ཞི་ཅིན་ཕེང་གི་འཁྲུལ་སྣང་ཁྲོ་འབར་གྱི་ཆོད་སེམས་ལ་ཐུག་དུས།

——ཨ་རྒྱའི་ཉོ་འཚོང་གྲོས་མོལ་གྱི་བར་ཆད་གླེང་བ། 

Screen Shot 2019-05-11 at 10.29.57 AM
ཨ་རྒྱའི་ཉོ་འཚོང་གྲོས་མོལ་བྱེད་བཞིན་པ། པར་གཞན་ནས་བཤུས། 

ཨ་རྒྱའི་ཚོང་དམག་ལངས་ནས་ཟླ ༡༠ ཕྱིན་པ་དང་། དེའི་རིང་ཨ་རྒྱའི་ཉོ་འཚོང་གྲོས་མོ་ཐེངས ༡༡ ལ་བྱས་པ་རེད། གྲོལ་མོལ་ལ་གྲུབ་འབྲས་གསལ་བོ་ཞིག་མེད་པའི་མ་ཚད། རྒྱ་ནག་གིས་གྲོས་མོལ་ཐེངས ༡༠ པའི་སྐབས་གློ་བུར་དུ་དེ་སྔ་ཁས་བླངས་པ་མཐའ་དག་རྩིས་མེད་དུ་བཏང་ནས་ཡང་བསྐྱར་འགོ་ནས་གྲོས་མོལ་བྱེད་དགོས་པའི་དགོས་འདུན་བཏོན་སྟབས། ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱིས་དེ་མཚུངས་ཀྱི་ཨ་ལན་སློག་ནས་རྒྱ་ནག་ནས་ནང་འདྲེན་ཨ་སྒོར་ཁྲག་ཁྲི་གཉིས༼༢༠༠༠༠༠༠༠༠༠༠༠༽ཀྱི་རིན་གོང་གི་དངོས་ཟོག་ལ་ཟླ ༥ པའི་ཚེས ༡༠ རེས་གཟའ་པ་སངས་ནས་བཟུང་སྒོ་ཁྲལ་དེ་སྔའི༡༠% ནས ༢༥%ར་སྤར་བ་རེད།

ཅིའི་ཕྱིར་རྒྱ་ནག་གིས་ཁ་དན་ཚིག་ལ་མ་གནས་པར་ཁས་མདའ་འདྲ་ཞིག་བླངས་ཐེབས་གཞུ་འདྲ་ཞིག་བཅག་པ་རེད་དམ་ཞེ་ན། མདོར་དེད་ན་ཞི་ཅིན་ཕེང་གི་འཁྲུལ་སྣང་ཞིག་གི་ཁར་ནང་ཁུལ་གྱི་ཆབ་སྲིད་གནོན་ཤུགས་བསྣན་པ་ལས་བྱུང་བ་ཤར་སྟག་རེད།

ཨ་རིའི་སྨྱན་བྱེད་ཁག་གི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་གཞུང་གིས་འདས་པའི་ཟླ་བཅུའི་རིང་གྲོས་མོལ་བྱས་ནས་ཕྱོགས་གཉིས་ཀས་ཁས་བླངས་ནས་གཏན་ལ་ཕབ་པའི་ཤོག་ངོས ༡༥༠ ལྷག་ཡོད་པའི་གྲོས་མཐུན་ཟིན་བྲིས་ཕལ་མོ་ཆེར་བཟོ་བཅོས་རྒྱག་འདོད་ཡོད་པ་དང་། དེ་དག་ནི་ཤེས་ཡོན་སྒེར་བདག་གི་ཐོབ་ཐང་རྐུ་ལེན། བཙན་དབང་གིས་ལག་རྩལ་ལེན་པ། ཁྲོམ་རར་ཞུགས་ཆོག སྒོར་མོའི་འཛའ་ཐང་ཚོད་འཛིན་སོགས་དོན་ཚན་བདུན་འདུས་པའི་ཨ་རིའི་དགོས་འདུན་གཙོ་བོ་རིགས་ཡོད་ཚད་ཐེ་ཡོད་པ་རེད།

