ཊོམ་ཕུ་ཕམ་མེད། དམངས་གཙོ་ཚོགས་པ་རྒྱལ་མེད།

—–ཨ་རིའི་བར་མའི་འོས་བསྡུ་གླེང་བ།

Screen Shot 2018-11-16 at 17.43.23.pngལོ ༢༤༠འི་ཡར་སྔོན། ཨ་མེ་རི་ཀའི་ཡབ་ཆེན་ཚོས་ཨ་རིའི་ད་ལྟའི་ལམ་སྲོལ་འདི་ཇུས་འགོད་བྱེད་དུས། རང་དབང་དམངས་གཙོའི་ལམ་སྲོལ་རྨང་གཞི་བྱས་པའི་སྤྱི་ཚོགས་བརྟན་བརླིང་དང་འཕེལ་རྒྱས་ལ་དགེ་མཚན་ཆེ་བའི་རྟག་བརྟན་གྱི་ལམ་ལུགས་ཞིག་ལ་དགོངས་པ་བཞེས་ཡོད་དུས། ཕམ་ནས་ཕོང་འགྲོ་ས་ཞིག་མེད་ལ། རྒྱལ་ནས་ཐོབ་འགྲོ་བ་ཞིག་ཀྱང་མེད། མཐར་ཐུག་ན་འོས་བསྡུ་ནི་བཟང་ནས་ཤིན་ཏུ་བཟང་རྒྱུ་ལས། སུ་རྒྱལ་སུ་ཕམ་ནི་དམིགས་ཡུལ་མ་ཡིན་ནོ།།

ལོ་རེའི་ཟླ ༡༡ པའི་རེས་གཟའ་མིག་དམར་དང་པོ་དེ་ཨ་རིའི་འོས་བསྡུའི་ཉིན་མོར་གཏན་ཁེལ་བྱས་ཡོད་པ་བཞིན། ད་ལོའི་ཟླ ༡༡ པའི་རེས་གཟའ་མིག་དམར་དང་པོ་ཁེལ་བའི་ཚེས ༦ ཉིན། སྐུ་ཞབས་ཊོམ་ཕུ་མཆོག་ཨ་རིའི་སྲིད་འཛིན་དུ་བདམས་ནས་ལོ་གཉིས་ཀྱི་རྗེས་སུ་སྤེལ་བའི་བར་མའི་འོས་བསྡུ་དེ་ཆགས་ཡོད། ཐེངས་འདིའི་འོས་བསྡུའི་སྐབས་གྲོས་ཚོགས་འོག་མའི་འཐུས་མི ༤༣༥ ཚང་མ་དང་། གྲོས་ཚོགས་གོང་མའི་འཐུས་མའི་གསུམ་ཆའི་གཅིག་ལྷག་སྟེ ༣༥ བཅས་བདམས་ཡོད་པ་རེད།

བར་མའི་འོས་བསྡུའི་མཐའ་འབྲས་ལྟར་ན། དམངས་གཙོ་ཚོགས་པ་གྲོས་ཚོགས་འོག་མའི་གྲངས་མང་སྲིད་ཚོགས་སུ་གྱུར་ནས། ལོ་བརྒྱད་ཀྱི་རྗེས་སུ་ཡང་བསྐྱར་གྲོས་ཚོགས་འོག་མ་དབང་བསྒྱུར་བྱས་ཡོད་པ་དང་། ལྕམ་ནན་སེ་ཕི་ལོ་སི་མཆོག་ཡང་བསྐྱར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་གྱུར་ནས་ཨ་རིའི་དབང་ཆ་ཆེ་ཤོས་ཀྱི་མི་སྣ་གསུམ་པ་དེ་ཆགས་སྲིད་པ་རེད།

སྤྱི་མཐུན་ཚོགས་པ་མུ་མཐུད་ནས་གྲོས་ཚོགས་གོང་མའི་གྲངས་མང་སྲིད་ཚོགས་དེ་ཡིན་པས་གྲོས་ཚོགས་གོང་མ་དབང་བསྒྱུར་བྱས་ཡོད་པ་མ་ཟད། གདན་ཁྲི་དེ་སྔ་ལས་ཀྱང་མང་པ་ཐོབ་ཡོད་འདུག གྲོས་ཚོགས་གོང་འོག་གི་འཐུས་མི་འོས་འདེམས་དང་ཆབས་ཅིག ཨ་རིའི་མངའ་སྡེ ༥༠འི་ནང་གི་མངའ་སྡེ ༣༦ གི་མངའ་སྡེ་སྤྱི་ཁྱབ་པ་འདེམས་ཡོད། སྤྱི་མཐུན་ཚོགས་པར་མངའ་སྡེ ༢༧ གི་སྤྱི་ཁྱབ་པ་ཐོབ་པ་དང་། དམངས་གཙོ་ཚོགས་པར་མངའ་སྡེ ༢༣ གྱི་སྤྱི་ཁྱབ་པ་ཐོབ་ཡོད་འདུག

