དོན་དངོས་སུ་སྒོ་ཁྲལ་འཇལ་མཁན་སུ་ཡིན་ནམ།

——ཨ་རྒྱའི་ཚོང་དམག་གི་ཁེ་གྱོང་གླེང་བ།

Screen Shot 2019-05-18 at 8.14.18 AM.png
པར་གཞན་ནས་བཤུས། 

ཉེ་བའི་དུས་ན། ས་སྒང་འདིའི་གནས་ཚུལ་ཆེ་ཤོས་དང་། འགྲོ་བ་དུང་བདུན་ཅུའི་སེམས་ཀྱི་སྣང་བ་འགུགས་མཁན་དེ་ཨ་རྒྱའི་ཚོང་དམག་ལས་མ་འདས།

སྣྲོན་ཟླའི་ཚེས ༡༠འི་ཉིན། ཨ་མེ་རི་ཀས་རིན་འབབ་ལ་ཨ་སྒོར་ཁྲག་ཁྲིག་གཉིས་ཀྱི་རྒྱ་ནག་ནས་ནང་འདྲེན་ཚོང་ཟོག་གི་སྒོ་ཁྲལ་དེ་སྔའི ༡༠% ནས ༢༥%སྤར་བ་མ་ཟད་དེ་མ་ཐག་ལག་ལེན་དུ་བསྟར་བ་དང་། དེ་ནས་ཉིན་གསུམ་གྱི་རྗེས་ཏེ་ཚེས ༡༣ ཉིན། རྒྱ་ནག་གིས་ཀྱང་རིན་འབབ་ན་ཨ་སྒོར་ཐེར་འབུམ་ཆེ་མོ་དྲུག་གི་ཨ་རི་ནས་ནང་འདྲེན་ཚོང་ཟོག་གི་སྒོ་ཁྲལ་དེ་སྔའི ༥% ནས ༡༠% དང ༡༥%། ༢༥% བཅས་སུ་སྤར་ནས་ཆུ་སྟོད་ཟླ་བའི་ཚེས ༡ ནས་ལག་ལེན་དུ་བསྟར་རྒྱུ་ཡིན་ཞེས་ཀི་ལན་ཀི་ཡི་ཚུལ་དུ་ཡ་ལན་སློག་ཡོད་པ་རེད།

དེ་ཙ་ན། ཨ་རྒྱའི་ཚོང་དམག་དེ་གནས་རིམ་གསར་བ་ཞིག་ལ་བསླེབས་ནས། གནས་སྟངས་ཇེ་སྡུག་ཏུ་ཕྱིན་པ་གསལ་བོ་ཆགས།

ཨ་རིས་སྒོ་ཁྲལ་སྤར་བ་དང་དུས་མཉམ་དུ་ལག་ལེན་དུ་བསྟར་བ་དེས་རྒྱ་ནག་ལ་ཡིད་ཆེས་མེད་པ་མཚོན་པ་དང་སྦྲགས་ཆོད་སེམས་བརྟན་པོ་ཡིན་པ་དང་གདིང་སྤོབས་ཡོད་པ་མཚོན་ཡོད།

རྒྱ་ནག་གིས་ཡ་ལན་སློག་པའི་རྣམ་འགྱུར་བསྟན་ཡང་། བོངས་ཚད་ཀྱི་ཆ་ན་གསུམ་ཆའི་གཅིག་ལས་མེད་པ་དང་། ལག་ལེན་དུ་བསྟར་ཕྱོགས་ཐད་ཉིན ༡༨ གྱི་རྗེས་ལ་བཞག་པ་དེས། རང་རྟོན་མེད་པ། གདིང་སྤོབས་མེད་པ་རེད། རྒྱ་ནག་རང་གི་བཤད་སྟངས་ལྟར་ན “བཟོད་པ” སྒོམ་པ་རེད།

གོ་ལའི་ཁྱོན་ཡོངས་སུ་དཔལ་འབྱོར་གྱི་གདོས་བཅས་ཆེ་ཤོས་རྒྱལ་ཁབ་གཉིས་བར་ཉོ་འཚོང་གི་འགལ་ཟླ་ལངས་དུས། དེང་གི་གཅིག་ལ་གཅིག་རྟེན་གྱི་གོ་ལའི་གྲོང་ཚོའི་མི་རྣམས་ལ་རང་བཞིན་མེད་པར་སེམས་ཁུར་ཞིག་ངང་གིས་སྐྱེས་ཡོད་ལ། མི་རེ་རེ་འཛད་སྤྱོད་པ་རེ་རེ་ཡིན་པའི་ཆ་ནས། སེམས་ཁུར་སྐྱེ་ས་དེ་སོ་སོའི་གློ་ཁུག་ནང་གི་སྒོར་མོའི་རིན་ཐང་ཡིན་ངེས།   