དེ་ལས་ཤེས་ཐུབ་པ་ཞིག་ནི་རྒྱ་ནག་གཞུང་གིས་ཁྲིམས་ལུགས་ལ་བཟོ་བཅོས་བརྒྱབ་ནས་ཨ་རིའི་འདོད་པ་སྐོང་འདོད་མེད་པ་མཚོན་ཡོད།

མི་ཚང་མས་གྲུབ་ལ་ཉེ་བར་འདོད་པའི་ཉོ་འཚོང་གྲོས་མོལ་ལ་ཅིའི་ཕྱིར་གློ་བུར་དུ་གནམ་ས་ལྟ་བུའི་འགྱུར་ལྡོག་བྱུང་བ་ཡིན་ནམ། གནད་དོན་དབྱེ་ཞིབ་པས་རྒྱུ་མཚན་སྣ་ཚོགས་ཤིག་ཡོད་ཆོག་མོད། གཙོ་བོ་ཞིག་ནི་ཁྲོ་འབར་གྱི་ཆོད་སེམས་དང་ཨ་རིའི་གནས་སྟངས་ལ་གོ་ནོར་ཐེབས་ནས་ཞི་ཅིན་ཕེང་ལ་འཁྲུལ་སྣང་སྐྱེས་པ་རེད་ཟེར། 

རྒྱ་ནག་གི་ཚོར་སྣང་དུ། དགྲ་ནོན་ཁྲོ་འབར་ལ་མཚོན་ན་ཡག་བཙོག་ལ་མ་ལྟོས་པའི་གྲོས་ཆོད་ཅིག་ཤིན་ཏུ་མཁོ་ཆེ་ན། འགྱུར་བ་ག་འདྲ་ཞིག་བཏང་ཡང་ངོས་ལེན་བྱ་སྲིད་པར་འདོད། དོན་དངོས་སུ་དེ་འདྲ་ཞིག་གཏན་ནས་མིན་པ་ར་འཕྲོད་ཡོད། དེ་མིན། རྒྱ་ནག་གིས་ཨ་རི་ནང་ཁུལ་གྱི་གནས་སྟངས་ལ་གོ་ནོར་ཐེབས་ཡོད། དམངས་གཙོ་ཚོགས་པ་ནང་ཁུལ་དུ་འགལ་ཟླ་ཅུང་ཞིག་ཡོད་ཀྱང་། གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་གཉིས་ཀར་ཐུན་མོང་གི་ལྟ་ཚུལ་ཞིག་ཡོད་པ་ནི་ཧ་ཅང་དྲག་ཧྲག་གི་སྒོ་ནས་རྒྱ་ནག་ལ་ཚོང་དམག་རྒྱག་རྒྱུར་མ་གྲོས་སེངས་པ་གཅིག་མཐུན་ཡིན། 

དེ་མིན་ད་དུང་། ཟླ་སྔོན་མར་སྲིད་འཛིན་ཁྲོ་འབར་གྱིས་དབུས་དངུལ་ཁང་གིས་སྐྱེད་ཀ ༡% མར་བཅགས་ནས་དཔལ་འབྱོར་ལ་རམ་འདེགས་བྱེད་དགོས་པའི་རེ་འདུན་བཏོན་པ་རེད། རྒྱ་ནག་གིས་དེ་ནི་ཨ་རིའི་དཔལ་འབྱོར་ཡག་པོ་མེད་པའི་མཚོན་རྟགས་ཤིག་ལ་ངོས་འཛིན་བྱས་ནས། གལ་ཏེ་རྒྱ་ནག་ཕྱི་ནུར་ཞིག་བྱས་ཀྱང་ཨ་རིས་ཁེ་བཟང་མཐོང་ན་བཟོད་པ་སྒོམ་ངེས་ཡིན་བསམ་པའི་ནོར་འཛོལ་ཐེབས་པ་རེད།