ཨ་རིའི་བར་མའི་འོས་བསྡུའི་སྔོན་དུ་སྨྱན་བྱེད་མང་པོས་བར་མའི་འོས་བསྡུར་མཐའ་འབྲས་ཅི་བྱུང་ཚོད་དཔག་རིགས་གསུམ་བྱས་ཡོད་པ་འདི་ལྟར། དེ་ཡང་སྤྱི་མཐུན་ཚོགས་པས་གྲོས་ཚོགས་གོང་འོག་གཉིས་མུ་མཐུད་ནས་འཛིན་རྒྱུ། གྲོས་ཚོགས་གོང་མ་སྤྱི་མཐུན་ཚོགས་པས་འཛིན་རྒྱུ་དང་གྲོས་ཚོགས་འོག་མ་དམངས་གཙོ་ཚོགས་པས་འཛིན་རྒྱུ། གྲོས་ཚོགས་གོང་འོག་གཉི་ཀ་དམངས་གཙོ་ཚོགས་པས་འཛིན་རྒྱུ་བཅས་རིགས་གསུམ་དབྱེ་ཡོད། དོན་དངོས་སུ་ཆད་མཐའ་གཉིས་སྤང་ནས་དབུ་མ་དེ་མངོན་པར་གྱུར་ཡོད། དེ་མིན་འོས་བསྡུའི་སྔོན་དམངས་གཙོ་ཚོགས་པའི་ཚོགས་མི་སྐོར་ཞིག་གིས་འུད་སྒྲོག་བྱས་པ་ནང་བཞིན་སྔོན་པོའི་རྦ་རླབས་ཀྱང་འཕྱུར་མེད། ༼མཆན། སྔོན་པོའི་རྦ་རླབས་ཟེར་བ་དེ་དམངས་གཙོ་ཚོགས་པས་གྲོས་ཚོགས་གོང་འོག་གཉི་ཀ་དང་མངའ་སྡེ་མང་ཤོས་འཛིན་རྒྱུར་གོ་དགོས། ཁ་དོག་གི་ཆ་ནས་སྤྱི་མཐུན་ཚོགས་པ་དམར་པོ་དང་། དམངས་གཙོ་ཚོགས་པ་སྔོན་པོ་ཡིན་པས། དེ་ལྟར་ཟེར་སྲོལ་དར་ཡོད།༽དོན་གྱིས་སྲིད་ཚོགས་གཅིག་གིས་དབང་བསྒྱུར་བའི་རྣམ་པ་ཡལ་ནས་ཕན་ཚུན་ལྟ་སྐུལ་དང་ཚོད་འཛིན་བྱེད་པའི་དོ་མཉམ་གདོང་ལེན་གྱི་གནས་སྟངས་ཤར་ཡོད། འདི་འདྲའི་གནས་སྟངས་ཤར་བ་དེ་ཨ་རིའི་མི་དམངས་ཀྱི་ཆབ་སྲིད་གོ་རྟོགས་དང་དམངས་གཙོའི་ལྟ་གྲུབ་ལས་བྱུང་བ་ཤར་སྟག་ཡིན་པ་སྨོས་མ་དགོས་སོ།།

