
བདུན་ཕྲག་འགའི་སྔོན་དུ། ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཕཱ་ཕུ་ཡ་ནིའུ་རྗི་ནེ་རུ་རྒྱལ་སྤྱིའི་ལྷན་ཚོགས་གལ་ཆེན་ཞིག་འཚོགས་ཡོད་པ་དང་། ཨ་རིའི་རེ་འདུན་ལྟར་རང་དབང་ཚོང་ལས་གཙུགས་ཆེན་དུ་འཛིན་རྒྱུའི་ཐུན་མོང་གི་རེ་སྨོན་ཁྲོད་ཚོགས་ཆེན་མཇུག་བསྒྲིལ་ཡོད་མོད། རྒྱ་ནག་གིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱས་འདུག
རྒྱ་ནག་གི་སྐུ་ཚབ་ཚོས་གྲོས་མོལ་གྱི་ལམ་ནས་འགལ་བ་སེལ་རྒྱུར་འབད་པ་བྱས་མེད་ལ། དེ་ལས་ལྡོག་ཏེ་མགྲོན་བདག་རྒྱལ་ཁབ་དེའི་ཕྱི་འབྲེལ་བློན་ཆེན་གྱི་གཞུང་སྒྲུབ་ཁང་དུ་ཧམ་གྱིས་འཛུལ་པ་མ་ཟད། གཞུང་འབྲེལ་སྤྱི་བསྒྲགས་ཀྱི་ནང་དོན་བཟོ་བཅོས་བྱེད་དགོས་པའི་བཙན་བཀའ་བཏང་འདུག
ཞི་བདེ་རྒྱ་མཚོ་མཐའ་འཁོར་གྱི་རྒྱལ་ཁབ་རྣམས་ཇི་ལྟར་མཉམ་འཚོ་མཉམ་གནས་ཡོང་རྒྱུར་སྐུལ་འདེད་ཆེད་བསྐོངས་པའི་ཆེས་མཐོའི་དབུ་ཁྲིད་ཀྱི་ལྷན་ཚོགས་ཤིག་ཏུ། རྒྱ་ནག་གི་ཕྱི་འབྲེལ་འགྲོ་ལུགས་དང་རྒྱབ་འགལ་གྱི་བྱ་སྤྱོད་དེ་ནི་ཅི་འདྲའི་ཐུན་མོང་མ་ཡིན་པ་ཞིག་རེད་ཨང་།
ཨ་རྒྱའི་ཁ་རྡུང་དྲག་པོའི་ཕྱིས་འབྱུང་དུ་ཨེ་ཞི་ཡ་ཞི་བདེ་རྒྱ་མཚོ་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས ༡༩༨༩ ལོར་དབུ་བརྙེས་པའི་རྗེས་སུ་ཐེངས་འདིའི་ལྷན་ཚོགས་དེ་ཐུན་མོང་སྤྱི་བསྒྲགས་མེད་པའི་ལྷན་ཚོགས་ཐོག་མ་དེ་ཆགས་ཡོད་པ་དང། ལྷན་ཚོགས་སུ་རྒྱ་ནག་གི་ཀྲུའུ་ཞི་ཞི་ཅིན་ཕེང་དང་ཨ་རིའི་སྲིད་འཛིན་གཞོན་པ་མའེ་ཁི་ཕེན་སི་ཞུགས་ཡོད་པ་རེད།
གནད་འགག་ནི་ཕྱིས་འབྱུང་དེས་ཨ་རྒྱའི་འབྲེལ་བ་གནས་རིམ་གསར་བ་ཞིག་ལ་བསླེབས་པ་མཚོན་ཡོད་ལ། ཞི་བདེ་རྒྱ་མཚོ་ཁུལ་གྱི་ཨ་རིའི་དབང་ཤུགས་ལ་ཀླན་ཀ་འཛུགས་དུས། རྒྱ་ནག་གིས་ཕྱི་འབྲེལ་འགྲོ་ལུགས་མ་ཡིན་པའི་དྲག་ཧྲག་གི་ལས་དག་སྤེལ་འདོད་ཡོད་པ་མཚོན་ཡོད།
དེང་གི་ཐོད་རྒལ་རྒྱལ་ཁབ་གཉིས་ཀྱིས་སྒོར་མོ་དང་དམག་དོན་ལག་ཆ་བྱས་ནས་མངོན་གསལ་དོད་པོས་ལེགས་པའི་གནས་བབ་འཕྲོག་རྩོད་བྱེད་པའི་རྣམ་པ་དེས། མི་རྣམ་པའི་དྲན་ཤེས་སུ་དུས་རབས་སྔོན་མར་ཝ་ཞིན་ཊོན་དང་མའོ་སི་ཁོའི་གྲང་དམག་སྐབས་ཀྱི་སྦྱོར་བ་ཝ་ལེ་ཝལ་ལེར་ཤར་ཡོད།
