མངོན་སུམ་འཚོ་བའི་ཁྲོད། མི་རྣམས་གང་ཟག་ཐལ་ཆ་ཅན་ལ་དགའ་མོས་མེད་ལ། གནད་དོན་གང་ཞིག་གི་ཐད་གླེང་སློང་བྱེད་སྐབས། ཐལ་དྲགས་པའི་སྨྲ་བརྗོད་ལའང་དགའ་མོས་མེད། འོན་ཀྱང་། མཚམས་ལ་ལར་ལོ་རྒྱུས་ལ་སྐུལ་འདེད་དང་སྤྱི་ཚོགས་ལ་འཕོ་འགྱུར་གཏོང་མཁན་གང་ཟག་གི་བྱ་སྤྱོད་དང་བསམ་བློས་ཐལ་དྲགས་རིང་ལུགས་ལ་གཞི་བཅོལ་ཡོད།
འཛམ་གླིང་ཤར་ནུབ་ཀུན་ཏུ་ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་རྗེས་འབྲང་བ་མོད་པོ་ཡོད་པའི་རྒྱུ་མཚན་གཅིག་དེ་ཡིན་།
ཚོར་ཤེས་སུ་ཐལ་དྲགས་པར་སྣང་བའི་ཁྲོ་འབར་གྱི་སྲིད་ལུགས་དེས་ཞི་འཇམ་དང་དཔྱོད་ཤེས་ཀྱིས་སྒྲུབ་མི་ཐུབ་པའི་གནད་དོན་མང་པོ་ཞིག་ཐག་གིས་ཆོད་ཡོད་ལ། ལྷག་པར་དུ་གུང་ཁྲན་ཏང་ལ་དགའ་མོས་ཡེ་ནས་མེད་པའི་བོད་མི་དང་ཡུ་གུར་བ། རྒྱ་ནག་པ། ད་དུང་ཕྱི་གླིང་བ་སྐོར་ཞིག་གིས་སྐུ་ཞབས་ཁྲོ་འབར་གྱི་སྙིང་སྟོབས་ལ་བརྟེན་ནས་རྒྱ་དམར་གུང་ཁྲན་ཏང་གི་སྲིད་དབང་མགོ་རྟིང་སློག་རྒྱུ་དེ་ཐུགས་ཀྱི་རེ་བ་ཉག་གཅིག་ཆགས།
ཏེང་ཞོ་ཕེང་གིས་ཇུས་འགོད་བྱས་པའི་བཅོས་བསྒྱུར་སྒོ་འབྱེད་སྲིད་ཇུས་ཀྱིས་འདས་པའི་ལོ་ངོ་བཞི་བཅུའི་རིང་། ཕྱོགས་གཅིག་ནས་རྒྱ་ནག་གི་མི་སེར་ཚོའི་འཚོ་བའི་རྣམ་པ་དང་རོལ་སྟངས། འཚོ་བའི་ཆུ་ཚོད་སོགས་ལ་ཡར་རྒྱས་ཀྱི་འགྱུར་བ་བཏང་ཡོད་པ་བདེན་པ་ཡིན་ཡང་། གཞི་རྩའི་ཆབ་སྲིད་ཀྱི་ཆ་ནས་བཤད་ན། བཅོས་བསྒྱུར་སྒོ་འབྱེད་ཀྱིས་རྒྱ་ནག་དམར་ཤོག་གུང་ཁྲན་ཏང་གི་སྲིད་དབང་སྲ་བརྟན་དང་ཁྲིམས་མཐུན་དུ་བཏང་སྟེ། དེང་གི་གུང་ཁྲན་ཏང་ཚོགས་པ་དེ་འཇིགས་སུ་རུང་བའི་ཁེ་བཟང་གི་ཁོག་ཤག་ཅིག་ཏུ་ལེགས་པར་བསྒྱུར།