ཨ་རིའི་བར་མའི་འོས་བསྡུའི་ལོ་རྒྱུས་ཀྱི་སྒང་ནས་ཐེངས་འདིའི་བར་མའི་འོས་བསྡུ་ལ་གཟིགས་ཚེ། ༡༩༣༠ ལོ་ནས་ད་བར་གྱི་བར་མའི་འོས་བསྡུ་ཕལ་ཆེ་བར་གཞུང་འཛིན་མིན་པའི་ཚོགས་པ་དེ་གྲོས་ཚོགས་འོག་མའི་གྲངས་མང་ཚོགས་པར་ཆགས་ཐུབ་ཡོད་པས། ད་ཐེངས་ཀྱི་བར་མའི་འོས་བསྡུ་འདི་བཞིན་ལོ་རྒྱུས་ཀྱི་བཞུད་ལམ་དེ་ལས་བརྒལ་མེད། འདས་པའི་ལོ ༨༠ ལྷག་རིང་བར་མའི་འོས་བསྡུའི་སྐབས་དམིགས་བསལ་གྱི་གནས་སྟངས་ཐེངས་གསུམ་ལས་བྱུང་མྱོང་ཡོད་ལ། དེ་དག་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་ཨ་རིའི་སྲིད་འཛིན་རའོ་སི་ཝོལ་དང་ཨ་རིའི་དཔལ་འབྱོར་གྱི་གནས་སྟངས་ཡང་རྩེར་སོན་པའི་བྷེལ་ཁུ་ལེན་ཊོན་སྐབས། དེ་བཞིན་འཇིགས་སྐུལ་རིང་ལུགས་པར་རྒོལ་རྡུང་སྐབས་ཀྱི་སྲིད་འཛིན་རྗོར་རྗི་བྷུ་ཞི་བཅས་ཐེངས་གསུམ་ལ་མ་གཏོགས་བྱུང་མྱོང་མེད། དེ་དག་ནི་ཧ་ཅང་དམིགས་བསལ་གྱི་རྒྱབ་ལྗོངས་ཤིག་གི་འོག་ཏུ་བྱུང་བ་འབའ་ཞིག་ཡིན་ན། ད་ཐེངས་ཀྱི་བར་མའི་འོས་བསྡུའི་གཞུང་འཛིན་མ་ཡིན་པའི་སྲིད་ཚོགས་གྲོས་ཚོགས་འོག་མའི་གྲངས་མང་དུ་ཆགས་པ་དེ་ཧ་ཅང་གི་རྒྱུན་ལྡན་ཞིག་ཡིན།
འདས་པའི་དུས་རབས་ནམ་ཞིག་ཡིན་ཡང་། མཚམས་ལ་ལར་དམར་པོ་སྤྱི་མཐུན་ཚོགས་པར་ཕྱོགས་ཤིང་། ཡང་མཚམས་ལ་ལར་སྔོན་པོ་དམངས་གཙོ་ཚོགས་པར་ཕྱོགས་པ། གང་ལྟར་ག་དུས་ཡིན་ཡང་ཆད་མཐར་མི་ལྷུང་པར་དོ་མཉམ་དུ་གནས་ཐུབ་པ་དེ། དམངས་གཙོའི་རྩ་དོན་དང་མི་འགལ་བའི་རྣམ་པ་མཚོན་ཡོད། རྩ་བའི་ཆ་ནས་བཤད་ན། དམངས་གཙོ་རང་སྟངས་ལ་ནུས་པ་ཅི་ཡང་མེད་མོད། དམངས་གཙོའི་ལྟ་གྲུབ་ཆགས་སའི་རིགས་ཚོགས་དེའི་རྣམ་དཔྱོད་དང་ལྟ་གྲུབ། གོ་རྟོགས་ལ་རག་ལས་ཡོད།

༢༠༡༦ལོར་སྐུ་ཞབས་ཊོམ་ཕུ་ཨ་རིའི་སྲིད་འཛིན་དུ་བདམས་སྐབས། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་། མངའ་སྡེའི་སྤྱི་ཁྱབ་པ་བཅས་ཚང་མ་སྤྱི་མཐུན་ཚོགས་པས་བཟུང་ཡོད། ལོ་གཉིས་ཀྱི་རྗེས་སུ་སྤེལ་བའི་བར་མའི་འོས་བསྡུ་དེ་ཨ་རིའི་འོས་བསྡུའི་ལམ་ལུགས་ཤིག་ཡིན་པ་མ་ཟད། སྲིད་འཛིན་གྱིས་སྲིད་བསྐྱངས་པའི་ལོ་གཉིས་ལ་བསྐྱར་ཞིབ་ཐེངས་ཤིག་ཀྱང་ཡིན། ཐེངས་འདིའི་བར་མའི་འོས་བསྡུའི་མཐའ་འབྲས་ལས་ཤེས་ཐུབ་པ་ཞིག་ལ། ཨ་མེ་རི་ཀའི་ཡངས་ཤིང་རྒྱ་ཆེ་བའི་ས་ཆེན་འདིའི་སྟེང་འཚོ་ཞིང་གནས་པའི་ཨ་རི་བ་དུང་ཕྱུར་གསུམ་ལྷག་གི་ཁྲོད། ཊོམ་ཕུའི་སྲིད་ལུགས་ལ་མི་དགའ་མི་མོས་པའང་གང་ཙམ་ཞིག་ཡོད་པ་མཚོན་ཡོད། དེ་ཡོད་ཆོག་ལ་ཡོད་ཀྱང་དགོས། གལ་ཏེ་མི་ཚང་མ་མི་གཅིག་གི་རྗེས་སུ་འབྲང་ཚེ། དེ་ཉེན་ཁ་ཞིག་ཡིན་ལ། སྤྱི་ཚོགས་ནད་པ་ཞིག་གི་མཚོན་རྟགས་ཀྱང་ཡིན།