རང་ཉིད་ཀྱི་བྱ་སྤྱོད་རིགས་རྩིང་པོ་ཡིན་མིན་ལ་རྒྱ་ནག་གཞུང་གིས་སྣང་དག་མི་བྱེད། རྒྱ་ནག་པའི་ཡུལ་སྲོལ་དུ་ཕོ་ཁྱོ་གས་མི་གཞན་པའི་བསམ་ཚུལ་ལ་སྣང་དག་བྱེད་མི་སྲིད་པ་ལྟ་བུའོ།། ཨོ་སི་ཊི་རེ་ལེ་ཡའི་དམག་དོན་འཐབ་ཇུས་པ༼རྒྱ་ནག་གི་གདམ་ཀ༽ཞེས་པ་རྩོམ་མཁན་སྐུ་ཞབས་ཧུ་ཝའེ་ཊི་ཡིས་མུ་མཐུད་ནས་བཤད་རྒྱུར། རྩིང་སྤྱོད་དེར་མི་རྣམ་ཧང་སངས་དོན་ནི་དེ་སྔར་དེ་ལྟ་བུའི་སེམས་འཚབ་ལུས་བྲེལ་གྱི་ངང་ཚུལ་མཐོང་དུས་ནི་ལོ་ངོ ༣༠འི་ཡར་སྔོན་ཡིན། དུས་རབས་དེར་མདུང་རྩེ་ཁ་སྤྲོད་ཀྱི་ཕྱི་འབྲེལ་ནི་སྐབས་དུས་སུའུ་ལེན་གྱི་དབུ་ཁྲིད་གྷོར་པ་ཆོ་ཧྥི་དང་ཨ་རིའི་སྲིད་འཛིན་རོ་ནལ་ཌོ་རེ་གྷན་སྐབས་ཡིན། ཝ་ཞིན་ཊོན་དང་པེ་ཅིང་བར་གྱི་འདི་ལྟ་བུའི་མངོན་གསལ་དོད་པོའི་འཐབ་རྩོད་རིགས་གཅིག་བགྱིས་ན་ཇེ་མང་ནས་ཇེ་མང་དུ་འགྲོ་སྲིད་ཟེར།
ཡུལ་གྲུ་དེའི་ཕྱི་འབྲེལ་དཔོན་པོ་ཞིག་དང་སྤྱི་བསྒྲགས་ཟིན་བྲིས་སུ་འདེབས་མཁན་གྱི་གྲས་ཨ་རིའི་དཔོན་པོ་ཞིག་གིས། ཚེས ༡༧ ཉིན་རྒྱ་ནག་གི་དཔོན་པོ་བཞི་བཙན་ཤེད་ཀྱི་ཕཱ་ཕུ་ཡ་ནིའུ་རྗི་ནེའི་ཕྱི་འབྲེལ་བློན་ཆེན་རིམ་པིན་ཕཱ་ཏོ་ཡི་གཞུང་སྒྲུབ་ཁང་དུ་ཧམ་འཛུལ་བྱས་ནས་སྤྱི་བསྒྲགས་ཀྱི་ནང་དོན་ལ་བཟོ་བཅོས་བྱེད་དགོས་པའི་བཙན་བཀའ་བཏང་ཞིང་། དེ་ནས་བདེ་སྲུང་མི་སྣ་ཡོང་རྗེས། རྒྱ་ནག་གི་དཔོན་པོ་དེ་བཞི་བོ་རང་འགུལ་གྱིས་ཕྱིར་ལོག་ཡོད་ཡང་། དེ་ལྟ་བུའི་འགལ་རྐྱེན་འགོག་ཐབས་སུ་ཉེན་རྟོག་མི་སྣས་ཆེད་དུ་ཉིན་ཤས་རིང་ལྟ་སྲུང་བྱས་ལུགས་འགྲེལ་བརྗོད་བྱས་འདུག
ཨ་རིའི་དཔོན་པོ་དེས་འགྲེལ་བརྗོད་ལྟར་ན། རྒྱ་ནག་གི་དཔོན་པོ་དེ་ཚོས་སྤྱི་བསྒྲགས་ཀྱི་ཚན་པ་གཉིས་ལ་ཐ་དད་པའི་ལྟ་ཚུལ་བཏོན་པ་དང་། དེ་ཡང APEC ཚོགས་མི་རྒྱལ་ཁབ་ཚོས་འདྲ་མཉམ་མ་ཡིན་པའི་ཚོང་ལས་ལ་རྡུང་རྡེག་གཏོང་རྒྱུ། གཞན་ཞིག་ནི APEC ཚོགས་མི་རྒྱལ་ཁབ་ཐུན་མོང་གིས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལེགས་བཅོས་བྱེད་རྒྱུ། བཅས་བཀོད་པའི་སྤྱི་བསྒྲགས་ཀྱི་ནང་དོན།