ཁེ་བཟང་ཁོག་ཤག་དེ་ས་སྒང་འདི་ན་དོ་ཟླ་བྲལ་བའི་གདོས་བཅས་ཤིག་ཏུ་གྱུར་བར་དངུལ་སྒོར་ལ་བརྟེན་ཡོད་པ་མ་ཟད། ཁྲིམས་ལུགས་ལ་བརྟེན་ཡོད་ལ། དྲག་པོའི་ལག་ཆར་ཡང་བརྟེན་ཡོད།
གུང་ཁྲན་ཏང་གི་འདུ་ཤེས་འཛིན་སྟངས་ཏེ་གཙོ་བོ་དྲག་ཧྲག་གི་དྲིལ་བསྒྲགས་སྣ་ཚོགས་ལ་བརྟེན་སྟབས། ཀྲུང་ཡོན་ས་ཆེན་ཧྲིལ་བོ་བྱུང་རབ་ཏུ་མེད་པའི་མུན་ནག་གི་དུས་རབས་ཤིག་གིས་བཀླུབས་འདུག མུན་ནག་གི་དུས་རབས་དེ་འདུ་ཤེས་འཛིན་སྟངས་ཀྱི་མུན་ནག་ཅིག་ཡིན་པའི་མ་ཚད། འཛིན་སྐྱོང་དོ་དམ་གྱི་མུན་ནག་ཅིག་ཀྱང་ཡིན། རྒྱ་ནག་གི་དེ་ལྟ་བུའི་མུན་ནག་གི་ཆབ་སྲིད་དེ། ནད་ཡམས་ལྟ་བུའི་ཆབ་སྲིད་དེ་ཀྲུང་གོ་རུ་ཧ་ཅང་གི་ཕན་ནུས་ཅན་ཞིག་ཡིན་པ་མ་ཟད། གོ་ལ་ཡོངས་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད། དེ་དང་ཆབས་ཅིག་ཚོར་བ་རྣོ་བའི་འགྲོ་བ་མང་པོས་དེ་ཉེན་ཁ་ཞིག་ཏུ་སྣང་ནས་འཇིགས་ཞེད་སྐྱེས།
དེ་སྔ་ཀྲུང་གོའི་ཕྱི་རོལ་དུ་འགྲོ་ཐུབ་ཚེ། ཐ་ན་ཧོང་ཀོང་དང་ཨོ་མིན་ཏུ་སླེབས་ཀྱང་བདེ་འཇགས་ཀྱི་ཡུལ་གྲུ་ཞིག་ཏུ་ཐོན་པའི་ཚོར་བ་ཡོད། འོན་ཀྱང་དེང་སང་འཛམ་གླིང་རྒྱལ་ཁབ་གང་ལ་ཐོན་ཡང་གུང་ཁྲན་ཏང་གི་རྣ་མིག་གིས་ག་ས་གང་དུ་ཉན་ནས་བལྟས་ནས་ཡོད་པས་བདེ་འཇགས་དང་བྲལ་བའི་འཇིགས་སྐྲག་གིས་ཀུན་ནས་བསླད་འདུག
དེ་ལྟ་བུའི་མུན་ནག་འཇིགས་ཞེད་ཀྱི་གནས་སྟབས་ལ་ཐུག་དུས། མི་རྣམས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གུང་ཁྲན་ཏང་གི་སྤྱོད་ངན་དེ་རབ་ཡིན་ན་ཚར་གཅོད་དང་། དེ་མིན་ཡང་འགོག་ཐབས་གནང་རྒྱུར་རེ་སྒུག་ཞུས། བློ་ཕམ་པ་ཞིག་ལ་འདས་པའི་ལོ་ཤས་སུ་མི་ཚོའི་རེ་བ་རེ་སྟོང་དུ་སོང་ཞིང་། མུན་པ་དེའི་མཐའ་མི་མཐོང་བའི་གནས་སྟངས་ཤར། རྒྱུ་མཚན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཁེ་བཟང་གི་རྗེས་སུ་འབྲང་ནས་ཚང་མ་སྒོར་མོའི་རྐང་འོག་ཏུ་འགྱེལ་ཞིང་། ཞི་ཅིན་ཕེང་གི་སྲིད་ལུགས་དང་ཁེ་བཟང་ལ་དགའ་བའི་ཡུལ་གྲུ་མང་པོའི་བྱ་སྤྱོད་ལ་གཞིགས་ན། ཀྲུང་གོའི་མུན་ནག་གི་དུས་རབས་འདི་ཡུན་རིང་དུ་གནས་རྒྱུའི་ལྟོས་ངན་ནི་འདུག་གོ།
ནུབ་ཕྱོགས་དམར། ཉི་མ་ཤར། ཨ་མེ་རི་ཀར་ཁྲོ་འབར་འཁྲུངས། ༼ཤར་ཕྱོགས་དམར། ཉི་མ་ཤར། ཀྲུང་གོར་མའོ་ཙེ་ཏུང་འཁྲུངས། ཞེས་པའི་རིག་གསར་སྐབས་ཀྱི་གཞས་དེ་དང་མཚུངས་པར་སྦྱར། ༽ ཡིན་ན་ཡང་། ཁྲོ་འབར་ནི་མི་དམངས་ཀྱི་མགོན་སྐྱབས་ཡིན་ནམ་ཞེ་ན། སྤྱིར་ན་མགོན་སྐྱབས་ཞེས་པའི་ཐ་སྙད་འདི་མག་མོག་གི་ཐ་སྙན་ཞིག་ཡིན་པས་ངེས་གཏན་གྱི་མཚན་ཉིད་ཅིག་མེད། དེ་བས་ན་ཡིན་མེད་ལ་བརྡར་ཤ་གཅོད་དཀའ་མོད། འོན་ཀྱང་། འདས་པའི་ལོ་གཅིག་ལྷག་རིང་གི་ཁྲོ་འབར་གྱི་བློ་བརྟན་རྟུལ་ཕོད། སྙིང་སྟོབས་སྤོབས་པའི་སྤྱོད་ཚུལ་དེ་མི་རྣམ་པའི་བློ་ཡུལ་ལས་འདས་ཡོད་ན། སྙིང་རུས་དེས། ཆོད་སེམས་དེས་གཅིག་བགྱིས་ན་རྒྱ་ནག་གི་གོམ་ཁ་གཏོར་སྲིད། རྒྱ་ནག་གི་འཆར་ཅན་གོམ་སྟབས་དེ་གཏོར་ཚེ་རྒྱ་ནག་ལ་འགྱུར་བ་གང་མཚམས་ཤིག་ཡོང་ངེས་ཡིན། རྒྱུ་མཚན་འདིའི་ཐད་ནས་བསམ་བློ་བཏང་ན། ཁྲོ་འབར་གྱི་སྟོབས་ཤུགས་ལ་བརྟེན་ནས་གུང་ཁྲན་ཏང་གི་མགོ་རྟིང་སློག་རྒྱུའི་བློ་ཁ་དེར་ནོར་འཛོལ་མེད།
མིག་ལྡན་དག་གིས་གཟིགས་དང་། རྐུན་མ་འགྲོ་བཞིན་འདུག་ཟེར་བ་ནང་བཞིན། བློ་གཟུ་བོར་གནས་པའི་དཔྱོད་ཡངས་ཀྱི་ཚོགས། ལྟོས་དང་། སོམས་དང་། རྒྱ་དམར་གུང་ཁྲན་བདུད་ཀྱི་ཁ་གནོན་དེ་དགྲ་ནོན་ཁྲོ་འབར་ཡིན་པའི་ཚུགས་ཀ་ཞིག་མཐོང་གིན་མི་འདུག་གམ།