ཡིན་ན་ཡང་། ལོ་རྒྱུས་ཀྱི་མཐོ་ས་ནས་ཨ་རིའི་འོས་བསྡུའི་ལུགས་སྲོལ་ལ་རྒྱང་ལྟ་བྱས་ཚེ། འདི་ལྟ་བུའི་རྣམ་པ་དེ་ཧ་ཅང་གི་རྒྱུན་ལྡན་ཞིག་ཡིན། གལ་སྲིད་ཕམ་ཁ་ཞིག་ལ་ངོས་འཛིན་བྱ་རུང་ཟེར་ཡང་།  དོན་དངོས་སུ་བཀག་རྒྱ་ཙམ་ལས་མིན་ཞིང་།  གྲོས་ཚོགས་འོག་མ་ཤོར་ཡང་། གྲོས་ཚོགས་གོང་མ་ད་དུང་ཡང་ཊོམ་ཕུའི་སྤྱི་མཐུན་ཚོགས་པས་བཟུང་ཡོད་པས། ཊོམ་ཕུ་ཡི་ཆབ་སྲིད་རྣམ་དཔྱོད་དང་། ཐུན་མོང་མ་ཡིན་པའི་ཆབ་སྲིད་སྐྱོང་ལུགས།  གྲོས་མོལ་སྒྱུ་རྩལ། ཁ་བཤད་དོན་ལ་གནས་པའི་སྐྱེས་མཆོག་གི་གཤིས་ཀ དེ་མིན་གང་ཉིད་ཀྱི་རྒྱུད་དུ་ཆགས་པའི་སྤོབས་པ་དང་སྙིང་སྟོབས། མདོར་ན་ཊོམ་ཕུ་ཡི་མཚན་སྙན་གྱི་བ་དན་ཨ་རི་ས་ཆེན་སྟེང་གཡོ་བཞིན་ཡོད་ལ། ཨ་རི་མི་དམངས་ཀྱིས་ཁོང་ལ་བཅངས་པའི་ཡིད་ཆེས་སྲ་ཞིང་བརྟན་པོས་གནས་ཡོད།

ཕན་ཚུན་ལྟ་སྐུལ་དང་བཏང་འཛིན་གྱི་རྒྱུན་ལྡན་གྱི་རྣམ་པ་ཤར་རྗེས། མ་འོངས་པར་ཅི་ཞིག་བྱུང་སྲིད་དམ་ཞེ་ན། གྲོས་ཚོགས་འོག་མར་གྲངས་མང་ཆགས་པའི་དམངས་གཙོ་ཚོགས་པས་སྲིད་འཛིན་ཊོམ་ཕུ་ཡི་སྲིད་ཇུས་དང་ཁྲིམས་སྲོལ། བཅོས་བསྒྱུར། གོ་གནས་གསར་བསྐོ་སོགས་ནང་སྲིད་ལས་དོན་རིགས་བཀག་འགོག་བྱེད་སྲིད་ལ།  དམངས་གཙོ་ཚོགས་པའི་ལྟ་གྲུབ་དང་མཐུན་པའི་ལས་དོན་ཁག་ཅིག་ལ་སྐུལ་འདེད་བྱེད་སྲིད། དེ་མིན་སྲིད་འཛིན་ཊོམ་ཕུ་ལ་ཅུང་མི་ལེགས་པའི་གང་ཉིད་ཀྱི་དེ་སྔ་ཚོང་བའི་སྐབས་དཔྱ་ཁྲལ་ཁྲིམས་ལུགས་ལྟར་ཕུལ་ཡོད་མེད་དང་། དེ་བཞིན ༢༠༡༦ལོའི་སྲིད་འཛིན་འོས་བསྡུ་སྐབས་ཨུ་རུ་སུ་དང་འབྲེལ་བ་ཡོད་མེད། གནད་དོན་དེ་གཉིས་ཀྱི་ཐད་ནས་དམངས་གཙོ་ཚོགས་པས་ཤེད་ཤུགས་ཆེན་པོས་ཞིབ་བཤེར་བྱེད་སྲིད། ཡིན་ན་ཡང་སྲིད་འཛིན་ལས་གནས་དབྱུང་གཏོང་མི་ཐུབ། ཁྲིམས་སྲོལ་ལྟར་ན། སྲིད་འཛིན་གནས་དབྱུང་གཏོང་དགོས་ན་གྲོས་ཚོགས་འཐུས་མིའི་གསུམ་ཆའི་གཉིས་ཀྱི་མོས་པ་དགོས་པས། དེ་ཉོབ་ཐུབ་ས་ཞིག་མིན།

དེ་མིན་ད་ནས་ལོ་གཉིས་ཀྱི་རྗེས་སུ། སྲིད་འཛིན་ལས་ཡུན་སྐབས་གཉིས་པར་ཊོམ་ཕུ་མུ་མཐུད་ནས་སྲིད་འཛིན་ལ་གདམ་སྲིད་དམ་ཞེ་ན། ད་ལྟའི་ཆར་དེ་ཚོད་དཔག་བྱེད་དཀའ་བའི་གནས་ཡིན་ཡང་། ཨ་རིའི་དམངས་ཚོའི་ལམ་ལུགས་ཀྱི་འགྲོ་ལུགས་དང་། རྒྱུན་ལྡན་གྱི་གནས་སྟངས་ལ་གཞིགས་ན། འབྱུང་འགྱུར་ལོ་གཉིས་སུ་ནོར་འཁྲུལ་ཆེན་པོ་མ་བྱུང་ན་ཕལ་ཆེར་གདམ་ཐུབ་པར་འདོད། ཨ་རིའི་ཉེ་རབས་ལོ་རྒྱུས་སུ་སྐབས་གཅིག་གི་སྲིད་འཛིན་ཐེངས་གཉིས་ལ་མ་གཏོགས་བྱུང་མེད། གཅིག་ནི་དམངས་གཙོ་ཚོགས་པའི་ཁཱ་ཊིར་དང་། ཅིག་ཤས་ནི་སྤྱི་མཐུན་ཚོགས་པའི་བྷུ་ཞི་ཆེ་བ་ཡིན།
དམངས་གཙོ་ཚོགས་པའི་དབང་ཤུགས་གྲོས་ཚོགས་འོག་མར་བསླེབས་དུས། ད་ལྟའི་ཨ་རྒྱའི་འབྲེལ་བར་དོ་ཕོག་ཡོད་དམ་ཞེ་ན། མེད་དོ།། ཅེས་ཚིག་ཐག་བཅད་ནས་བཤད་ཐུབ། ཐོག་མར་སྲིད་འཛིན་གྱི་ཕྱི་སྲིད་ལ་གྲོས་ཚོགས་ཀྱི་ཐེ་གཏོགས་བྱེད་མི་ཐུབ། གཉིས་ནས་དམངས་གཙོ་ཚོགས་པ་གུང་ཁྲན་ཚོགས་པར་སེམས་གཏིང་ནས་སྡང་བས་ཊོམ་ཕུའི་དྲག་ཧྲག་གི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད། ལྷག་པར་དུ་ཊོམ་ཕུ་ཡི་རྒྱ་ནག་ལ་ཚོང་དམག་གི་གཡུལ་བཤམས་པར་དམངས་གཙོ་ཚོགས་པས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཡོད།

རྒྱ་ནག་གཞུང་གིས་ཀྱང་ཨ་རི་གཞུང་དམངས་གཉི་ཀའི་བསམ་ཕྱོགས་ཤེས་ནས། དེ་སྔའི་ལྟ་བར་འགྱུར་བ་བཏང་སྟེ་ཨ་རིའི་བར་མའི་འོས་བསྡུ་དང་ཨ་རྒྱའི་འབྲེལ་བར་འབྲེལ་བ་མེད་ལུགས་སྐད་གདངས་དམའ་མོས་བཤད་འདུག