རྒྱ་ནག་གི་རྩིང་སྤྱོད་དེ་རྒྱ་ནག་པ་མི་ཤེས་མཁན་དག་ལ་མཚོན་ན་བློ་ཡུལ་ལས་འདས་པ་ཞིག་ཡིན་མོད། རྒྱ་ནག་པར་ཅུང་རྒྱུས་མངའ་ཡོད་མཁན་གྱི་ཚོགས་ལ་མཚོན་ན་དེ་རྒྱ་ནག་པའི་རང་གཤིས་འབའ་ཞིག་ཡིན་ན་ཡ་མཚར་མི་སྐྱེ།
ཨ་རིའི་ཁོར་ནེལ་གཙུག་ལག་སློབ་ཆེན་གྱི་དཔལ་འབྱོར་རིག་པ་བ་ཨེ་སི་ཝར་ཕར་སཱ་ཌི་ལགས་ཀྱིས་རྒྱ་ནག་གི་དྲག་པོའི་རྣམ་འགྱུར་དེས་ཨ་རི་དང་རྒྱལ་ཁབ་གཞན་ཁག་གིས་རྒྱ་ནག་ཁེར་རྐྱང་དུ་གཏོང་རྒྱུར་སེམས་ཁྲེལ་ཡོད་པ་མཚོན་འདུག ཡིན་ན་ཡང་། རྒྱལ་ཁབ་དེ་དག་གིས་ད་དུང་ཡང་ཐུན་མོང་གཅིག་གྱུར་གྱི་འཐབ་ར་ཞིག་བསྐྲུན་ནས་རྒྱ་ནག་གི་འདྲ་མཉམ་མ་ཡིན་པའི་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་བྱ་སྤྱོད་ལ་གདོང་ལེན་བྱེད་ངེས་ཡིན་ཟེར།
དེ་བཞིན་དུ། པེ་ཅིང་མི་དམངས་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་བ་རིག་པ་བ་ཧྲི་ཡིན་ཥོང་གིས་རྒྱལ་ཁབ་གཞན་ཚང་མས་ངེས་ལེན་ཐུབ་པའི་སྤྱི་བསྒྲགས་ཤིག་ལ་རྒྱ་ནག་གིས་དེའི་ནང་གི་དོན་ཚན་ཁ་ཤས་ཐད་མོས་མཐུན་མ་བྱས་ཀྱང་དགོས་ཕན་ཡོད་མ་ཡིན། ལོ་ཤས་གོང་ནས་ང་ཚོས་དེ་ལྟ་བུའི་གནས་ཚུལ་མང་པོ་མཐོང་ཡོད་ཟེར།
ཨ་རིའི་སྲིད་འཛིན་ཁྲོ་འབར་མཆོག APEC ལྷན་ཚོགས་སུ་དངོས་སུ་ཞུགས་མེད་ཀྱང་སྲིད་འཛིན་གཞོན་པ་ཕེན་སི་སྐུ་ཚབ་ཏུ་མངག་ཡོད་པས། དོན་དངོས་སུ་རྒྱ་ནག་གི་སྲིད་ཇུས་ཐད་ལྟ་བ་མཁྲེགས་པོ་འཛིན་མཁན་གཙོ་བོ་དེ་མངག་ཡོད་ཅིང་། དེ་མིན་ཕེན་སི་མཆོག་དང་མཉམ་དུ་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་རྒྱ་ནག་ཚན་པའི་འགན་འཛིན་མཱ་ཐེའོ་ཕོར་ཊིན་གྷེར་ཕེབས་ཡོད་པས། མཱ་ཐེའོ་ལགས་ཀྱང་རྒྱ་ནག་གི་སྲིད་ཇུས་ཐད་ལྟ་བ་མཁྲེགས་པོ་འཛིན་མཁན་གཅིག་ཡིན།
ད་ལོའི་ཟླ་དགུ་བར། སྲིད་འཛིན་གཞོན་པ་ཕེན་སི་མཆོག་གིས་ཧ་ཅང་དྲག་ཧྲག་ཆེ་བའི་གཏམ་བཤད་ཅིག་སྤེལ་ཡོད་པ་དང་། གཏམ་བཤད་དེས་ཨ་རྒྱའི་འགལ་ཟླ་ཚོང་ལས་ཀྱི་ཁྱབ་ཁོངས་ནས་བརྒལ་ཏེ་དཔལ་འབྱོར་དང་དམག་དོན། ནང་སྲིད་སོགས་སྣ་མང་པོ་གླེང་བ་དང་ཆབས་ཅིག་ཨ་མེ་རི་ཀས་ལྟད་མོ་བལྟས་ནས་འདུག་མི་སྲིད་ཅེས་ཐ་ཚིག་བསྒྲགས་ཡོད་པ་རེད།