ལོ་ཕྱེད་གོང་ཨ་རྒྱ་གཉིས་ཚོང་དམག་གི་གཡུལ་ཁར་ཕྱོགས་དུས། མི་མང་པོས་འཚོང་ཐོ་དང་ཉོ་ཐོ་བཤམས་རྒྱུ་ལས་གཞན་མེད་ལ། ཨ་རིའི་ཚོང་པ་དག་གི་འདོད་པ་གང་ཐབས་དང་སྲིད་འཛིན་ཁྲོ་འབར་གྱི་ངོ་ལེན་ཐབས་སུ་རྒྱ་ནག་གི་ཉོ་ཕོད་གཡུག་ནས་ཨ་རིའི་བཟོད་སྒོ་རྒྱག་གིན་རེད་བསམ་ཡོད། བློ་ཡུལ་ལས་རྦད་དེ་འདས་པ་ཞིག་ལ། ད་ཐེངས་ཀྱི་ཨ་རྒྱའི་ཚོང་དམག་དེ། དེ་སྔའི་ལོ་རྒྱུས་སུ་བྱུང་མྱོང་བའི་འབྲུག་འདྲ་ཞིག་གྲགས་ནས་སྦྲུལ་འདྲ་ཞིག་ཞུ་རྒྱུའི་བཟོ་རྟ་མེད་པ་མ་ཟད། ཁྲོ་འབར་གྱི་འདོད་པ་བགང་དགོས་ན་འཕྲལ་སེལ་གྱི་ཉོ་ཕོད་གཡུག་པ་ཙམ་གྱིས་མི་འདང་བ་གསལ་བོ་རེད།
གནས་སྟངས་ཛ་དྲག་གི་ངོ་བོར་གྱུར་དུས། ཞི་ཅིན་ཕེང་གི་ཚོད་དཔག་ལ་ནོར་འཛོལ་ཐེབས་ཀྱང་རུང་། ཡང་ན་ཞི་ཅིན་ཕེང་གི་མདུན་ན་འདོན་ཚོའི་ཚོད་དཔག་ལ་ནོར་འཛོལ་ཐེབས་ཀྱང་ཆོག གང་ལྟར་ཁོང་ཚོའི་ནོར་འཛོལ་གྱི་ཕྱིས་འབྱུང་དུ་ཀི་ལན་ཀིས་འཇལ་གྱི་སྲིད་ཇུས་དེ་བྱུང་བ་རེད། ཤིན་ཏུ་ནོར་འཛོལ་ཞིག་ནི་ཁྲོ་འབར་གྱི་ཆོད་སེམས་ལ་སྣང་ཆུང་བྱས་པ་དེ་ཡིན། སྒོ་ཁྲལ་སྤར་རྒྱུས་མཚོན་པའི་ཚོང་ལས་སྙོམས་སྒྲིག་ལ་ཐུག་དུས་ཞི་ཅིན་ཕེང་ལ་ཀི་འདང་ངེས་ཤིག་ཡོད་དམ། ཨ་རྒྱའི་ཚོང་ལས་ཕྱི་འཚོང་དང་ནང་འདྲེན་གྱི་བསྡུར་ཚད་ནི་གཅིག་དང་ལྔ་ཡི་བསྡུར་ཚད་ཡིན་པས། དེ་ལྟར་འགྲན་ཚེ་ཞི་ཅིན་ཕེང་ཕམ་ནས་རབ་ཏུ་ཕམ་རྒྱུ་ལས་འགྲོ་ས་མེད་པས། གཡོ་ཐབས་ལ་མཁས་པའི་རྒྱ་ནག་པའི་འཐབ་ཇུས་ལྟར་སྒོར་མོའི་འཛའ་ཐང་གཅོག་འཕར་དང་རྒྱལ་ཁབ་གསུམ་པ་རྒྱུད་ནས་གནོད་འཚེ་བཟོ་ཐབས། དེ་མིན་ཆབ་སྲིད་ཀྱི་ཀུན་སྤྱོད་དང་ཚོང་ལས་ཀྱི་ཀུན་སྤྱོད་སོགས་ལྷམ་རྩྭ་བཞིན་དོར་ནས་ཐབས་གང་གདའ་ཇུས་གང་ཡོད་ཀྱིས་སྒྲུན་ཟླ་ལངས་པའི་བྱ་སྤྱོད་རིགས་ཀྱིས་སྐབས་ཀྱི་གནོན་ཤུགས་གཅོག་ཐབས་ཙམ་ལས་གཏིང་གི་གནད་དོན་སེལ་རྒྱུར་ཕན་ཐོགས་མེད་ལ། ཚང་མས་ཤེས་གསལ་ལྟར་རེད། ཞི་ཅིན་ཕེང་ལ་ལན་འདེབས་བྱེད་ཀྱི་ཀི་མང་པོ་མེད་པ་ས་རིས་ཐང་གསལ་ཡིན།