དེ་མིན་པའི་གལ་ཆེ་ཤོས་ཤིག་ལ། བདུན་ཕྲག་གཉིས་ཀྱི་གོང་རྒྱ་ནག་པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་ཆེས་མཐོའི་གླེང་སྟེགས་ཐེངས་གཉིས་པ་འཚོགས་པ་རེད། གླེང་སྟེགས་སྐབས་ཨུ་རུ་སུའི་སྲིད་འཛིན་དང་ཨེ་ཊ་ལེའི་སྲིད་བློན་ཐེ་བའི་རྒྱལ་ཁབ ༤༠ ལྷག་གི་དབུ་ཁྲིད་མཉམ་ཞུགས་གནང་ཡོད་པ་མ་ཟད། གླེང་སྟེགས་ཀྱི་སྔ་གཞུག་ཏུ་རྒྱ་ནག་གཞུང་གིས་གྲོས་དོན་ཞུ་ཁྲ་དང་མཉམ་ལས་རྐང་འཛུགས་སོགས་ཡིག་ཆ་བཅུ་གྲངས་ཤིག་ལ་རྟགས་བཙུགས་ནས་གྲོས་ཆོད་བཞག་ཡོད། གླེང་སྟེགས་དེ་བདེ་བླག་ངང་ཚོགས་ཐུབ་པ་དེས་རྒྱ་ནག་གི་དབུ་ཁྲིད་ཚོར་གོ་ལ་ཧྲིལ་བོའི་ཉོ་འཚོང་དང་རང་ཉིད་ཀྱི་སྟོབས་ཤུགས་ལ་ཡིད་རྟོན་སླེབས་ནས། ཨ་རི་དང་མཉམ་དུ་ཉེན་ཁ་ཆེ་བའི་རྩེད་མོ་རྩེད་རྒྱུའི་སྙིང་སྟོབས་སྐྱེས་པ་རེད།

པེ་ཅིང་གི་ཚོད་དཔག་ལ་ད་དུང་ནོར་འཛོལ་ཞིག་ཡོད་པ་ནི། ཟླ་ཤོས་ནང་སྲིད་འཛིན་དགྲ་ནོན་ཁྲོ་འབར་ལ་ཨ་རི་ནང་ཁུལ་ནས་ཆབ་སྲིད་གནོན་ཤུགས་རབ་དང་རིམ་པ་ཞིག་བྱུང་བ་དང་། དཔེར་ན་མཐའ་མཚམས་རྩིག་གྱང་དང་ཨུ་སུ་རུ་འབྲེལ་བ་ཡོད་མེད་ལ་བརྟག་དཔྱད་སོགས། ཁྲོ་འབར་མཆོག་མཚམས་ཤིག་ལ་མགོ་ཞགས་ཞགས་དང་གདོང་རལ་རལ་གྱི་གནས་སུ་ལྷུང་། དེ་མིན་ལོ་རྗེས་མའི་སྲིད་འཛིན་འོས་བསྡུ་ཆེན་མོའང་ཐོན་ལ་ཉེ་བས། རྒྱ་ནག་པེ་ཅིང་གཞུང་ལ་སྐབས་འཚོལ་གྱི་བློ་ངན་སྐྱེས་ནས། གཅིག་བགྱིས་ན་ཁྲོ་འབར་གྱི་དུས་ཡུན་མི་རིང་པར་འདོད་ཡོད།

མདོར་ན། རྒྱ་ནག་ལ་དཔལ་འབྱོར་དང་ཆབ་སྲིད། མི་སྒེར་བཅས་ཕྱོགས་གསུམ་ནས་ནོར་འཛོལ་ཐེབས་པ་རེད།

ཡིན་ན་ཡང་། པེ་ཅིང་གི་ནོར་འཛོལ་ཆེན་པོ་ཞིག་ནི། ཨ་རི་ད་དུང་ཡང་ཨ་རི་ཡིན་པ་མ་ཟད། ལོ་ཤས་གོང་གི་ཨ་རི་ལས་ཀྱང་ཡག་པའི་ཨ་རི་ཞིག་ཡིན་པ་དེ་མཐོང་བ་རེད།

