི་འཛམ་གླིང་སྟེང་གི་དམག་ཤེད་ཆེ་ཤོས་ཀྱི་རྒྱལ་ཁབ་གསུམ་ཡིན་པས། བོད་ས་དེ་ཨ་རི་ལ་མཚོན་ན་ས་གཤིས་ཆབ་སྲིད་ཐད་ནས། ཡང་ན་འཐབ་ཇུས་ཀྱི་ཐད་ནས་བལྟས་ན། ཤིན་ཏུ་ས་ཁུལ་གལ་ཆེན་ཞིག་ཆགས་ཡོད་པས། དེ་ཡང་ཨ་རིའི་གྲོས་ཐག་གཅོད་ཁམས་ཚོར་བློ་གསལ་ཕུད་རྒྱུའི་གདམ་བྱ་ཞིག་ཅི་ལ་མིན།
གང་ལྟར། དུས་རབས་ཉི་ཤུ་པའི་ནང་གོ་ལའི་ས་སྒང་ལ་གནམ་ས་བླ་འོག་གི་འགྱུར་བ་ཐེབས་ནས་འཛམ་གླིང་འཁྲུག་ཆེན་གཉིས་ཀྱིས་མཚོན་པའི་ཚ་དམག་དང་། དུས་རབས་ཕྱེད་ཙམ་རིང་གི་ཨ་སུའུ་གྲང་དམག་བཅས་དམག་འཁྲུག་ཆེ་མ་ཆུང་གསུམ་མང་པོས་འཛམ་གླིང་ཁྱོན་ཡོངས་སུ་རྒྱལ་ཁབ ༡༩༥ དང་ས་ཁུལ ༣༨ བསྐྲུན་ཡང་། ལོ་ངོ་སྟོང་ཕྲག་གི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཡིན་པའི་ལོ་རྒྱུས་ཅན་གྱི་གངས་ཅན་བོད་གཞན་དབང་ལས་ཐར་ཐུབ་མེད། ཡིད་སྐྱོ་བ་ཞིག་ལ་བོད་འདི་དུས་རབས་ཉི་ཤུ་པའི་གྲང་དམག་གི་དྭ་ཕྲུག་ཏུ་གྱུར་བ་མ་ཟད། དུས་རབས་ཉེར་གཅིག་པའི་འཇིགས་སྐུལ་རིང་ལུགས་པར་རྒོལ་རྡུང་དམག་འཁྲུག་གི་དྭ་ཕྲུག་ཏུའང་གྱུར་བ་རེད།
སྲིད་འཛིན་ཊོམ་ཕུ་ཡི་ཐུན་མོང་མ་ཡིན་པའི་ཆབ་སྲིད་རིག་ལམ་ཞིག་ནི། སྔོན་ན་བསད་། དེ་ནས་སྐྱོབ། ཡང་ན། སྔོན་ན་ཚོགས་ནས་བུད། དེ་ནས་བསྐྱར་དུ་བསྒྲིག རིག་ལམ་འདི་ཡ་མཚར་པོ་ཞིག་ཡིན། ཀུན་པོ་ལས་ཁྱད་དུ་འཕགས་པའི་བློ་བཀོད་པ་ཞིག ནུས་སྟོབས་ཤིག་མེད་ན་འགྲུབ་ཐུབ་པའི་རིག་ལམ་ཞིག་མིན།
སྐུ་ཞབས་ཊོམ་ཕུ་ཡིས་ཨ་རིའི་སྲིད་དབང་བཟུང་བའི་ལོ་གཅིག་ལྷག་གི་རིང་། རྒྱལ་སྤྱི་དང་ས་ཁུལ་གྱི་སྒྲིག་འཛུགས་མང་པོ་ཞིག་ལས་ཕྱིར་བུད་ཡོད་པ་བཞིན། ཁ་སང་དེ་རིང ༡༩༨༧ ལོར་ཨ་རི་དང་སུའུ་ལེན་བར་བཞག་པའི༼འབྲིང་བསྙོབས་མེ་ཤུགས་འཕུར་མདའ་ཆིངས་ཡིག༽ལས་འབུད་རྒྱུ་ཡིན་ཚུལ་བསྒྲགས་ཡོད་པར་གཞིགས་ན། གྲང་དམག་གསར་བ་ཞིག་ལངས་སྲིད་པས། གལ་ཏེ་འགོག་ཐབས་མེད་པར་གྲང་དམག་གསར་བ་ཞིག་ལངས་ཚེ། བོད་དོན་འདི་གྲང་དམག་གཞན་ཞིག་གི་དྲྭ་ཕྲུག་ཏུ་ཡང་བསྐྱར་མི་འགྱུར་བའི་བཟློག་ཐབས་སྔ་ས་ནས་འཚོལ་ཞིབ་བྱེད་དགོས།
དུས་རབས་གཅིག་དང་ཕྱེད་ལྷག་གི་རིང་གོ་སྐབས་བརྒྱ་ཐམ་པ་བྱུང་བ་གཅིག་ཀྱང་མ་ཟིན་པར་ཤོར་སོང་བ་དེ་ཁ་སང་གི་གཏམ་རྒྱུད་ཡིན་པ་བྱོས། ད་ཐེངས་ཡང་གོ་སྐབས་ཤིག་ང་ཚོ་ཁ་བ་བོད་པའི་མདུན་དུ་ཡོད་ན། ད་ནི་ཅི་ནས་ཀྱང་ཤོར་དུ་འཇུག་མི་རུང་ངོ།།
གོང་ཞུས་གཏམ་དེ་ནི་གང་ཟག་སྒེར་བ་ཞིག་གིས་སོ་སོའི་བསམ་ཚུལ་ཐར་ཐོར་དུ་བཏོན་པ་ཙམ་ལས། ཨ་རི་ལ་རྟེན་རུང་མིན་དང་ཡིད་ཆེས་རུང་མིན་གླེང་གིན་མེད།
བཙན་བྱོལ་སྤྱི་ཚོགས་སུ་འཇགས་པའི་ཕོངས་བྱེད་ཀྱི་སེམས་པ་ཞིག་ནི་གཞན་རྟེན་གྱི་བསམ་བློ་ཡིན། ང་ཚོས་ངེས་པར་དུ་གཞན་རྟེན་གྱི་བསམ་བློ་དོར་ནས་རང་རྟེན་དང་རང་རྟོན་ཡོད་དགོས། རེ་བ་བོད་རང་ཉིད་ལ་འཛིན་དགོས། བོད་ནང་གི་ལྷག་བསམ་ཅན། སྙིང་སྟོབས་ཅན། སྤོབས་པ་ཅན། བློ་རིག་ཅན། རྣམ་དཔྱོད་ཅན་གྱི་རྒྱ་ཆེ་བའི་བོད་མི་དམངས་ལ་འཛིན་དགོས། འདི་སྐབས་སུ་བབ་པའི་གླེང་བྱ་མིན་པས། འདི་ཙམ་གྱིས་ཆོག་པར་བྱོས།