གནས་སྟངས་ཧ་ཅང་ཛ་དྲག་གི་གནས་སུ་བསྐྱལ་རྗེས། ཞི་ཅིན་ཕེང་གི་ཡིད་ལ་རང་ཁ་རང་གསོ་ཤར་བ་རེད། རྒྱ་ནག་གི་མི་གྲངས་དང་དཔལ་འབྱོར་ནུས་ཤུགས་སོགས་ལ་གཞིགས་ན། རང་ཁ་རང་གསོ་བྱེད་ཐུབ་རྒྱུ་རེད། ཨ་རྒྱའི་ཚོང་དམག་ཁྲོད་རྦད་དེ་ཕམ་པའི་གནས་སྟངས་ཤིག་གཅིག་བགྱིས་ན་བྱུང་མི་སྲིད། ཡིན་ན་ཡང་། དུས་ཡུན་རིང་པོར་ཨ་རི་དང་ཀླན་ཀ་བཙུགས་ན། ཨ་རིའི་དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རིག་ལག་རྩལ་གྱི་དེང་རབས་ཅན། དམག་དོན་ཀྱི་ནུས་ཤུགས་དང་བསྡུར་ཚེ། རྒྱ་ནག་དང་བར་ཐག་ག་འདྲ་ཞིག་ཡོད་པ་སུ་ཡིས་ཤེས། དེ་འདྲ་སོང་ཙང་། རྒྱ་ནག་རྒྱལ་སྤྱི་ཅན་དུ་འགྲོ་རྒྱུའི་གོམ་ཁ་འགོག་ངེས་ཡིན་ལ། རྒྱ་ནག་གི་འཆར་ཅན་འཐབ་ཇུས་དང་ཐབས་ཇུས་ཚང་མའི་སྣ་བྲག་ལ་ཐུག་རྒྱུ་ཐག་གིས་ཆད་ཟིན།
དེ་ལས་ལྷག་པའི་གལ་གནད་ཅན་ཞིག་ནི། གུང་ཁྲན་ཏང་གི་རང་རྟོན་དང་ཡིད་ཆེས་བཀག་པ་དེ་ཡིན། ཞི་ཅིན་ཕེང་ལ་མཚོན་ན་ཡིད་ཆེས་དེ་ནི་ཀྲུང་ཧྭ་སླར་གསོའི་རྨི་ལམ་གསོ་བྱེད་ཀྱི་མེ་དཔུང་ཡིན་པ་མ་ཟད། བསྐལ་བ་སྟོང་ལ་གནས་རྒྱུའི་རྨི་ལམ་ཞིག་ཀྱང་ཡིན་པས། དེ་བཀག་པ་རེད། ཞི་ཅིན་ཕེང་གི་ཕྱག་རོགས་དག་གིས་སྤུར་བ་ནང་བཞིན། ཞི་ཅིན་ཕེང་ནི་ཀྲུང་གོའི་མགོན་སྐྱབས་ཡིན་པའི་མ་ཚད་འཛམ་གླིང་གི་མགོན་སྐྱབས་ཡང་ཡིན་ཚུལ་ལབ། རང་མགོ་རང་གཡོག་གི་ཡིད་ཆེས་དེའི་འོག་ཏུ་རླབས་ཆེན་གྱི་རྨི་ལམ་ཟེར་བ་དེ་འཁྲུངས་ཤིང་། འཇིག་རྟེན་ཞབས་འོག་ཏུ་རྫི་འདོད་ཀྱི་རྨི་ལམ་དེ་མངོན་པར་གྱུར་རྒྱུའི་ཆེད་དུ་ཨ་རི་ལ་ཀླན་ཀ་བཙུགས་པ་རེད། དྲི་བ་ནི། ཞི་ཅིན་ཕེང་ལགས། དེ་འདྲའི་གཞི་རྒྱ་ཆེ་ཞིང་མཐའ་མི་མཐོང་བའི་ཀླན་ཀ་འཛུགས་རྒྱུར། གྲ་སྒྲིག་ཨང་གསར་ཡིན་ནམ། ཚ་ཐབ་མ་དྲོས་གོང་། རྐང་པ་བསྲིངས་པ་སྔ་དྲགས་མེད་དམ།