ཟླ ༥ པའི་ཚེས ༡༠ རེས་གཟའ་པ་སངས་ནས་ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱི་བཀའ་བཀོད་ལྟར། རྒྱ་ནག་ནས་ནང་འདྲེན་ཨ་སྒོར་ཁྲག་ཁྲི་གཉིས༼༢༠༠༠༠༠༠༠༠༠༠༠༽ཀྱི་རིན་གོང་གི་དངོས་ཟོག་གི་སྒོ་ཁྲལ་དེ་སྔའི ༡༠%ནས ༢༥%ར་སྤར་བ་རེད།

རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པས་ཚེས ༡༠འི་འཆར་ཅན་གསར་འགོད་གསལ་བསྒྲགས་སྐབས། བདེ་ཐང་དང་བརྟན་བརླིང་གི་ཨ་རྒྱའི་འབྲེལ་བ་ཞིག་རྒྱལ་ཁབ་གཉི་གའི་ཁེ་ཕན་དང་མཐུན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་འདུན་ཡང་དེ་ཡིན། ཨ་རི་མཉམ་འགྲོ་མཉམ་གནས་བྱེད་རྒྱུའི་རེ་བ་ཡོད་ཅེས་པ་དང་ཆབས་ཅིག ཨ་རིས་སྒོ་ཁྲལ་སྤར་བར་ཡ་ལན་སློག་མིན་ཐད་ཚོང་ལས་ལྷན་ཁང་གི་ཅི་ཟེར་ལ་ཉོན་ཞེས་ལམ་སྟོན་གནང་འདུག

དེ་བཞིན་རྒྱ་ནག་ཚོང་ལས་ལྷན་ཁང་གི་མགྲིན་ཚབ་པས་རེས་གཟའ་པ་སངས་ཉིན། ཨ་རིའི་བྱ་སྤྱོད་ལ་བློ་ཕམ་བྱུང་། ང་ཚོས་ཡ་ལན་མ་སློག་རང་སློག་ཡིན་ཞེས་བཤད་པ་ལས། ཞི་ཕྲའི་གནས་ཚུལ་འགྲེལ་བརྗོད་བྱས་མི་འདུག

ཡིན་ན་ཡང་ཨ་རིས་སྒོ་ཁྲལ་སྤར་བའི་ཐད། རྒྱ་ནག་པེ་ཅིང་གི་མགྲིན་ལྕེ་ཞིན་ཧྭ་གསར་ལས་ཁང་གིས་ཁ་བྱང་ལ༼གྲོས་མོལ་བྱེད་འདོད་ཡོད་ན་གྲོས་མོལ་བྱེད། རྒྱག་འདོད་ཡོད་ན་རྒྱག་ཡ༽ཞེས་བཀོད་པའི་ཆེད་བརྗོད་རྩོམ་ཡིག་ཅིག་སྤེལ་ནས། རྒྱ་ནག་ལ་ཡ་ལན་སློག་རྒྱུའི་གྲབས་སྒྲིག་ཨང་གསར་ཡོད་ཅེས་དང་། དེ་མིན་ཡང་རྒྱ་ནག་གི་མགྲིན་ལྕེ༼གོ་ལའི་དུས་བབ༽ཟེར་བས་ཁ་བྱང་ལ༼ ཨ་རིས “ཥོང་མེན་གསོལ་སྟོན” བཤམས་ཀྱང་། རྒྱ་ནག་འཇིགས་མི་སྲིད༽ཅེས་བཀོད་པའི་རྩོམ་ཡིག་སྤེལ་ནས། གྲོས་མོལ་དང་སྒོ་ཁྲལ་སྤར་རྒྱུ་གཉིས་མཉམ་གཅིག་ཏུ་སྤེལ་བ་ལས། བཤད་ཞོར་རྒྱག་ཞོར། རྒྱག་ཞོར་བཤད་ཤོར་གྱི་གནས་སྟངས་ཤར་བ་རེད། ཨ་རིས་རྔ་ག་འདྲ་རྡུང་ན་རྒྱ་ནག་གི་སྐུ་ཚབ་ཚོར་དེ་ལྟར་འཁྱམ་རྒྱག་རྒྱུའི་སྟབས་བསྟུན་གྱི་ནུས་པ་ཡོད་ཅེས་སོགས་བཀོད་ཡོད་པ་རེད།