ཕཱ་ཕུ་ཡ་ནིའུ་རྗི་ནེ་རུ་སྐུ་ཞབས་ཕེན་སི་མཆོག་གིས་ཁོང་གི་ལྟ་བ་མཁྲེགས་པོའི་རྒྱུན་བསྐྱངས་ཏེ། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་དེ་རྒྱུད་གཅིག་ནི་གཞན་རྣམས་འཆིང་བྱེད་ཀྱི་ཐག་པ་དང་། ལམ་གཅིག་ནི་ཁེ་བཟང་ཡོད་ཚད་ཕྱིར་རྒྱ་ནག་ལ་ལོག་རྒྱུའི་ཁེར་ལམ་ཡིན་ཞེས་སྐྱོན་བརྗོད་དང་ངོས་འཛིན་བྱས་ཡོད་པ་རེད།
ཞི་ཅིན་ཕེང་གིས་དགག་ལན་སློག་པའི་ཚུལ་གྱིས་མི་ལ་ལས་བཤད་པ་ནང་བཞིན་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་དེ་གཡོ་སྒྱུའི་རྒྱ་རྙི་ཞིག་མིན་ལུགས་བསྒྲུབས་འདུག
ཡིན་ན་ཡང་། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཞིབ་འཇུག་སྡེ་ཁག་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་དེ་ནི་བུ་ལོན་གྱི་ཕྱི་འབྲེལ་ཞིག་དང་། བུ་ལོན་གྱི་གཡོ་སྒྱུ་ཞིག གཟབ་གཟབ་མ་བྱས་ཚེ་རྒྱལ་ཁབ་གི་བདག་དབང་དང་རང་བཙན་ལ་གནོན་འཚེ་ཕོག་སྲིད་པའི་གཡོ་སྒྱུའི་རྒྱ་རྙི་ཞིག་ཡིན་པར་ཉེ་བརྡ་བརྒྱབས་ཡོད་པ་རེད།
འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ། ཕཱ་ཕུ་ཡ་ནིའུ་རྗི་ནེ་ཡི་གླིང་ཕྲན་ཆེ་ཤོས་མཱ་ནུ་སི་གླིང་ཕྲན་གྱིས་ཨ་རིའི་དམག་དཔུང་གིས་ཉི་ཧོང་ཕམ་པར་རྒྱག་རྒྱུར་ཕན་ཆེན་པོ་ཐོགས་ཡོད། ད་ལྟ་རྒྱ་ནག་གི་རྒྱ་སྐྱེད་འཐབ་ཇུས་ལ་ཁ་གཏད་གདོང་ལེན་བྱེད་རྒྱུའི་ཨ་རིའི་ལས་དོན་ལ་ནུས་པ་ཁྱད་པར་བ་ཐོན་ངེས་ཡིན། དེ་ལྟ་བུའི་དམག་དོན་དགག་སྒོ་ཞིག་ཨ་རིས་བློས་གཏོང་མི་སྲིད། གོང་ཞུས་ལྷན་ཚོགས་སྐབས་ཨ་རིའི་སྲིད་འཛིན་གཞོན་པས་ཨོ་སི་ཊི་རེ་ལེ་ཡ་དང་མཉམ་གཅིག་ཏུ་མཱ་ནུ་སི་གླིང་ཕྲན་དུ་གཏིང་ཟབ་གྲུ་ཁ་ཞིག་གསར་དུ་བསྐྲུན་རྒྱུ་མ་ཟད། ཕཱ་ཕ་ཡ་ནིའུ་རྗི་ནེ་ཡི་གློག་ཤུགས་ཀྱི་བརྒྱ་ཆའི༧༠ མཁོ་སྤྲོད་བྱེད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་པས་མཚོད།
མདོར་བསྡུས་ན། ཨ་རི་དང་རྒྱ་ནག་གཉིས་ཚོང་ལས་དམག་འཁྲུག་ལས་གྲང་དམག་ལའང་འཕར་མི་སྲིད་པ་གཏན་ནས་མིན། མ་འོངས་པར་ཅི་ཞིག་བྱུང་མིན་ང་ཚོས་མིག་རིག་རིག་གིས་བལྟས་ཆོག རྣ་ཅོར་ཅོར་གྱིས་ཉན་ཆོག