ཉེ་ལམ་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཕཱ་ཕུ་ཡ་ནེའུ་གྷ་ནེ་རུ་བསྐོངས་པའི་ཨེ་ཞི་ཡ་ཞི་བདེ་རྒྱ་མཚོ་དཔལ་འབྱོར་མཉམ་ལས་ལྷན་ཚོགས་སུ་སྤེལ་བའི་ཞི་ཅིན་ཕེང་གི་གསུང་བཤད་ལས་ཞི་ཅིན་ཕེང་གི་རྒྱ་འགང་མེད་ཧམ་པ་མཐོང་ཐུབ། ཡིན་ན་ཡང་། བློ་ཡུལ་ནས་འདས་པ་ཞིག་ལ། དེ་སྔ་ཨོ་བྷ་མ་མ་ཞུགས་པའི་ཨེ་ཞི་ཡ་ཞི་བདེ་རྒྱ་མཚོ་དཔལ་འབྱོར་མཉམ་ལས་ལྷན་ཚོགས་སུ་ཞི་ཅིན་ཕེང་གིས་རྒྱལ་ཁབ་ཆེན་པོ། རྒྱལ་ཁབ་སྟོབས་ཆེན་ཨེ་ཞི་ཡའི་རྒྱལ་བོ་ལྟ་བུའི་ཉམས་འགྱུར་བསྟན་པ་ནང་བཞིན། ད་ཐེངས་ཁྲོ་འབར་མེད་པའི་ཨེ་ཞི་ཡ་ཞི་བདེ་རྒྱ་མཚོ་དཔལ་འབྱོར་མཉམ་ལས་ལྷན་ཚོགས་ཡང་ཐེངས་ཤིག་ལ་རྩེད་འདོད་ཀྱི་ཧམ་པའི་མེས་དཔུང་དེ་ཕེན་སི་ཡིས་དྲག་ཆར་ལྟར་བབས་པའི་མདོང་རྩེ་ཁ་སྤྲོད་ཀྱི་སྨྲ་བརྗོད་ཀྱིས་བཅོམ་པ་རེད། ཞི་ཅིན་ཕེང་གིས་གཙོས་པའི་ཨེ་ཞི་ཡ་ཞི་བདེ་རྒྱ་མཚོ་དཔལ་འབྱོར་མཉམ་ལས་ལྷན་ཚོགས་དེ་ལོ་རྒྱུས་སུ་སྤྱི་བསྒྲགས་མེད་པའི་ལྷན་ཚོགས་ཐོག་མ་དེ་ཆགས་ཤིང་། ཕེན་སིའི་དམར་ཡག་སྟག་གི་ང་རོས་ཞི་ཅིན་ཕེང་རྨི་ལམ་སྣ་ཚོགས་ཀྱི་འཕྲུལ་སྣང་ལས་བསླངས།
གཅིག་བགྱིས་ན་ཨ་རི་ཕྱིར་ཨེ་ཞི་ཡར་ལོག་པའི་དུས་ལ་སླེབས་སོང་། ཁྲོ་འབར་གྱི་ཁྲི་འདོན་བྱས་པའི་ཉིན་དང་པོརTPP