ཡིན་ན་ཡང་། ད་རེས་རྒྱ་ནག་གི་གཞུང་འབྲེལ་སྨྱན་བྱེད་ཚང་མས་མང་པོ་མི་བཤད། དྲག་པོ་མི་བཤད་པའི་རྟུལ་ཞུགས་ཤིག་བཟུང་འདུག དེ་འདྲ་ཆགས་དགོས་དོན་ནི། རྒྱ་ནག་ལ་བཤད་རྒྱུའི་ཁ་མེད་པ་རེད། གནས་ལུགས་ཤོར་བས་རེད།

ཅིའི་ཕྱིར་ཞེ་ན། ༢༠༡༩ ལོའི་མགོར། དགྲ་ནོན་ཁྲོ་འབར་དང་ཞི་ཅིན་ཕེང་ཐུག་དུས། ཞི་ཅིན་ཕེང་གིས་ཉིན ༩༠ ལ་སྒོ་ཁྲལ་སྤར་རྒྱུ་ཕྱིར་འགྱངས་བྱོས་དང་ལངས་ཕྱོགས་དང་སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུ་ཁས་བླངས་པ་རེད། དེ་ནས་ཡང་ཚོགས་ཆེན་གཉིས་ཀྱི་རྗེས་མ་གཏོགས་དཀའ་རབས་བཤད་ནས། ཡང་ཟླ་གཉིས་ལ་ཕྱིར་འགྱངས་བྱས་པ་རེད། བསམ་ཡུལ་ལས་འདས་པ་ཞིག་ལ། ཞི་ཅིན་ཕེང་གི་ཞུ་བ་འཐེན་བ་ལྟར་ཟླ་ལྔ་ལ་ཕྱིར་འགྱངས་བྱས་རྗེས། ཁ་བཤད་དོན་ལ་མི་གནས་པའི་བྱ་སྤྱོད་དེ་སྤེལ་ཡོང་དུས། ཁྲོ་འབར་གྱིས་ངར་ཐེངས་གཅིག་གིས་གྲོས་མོལ་བྱེད་ཀྱིན་པར་མ་ལྟོས་པར་སྒོ་ཁྲལ་སྤར་དུས། བཤད་འདོད་པའི་ཁ་མེད་པས་དགུན་ཁའི་ཁུ་བྱུག་གི་བརྟུལ་ཞུགས་མི་འཛིན་རང་འཛིན་ཆགས་པ་རེད།

དེ་མིན་ད་དུང་། ཞི་ཅིན་ཕེང་གིས “མཇུག་འབྲས་ཡོད་ཚད་ངས་འཁུར”ཞེས་ཁུ་ཚུར་གྱིས་བྲང་ཁ་རྡུང་ཞོར་ངར་སྐད་བརྒྱབས་རབས་གོ་ཐོས་བྱུང་། དེ་འདྲ་ཡིན་དུས་ལྷག་པར་དུའོ།།