ཨ་རིའི་ལོ་གཉིས་རེའི་མཚམས་སུ་འོས་བསྡུ་ཐེངས་ཤིག་བྱས་ནས་ཆབ་སྲིད་དང་ལམ་ཕྱོགས་སོགས་ལ་འགྱུར་བ་གཏོང་གིན་ཡོན། དེ་ལས་ལྡོག་ཏེ་རྒྱ་ནག་ལ་ལོ་ལྔ་ཡིས་ཀྱང་མ་འདང་པར་ལོ་བཅུ་ལ་བཞག་པ་རེད། ཧང་སངས་པ་ཞིག་དང་ཡིད་སྐྱོ་བ་ཞིག་ལ་ཞི་ཅིན་ཕེང་གིས་མི་ཚེ་མ་རྫོགས་བར་སྲིད་དབང་འཛིན་འདོད་ཀྱི་སེམས་པ་དེ། ཧམ་པ་དེ། བྱིས་བློ་དེ། སྐྱུག་བྲོ་བ་ལ། དགོད་བྲོ་བ་ལ།

སྤྱི་ཚོགས་དང་མི་སེམས་དུས་ཀྱི་སྐར་ཆ་རེ་རེར་འགྱུར་གྱིན་པའི་ཆོས་ཉིད་མ་ཤེས་མ་མཐོང་མ་ཚོར་བ་དེ་ཡ་མཚར་ཆེ་བ་ལ།

དམངས་གཙོའི་སྤྱི་ཚོགས་ཀྱིས་དུས་ནས་དུས་སུ་འོས་བསྡུའི་ལམ་ལུགས་ལ་བརྟེན་ནས་རྒྱལ་ཁབ་ལ་གསོན་ཤུགས་དང་འཕེལ་རྒྱས་ལ་ངར་ཤུགས་སྤྲོད་ཀྱིན་ཡོད་ལ། དུས་ནས་དུས་སུ་ལེགས་བཅོས་ལེགས་བསྒྱུར་གྱི་ལམ་སྲོལ་དེས་ཨ་རི་རྒྱལ་ཁབ་དེ་ཡར་ངོས་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་གྱིན་ཡོད་པས། འདས་པའི་བགྲང་བྱ་བདུན་ཅུ་ལྷག་གི་རིང་རྒྱལ་ཁབ་སྟོབས་ཆེན་གྱི་གོ་ས་དེ་དམ་པོར་སྲུང་ཡོད་པ་རེད།

སྨྱན་བྱེད་ལ་ལས་སུ་རྒྱལ་སུ་ཕམ་གྱི་དབྱེ་བ་འབྱེད་ནས་ལངས་ཕྱོགས་ཤིག་བཟོ་བཞིན་ཡོད་མོད། ཕན་ཚུན་ལ་ལྟ་སྐུལ་དང་ཚོད་འཛིན་ནི་དམངས་གཙོའི་ལམ་ལུགས་ཀྱི་སྙིང་པོ་ཡིན་མ་ཟད། དམངས་གཙོའི་ལམ་ལུགས་ཀྱིས་མི་གཅིག་གི་དབང་བསྒྱུར་དང་། ཚོགས་པ་གཅིག་གི་དབང་བསྒྱུར་ལ་སྔོན་འགོག་དང་ངོ་རྒོལ་བྱེད་ཀྱིན་པའི་སྙིང་པོ་ཡིན་པས། ད་ཐེངས་ཕྱོགས་འགལ་དམངས་གཙོ་ཚོགས་པས་གྲོས་ཚོགས་འོག་མ་འཛིན་ཐུབ་པ་དེས་ཡང་དག་པའི་དམངས་གཙོའི་ལམ་ལུགས་མཚོན་ཡོད་ལ། ཨ་རི་མི་དམངས་ཀྱི་བློ་རྒྱ་དང་རྣམ་དཔྱོད། གོ་རྟོགས། སྤུས་ཀ་མཚོན་ཡོད།

མདོར་བསྡུས་ན། ཐེངས་འདིའི་བར་མའི་འོས་བསྡུའི་མཐའ་འབྲས་སུ། མི་རྣམས་ཀྱིས་ཚོད་དཔག་བྱས་པ་ནང་བཞིན་སྔོན་པོའི་རྦ་རླབས་འཕྱུར་མེད་ལ། དེ་ལས་ལྡོག་ཏེ་ཕན་ཚུན་ལྟ་སྐུལ་དང་ཚོད་འཛིན་གྱི་དམངས་གཙོའི་གཞུང་ལམ་སྟེང་བབས་ཡོད་པས། ཡང་དག་པའི་དམངས་གཙོའི་ལམ་ལུགས་ཞིག་ལ་བཟང་ནས་ཤིན་ཏུ་བཟང་བ་ལས་རྒྱལ་ཕམ་གྱི་དབྱེ་བ་ཞིག་ཡོད་མ་ཡིན།