ཞེས་པའི་ཨེ་ཞི་ཡའི་མཐུན་ཚོགས་ནས་བུད་རྗེས། ཨེ་ཞི་ཡའི་རྒྱལ་ཁབ་མང་པོ་ཞིག་སྨུག་ལོང་ནང་གི་ཕོ་རོག་གི་ཕྲུ་གུ་བཞིན་མགོན་མེད་སྐྱབས་མེད་དུ་ལུས་ནས་རྒྱ་ནག་གི་བརྙས་བཅས་འོག་ཅི་བྱ་གཏོལ་མེད་དུ་གྱུར་བའི་སྐབས་འདིར། ཨ་རི་དྲག་ཧྲག་གི་རྣམ་པས་ཕྱིར་ཨེ་ཞི་ཡར་ལོག་པའི་གཏམ་བཟང་དེ་དཔྱིད་མ་མོའི་རྣ་ཡི་ཁུ་བྱུག་དེ་ཡིན་དང་ཡིན། ཨེ་ཞི་ཡའི་རྒྱལ་ཁབ་མང་པོ་ཞིག་གི་སེམས་ཁུངས་རུས་པའི་གཏིང་ན་གསལ་གྱི་ལེར་ཡོད་པ་ནི། རྒྱ་ནག་ལ་ཁ་གཏད་ལྕོགས་ཐུབ་མཁན་ཁོ་ན་དེ་ཨ་རི་ལས་གཞན་མེད་པས་སོ།།
ཨ་རི་ཕྱིརཨེ་ཞི་ཡར་ལོག་ན་ནུས་ཤུགས་ག་འདྲ་ཞིག་འདོན་ཐུབ་མིན་དེ་ད་ལྟ་བཤད་ན་སྔ་དྲགས་པའི་ཞན་སྐྱོན་ཡོད་ན་ཁ་མི་སྔ་རིམ་པས་བལྟ་ཆོག
གང་ལྟར་ཁྲོ་འབར་ཨེ་ཞི་ཡ་ཞི་བདེ་རྒྱ་མཚོ་དཔལ་འབྱོར་མཉམ་ལས་ལྷན་ཚོགས་སུ་སྐུ་དངོས་སུ་མ་ཕེབས་པར། སྐུ་ཚབ་ཏུ་སྲིད་འཛིན་གཞོན་པ་ཆེད་དུ་མངག་པ་དེ་དགོས་དབང་ངེས་ཅན་ཞིག་ཡོད་པར་སྙམ། ཨ་རིའི་ཐུགས་རྗེ་ལེགས་འབུལ་གྱི་ཉིན་མོ་སྤེལ་བའི་གཏམ་བཤད་སྐབས། ཁྲོ་འབར་གྱིས་རིང་མིན་འཚོགས་རྒྱུའི G༢༠སྐབས་ཞི་ཅིན་ཕེང་དང་མཇལ་མོལ་བྱེད་རྒྱུར་ངས་རེ་སྒུག་བྱས་ཡོད་ཅེས་གསུངས་ཡོད་པར་གཞིགས་ན། སྲིད་འཛིན་དང་སྲིད་འཛིན་གཞོན་པས་ངོ་ནག་དང་ངོ་ཁྲ་འཁྲབ་ཀྱིན་ཡོད་པའི་ཚོར་བ་ཞིག་ངང་གིས་སྐྱེ་རུ་འཇུག་པ་དང་། གལ་ཏེ་དེ་འདྲ་ཡིན་དུས། རྒྱ་ནག་པའི་རིག་གཞུང་བཀོལ་ནས་རྒྱ་ནག་པར་ཁ་གཏད་ལྕོགས་ཀྱིན་ཡོད་པས། དུག་གིས་དུག་སེལ་གྱི་ཐབས་ཇུས་བཀོལ་སྟངས་ལས་ཁྲོ་འབར་གྱིས་རྒྱ་ནག་ལ་རྒྱུས་ལོན་ལེགས་པོ་བྱས་ཡོད་པ་མཚོན་ཡོད།
འགྲོ་བའི་འཕེལ་ཕྱོགས་ཀྱི་དབང་གིས་གོ་ལ་མི་རེ་རེའི་ལག་མཐུལ་ན་ཡོད་པའི་དེ་རིང་། གོ་ལའི་གྲོང་ཚོ་ཞེས་གཅིག་ལ་གཅིག་རྟེན། ངའི་ཁྲོད་ཁྱོད་ཡོད་ཅིང་། ཁྱོད་ཀྱི་ཁྲོད་ན་ང་ཡོད་པའི་གནས་སྟངས་འོག