ཨ་རིས་རྒྱ་ནག་ནས་ནང་འདྲེན་དངོས་ཟོག་ཁག་ཅིག་གི་སྒོ་ཁྲལ ༢༥ སྤར་ནས་ཆུ་ཚོད་བདུན་གྱི་རྗེས་སུ། ཨ་རིས་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱིས་ཊི་ཝེ་ཊི་འཕྲིན་ཐུང་གཉིས་བསྟུད་མར་བཏང་ནས། ཨ་རྒྱ་གཉི་གས་མཛའ་བརྩེའི་ངང་ནས་གྲོས་མོལ་བྱེད་མུས་སུ་ཡོད། ཡིན་ན་ཡང་། སྒོ་ཁྲལ་སྤར་བ་དེས་ཨ་རི་ལ་གྲོས་ཆོད་བཞག་པ་ལས་ཀྱང་ཆེ་བའི་རྒྱུ་ནོར་སྐྲུན་བཞིན་ཡོད་ན།  དུས་ཡུན་ཐུང་ངུའི་ནང་གྲོས་མོལ་འཇོག་དགོས་པའི་དགོས་པ་ཨ་རི་ལ་གཏན་ནས་མེད། སྒོ་ཁྲལ་གྱི་ང་ཚོའི་རྒྱལ་ཁབ་ཇེ་སྟོབས་ཇེ་རྒྱས་སུ་གཏོང་རྒྱུ་ལས་ཉམས་དམས་སུ་གཏོང་གིན་མེད། སེམས་བདེ་མོ་བྱས་ནས་གཟིགས་རོགས། ཞེས་དང་།

ཡང་ཁྲོ་འབར་མཆོག་གིས། གྲུབ་ལ་ཉེ་བའི་སྐབས་སུ་རྒྱ་ནག་གིས་ཕྱི་ནུར་བྱེད་ག་ལ་རུང་། འདི་ཨོ་བྷ་མའི་གཞུང་མ་རེད། ཅེས་བཀོད་ཡོད་པ་རེད།

ཧོང་ཀོང་གི༼ལྷོ་རྒྱ་ནག་ཞོགས་པའི་ཚགས་པར༽གྱིས་མིང་བཤད་འདོད་མེད་པའི་རྒྱ་ནག་གཞུང་གི་བློ་འདོན་པ་མཐོ་གྲས་ཤིག་གི་སྐད་ཆ་ལུང་དྲངས་པ་ལྟར་ན། ཨ་རིའི་དགོས་འདུན་མང་པོ་ཁྲོད་ཀྱི་གཅིག་ནི། རྒྱལ་གཉེར་ཁེ་ལས་ཁང་གི་རྒྱལ་ཁབ་ཀྱི་མཐུན་སྦྱོར་མེད་པར་གཏོང་རྒྱུ་དེ་རེད། རྒྱ་ནག་གཞུང་ལ་མཚོན་ན་དེ་ནི་རང་སྲོག་བཅད་པ་ཀུན་ནས་མཚུངས་ན། སྒོ་ཁྲལ་ག་ཚོད་ཅིག་སྤར་ཡང་། སྒྲིག་གཞི་ལ་འགྱུར་བ་གཏོང་མི་སྲིད། ཞེས་བཤད་འདུག

ཨ་རྒྱའི་ཉོ་འཚོང་གྲོས་མོལ་དེ་ཚེས ༡༠འི་ཉིན་རྒྱ་ནག་གི་ཁ་དན་ཚིག་ལ་མ་གནས་པའི་རང་གཤིས་ངན་པ་དང་། ཨ་རིའི་སྒོ་ཁྲལ་སྤར་བའི་བློ་ཐག་རྦད་ཆོད་ཀྱི་ཆོད་སེམས་དང་མཉམ་དུ་མཇུག་བསྒྲིལ་ཡོད་པ་དང་། མི་རྣམ་པའི་བསམ་དོན་ལྟར་གྲོས་ཆོད་ཞོག་མེད་མོད། མུ་མཐུད་ནས་གྲོས་མོལ་བྱེད་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་འདུག ཡིན་ན་ཡང་ཚེས་དུས་སོགས་གཏན་འཁེལ་བྱས་མེད་པ་རེད།

ཉོ་འཚོང་གྲོས་མོལ་གྲོལ་བ་དང་མཉམ་དུ་ཨ་རིའི་གྲོས་མོལ་སྐུ་ཚབ་སྐུ་ཞབས་ལེ་ཊི་ཟིར་ལགས་ཀྱིས་རྒྱ་ནག་ནས་ནང་འདྲེན་ཨ་སྒོར་ཁྲག་ཁྲིག་གསུམ་དང་ཐེར་འབུམ་ཆེ་མོ་གཉིས་ལྷག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཕྱོགས་ཐད་ཞིབ་འཇུག་བྱེད་མུས་སུ་ཡོད་ལུགས་གསལ་བསྒྲགས་བྱས་ཡོད། ད་བར་དུ་ཨ་རིས་རྒྱ་ནག་ནས་ནང་འདྲེན་ཨ་སྒོར་ཁྲག་ཁྲིག་གཉིས་དང་ཐེར་འབུམ་ཆེ་མོ་ལྔ་ཡི་དངོས་ཟོག་གི་སྒོ་ཁྲལ ༢༥%ར་སྤར་ཟིན་པ་རེད།