ཨ་རྒྱ་གཉིས་ཚ་དམག་གི་གཡུལ་ལ་ཞུགས་མི་སྲིད་པའི་མ་ཚད། གྲང་དམག་གི་གཡུལ་ལའང་ཞུགས་མིན་ད་དུང་ཐེ་ཚོམ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་སུ་ཨ་རྒྱའི་ཚོང་ལས་དང་དཔལ་འབྱོར། དམག་དོན་སོགས་འཕྲེད་གཞུང་སྣོལ་མར་གནས་ཡོད་པས། ཁྱོད་དང་ང་ཞེས་པའི་འཐབ་ར་གསལ་བོ་ཞིག་འབྱེད་ཐབས་མེད། གལ་སྲིད་རྒྱ་ནག་གིས་ཨ་རིས་ངོས་ལེན་ཐུབ་པའི་གཟུར་བཤོལ་ཞིག་བྱས་ན་མ་གཏོགས། སྒྲུན་ཟླ་དེ་དུས་ཡུན་ཧ་ཅང་རིང་པོ་ཞིག་ཡིན་ངེས། ཡིན་ན་ཡང་། སྒྲུན་ཟླ་དེ་དམག་འཁྲུག་གི་ཚད་དུ་སླེབས་མི་སྲིད་ལ། གལ་སྲིད་དེ་འདྲའི་ཚད་ལ་སླེབས་དུས་དོན་གྱིས་ཐལ་དྲགས་པའི་དུས་རབས་ཤིག་བྱུང་བ་རེད། དེ་དུས་མང་པོ་ཞིག་རང་བཞིན་ངང་ཐག་གིས་ཆོད་འགྲོ།
ཨ་རིའི་སྟོབས་ཤུགས་ཀྱི་ཆ་ནས་བཤད་ན། ཨ་རི་ད་དུང་ཡང་གོ་ལ་སྔོན་པོ་འདིའི་སྟེང་གི་རྒྱལ་ཁབ ༢༠༠ ལྷག་གི་ཁྲོད་བླ་ན་མེད་པའི་སྟོབས་ཆེན་རྒྱལ་ཁབ་དེ་ཡིན། ཡིན་ན་ཡང་། ད་ལྟ་ཨ་རིར་འཕྲད་ཀྱིན་པའི་སྒྲུན་ཟླ་དེ་དེ་སྔ་བྱུང་མ་མྱོང་བ་ཞིག་ཡིན་ལ། དེ་ནི་རྒྱ་ནག་པོ་ཡིན། ཨ་རིའི་གདོང་རྩེ་ཐུག་སའི་རྒྱ་ནག་གུང་ཁྲན་ཏང་ནི་ཆོས་ལུགས་དང་འདུ་ཤེས། རྒྱལ་ཁབ་དང་མི་རིགས་བཅས་ཀྱི་རིན་ཐང་གི་མ་མཐའི་ཚད་ཐིག་མེད་པའི་སྲིད་དབང་ཞིག་ཡིན་པས། འགྲན་རྩོད་དེའི་རྒྱལ་ཕམ་དབྱེ་རྒྱུ་དཀའ་མོ་ཡིན། གཅིག་བགྱིས་ན་རྒྱ་ནག་གིས་བློ་ཡུལ་ལས་འདས་པའི་གཟུར་བཤོལ་ཞིག་བྱས་ནས་ཨ་རྒྱའི་ཚོང་དམག་མཇུག་བསྒྲིལ་སྲིད། གང་ལྟར་ཨ་རྒྱའི་དེ་སྔའི་ལོ་རྒྱུས་དང་། དེ་རིང་གི་ཚོང་དམག་གང་ལ་བལྟས་ཀྱང་། ཨ་རྒྱའི་འབྲེལ་བ་དེ་ག་དུས་ཡིན་ཡང་འགྲིག་འགྲིག་འགལ་འགལ། བཟང་བཟང་ངན་ངན་གྱི་འབྲེལ་བ་ཞིག་ཡིན་པས། འབྱུང་འགྱུར་གྱི་འགྲན་རྩོད་དེ་ཡང་དུས་ཡུན་རིང་བའི་ཀྱག་ཀྱོག་གི་ལམ་བུ་ཞིག་ཡིན་ངེས།