དེ་བཞིན་དུ་རྒྱ་ནག་གི་གྲོས་མོལ་སྐུ་ཚབ་སྲིད་བློན་གཞོན་པ་ལིའུ་ཥིག་གིས་ཚེས༡༠འི་ཉིན། རྩ་དོན་བློས་གཏོང་མི་སྲིད་ཅེས་དང་། དེ་མིན་རྒྱ་ནག་གཞུང་གི་མགྲིན་ལྕེ༼མི་དམས་ཉིན་རེའི་ཚགས་པར༽གྱིས་རྒྱ་ནག་གི་གློད་མི་རུང་བའི་རྩ་དོན་གསུམ་ནི། སྒོ་ཁྲལ་མེད་པ་བཟོ་དགོས་པ། ཉོ་འཚོང་དོ་མཉམ། རྒྱལ་ཁབ་ཀྱི་བདག་དབང་དང་ཆེ་མཐོང་ལ་མི་གནོན་པ། ཡིན་ཚུལ་བཀོད་འདུག

དེ་དག་ནི་ཝ་ཞིན་ཊོན་དང་པེ་ཅིང་གི་ཚོང་དམག་མུ་མཐུད་ཛ་ཇེ་དྲག་ཏུ་འགྲོ་བཞིན་པའི་མཚོན་རྟགས་ཤིག་ཡིན།

རྒྱ་ནག་གིས་འདས་པའི་ཟླ ༡༠ རིང་གི་གྲོས་མོལ་གྲུབ་འབྲས་རྩིས་མེད་དུ་གཏོང་འདོད་ཀྱི་རྣམ་འགྱུར་བསྟན་མ་ཐག སྲིད་འཛིན་ཁྲོ་འབར་གྱིས་ཆོད་སེམས་བརྟན་པོས། བློ་ཐག་རྦད་ཆོད་ཀྱིས། སྔ་འདང་ཕྱི་འདང་མེད་པར་ལམ་སང་སྒོ་ཁྲལ་སྤར་ནས་ཡ་ལན་སློག་པར་སྤྱིར་ན་ཨ་རི་མི་དམངས་དང་། སྒོས་སུ་ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་གཉི་གས་ཁ་གཅིག་གྲག་གིས་སྐྱོབ་སྐྱོར་མཐའ་གཅིག་ཏུ་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཨ་རྒྱའི་ཉོ་འཚོང་གྲོས་མོལ་ཐད་བཟུང་བའི་རྣམ་འགྱུར་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི། རྒྱ་ནག་གི་ནར་འགྱངས་ཀྱི་སྲིད་ཇུས་འགྱུར་མེད་ལ། དེ་བཞིན་དུ་ཨ་རིས་ལམ་སང་སྒོ་ཁྲལ་སྤར་བ་ལས། ཁྲོ་འབར་གྱི་ཉོ་འཚོང་སྙོམས་སྒྲིག་གི་ཆོད་སེམས་ཀྱང་འགྱུར་མེད་པ་ཤེས་ཐུབ། མི་འགྱུར་བ་གཉིས་དྲག་ཏུ་འཕྲད་ཚེ། དྲག་པོ་དང་དྲག་པོ་ཐུག་ན་ཤིན་ཏུ་དྲག་པོ་ལས་མེད་པས། ད་གཟོད་ཨ་རྒྱའི་ཚོང་དམག་གློ་བུར་དུ་ཛ་ཇེ་དྲག་ཏུ་སོང་བར་འདོད།