སྒོ་ཁྲལ་མུ་ནས་མུ་རུ་སྤར་དུས། སྒོ་ཁྲལ་འཇལ་མཁན་དེ་དོན་གྱིས་སུ་ཡིན་ནམ་ཞེས་པའི་དྲི་བ་འདི་གནད་འགག་ཆགས་ཡོད་པས། ཁྲོ་འབར་གྱིས་ཡང་ནས་ཡང་དུ་གླེང་མྱོང་བ་བཞིན་ཞི་ཅིན་ཕེང་གིས་ཀྱང་དགོས་དབང་གང་ཞིག་ལ་དཔགས་ནས་བཤད་སྟངས་ཤིག་གིས་གླེང་ཡོད། དེ་མིན་གསར་འགྱུར་སྨྱན་བྱེད་ཀྱི་ཚོགས་སུ་དེའི་སྐོར་ཟང་ཟིང་ལང་ལོང་ཡིན།

ནམ་རྒྱུན་སྒོ་ཁྲལ་ཟེར་དུས། ནང་འདྲེན་ཚོང་ཟོག་ལ་བཀལ་བའི་འགག་སྒོའི་ཁྲལ་རིགས་ལ་སྒོ་ཁྲལ་ཟེར། ཆ་རྐྱེན་ནི། ༡༽ནང་འདྲེན་ཚོང་ཟོག་ཡིན་དགོས། ༢༽ཁྲལ་ལེན་མཁན་དེ་རྒྱལ་ཁབ་གཞུང་གི་འགག་སྒོ་ཡིན་དགོས། ༣༽འགག་སྒོ་བརྒྱུད་སྐབས་ཀྱི་ཁྲལ་ཁོ་ན་ཡིན།

སྒོ་ཁྲལ་གྱི་འགྲོ་ལུགས་ལྟར་ན། སྒོ་ཁྲལ་ཡོངས་རྫོགས་ཚོང་ཟོག་ནང་འདྲེན་ཁེ་གཉེར་ལས་ཁང་གིས་ཨ་རི་གཞུང་ལ་འཇལ་དགོས། རྒྱ་ནག་ནས་ཚོང་ཟོག་ནང་འདྲེན་བྱེད་མཁན་མང་ཆེ་བ་ཨ་མེ་རི་ཀའི་ཁེ་གཉེར་ལས་ཁང་དང་། ཡང་ན་ཨ་རི་ན་ཐོ་བཀོད་པའི་ཕྱི་རྒྱལ་གྱི་ཁེ་གཉེར་ལས་ཁང་ཡིན།

རྒྱུན་སྲོལ་ལྟར་ན་ཨ་མེ་རི་ཀར་ནང་འདྲེན་བྱས་པའི་ཁྲིམས་མཐུན་གྱི་ཚོང་ཟོག་མཐའ་དག་གིས་འགག་སྒོ་ནས་ཐར་བའི་ཉིན ༡༠འི་ནང་ཚུན་སྒོ་ཁྲལ་འཇལ་དགོས་པ་རེད།

ཆ་རྐྱེན་གཞན་མེད་པའི་གནས་སྟེང་འོག སྒོ་ཁྲལ་སྤར་ཚེ་ཨ་རིའི་ཚོང་ཟོག་ནང་འདྲེན་ཁེ་གཉེར་ལས་ཁང་གིས་སྒོ་ཁྲལ་སྔར་ལས་མང་བ་སྤྲོད་དགོས། དེའི་སྟབས་ཀྱིས་གལ་ཏེ་ཁེ་གཉེར་ལས་ཁང་དག་གིས་དེ་སྔའི་ཁེ་བཟང་རྒྱུན་འཁྱོངས་བྱེད་འདོད་ན་ཚོང་ཟོག་གི་རིན་གོང་ཇེ་མཐོར་གཏོང་དགོས། གལ་སྲིད་རིན་གོང་ཇེ་མཐོར་མ་བཏང་ཚེ་ཁེ་བཟང་ཇེ་ཉུང་དུ་འགྲོ་རྒྱུ་ཉག་གཅིག་ཡིན།

ཡིན་ན་ཡང་། ནང་འདྲེན་ཁེ་གཉེར་ལས་ཁག་དག་གིས་ཐབས་ལམ་གཞན་བཙལ་ནས་སྒོ་ཁྲལ་གྱི་ཤུགས་རྐྱེན་ཇེ་ཆུང་དུ་བཏང་ཡང་ཆོག དཔེར་ན། རྒྱ་ནག་གི་ཚོང་ཟོག་བཟོ་གྲྭ་དང་གྲོས་མོལ་བྱེད་རྒྱུ་དང་། ཡང་ན་རྒྱ་ནག་མ་ཡིན་པའི་རྒྱལ་ཁབ་དང་ཡུལ་གྲུ་གཞན་དག་ནས་གཅིག་མཚུངས་ཀྱི་ཚོང་ཟོག་ནང་འདྲེན་བྱས་ཆོག རྩ་བའི་ཆ་ནས་བཤད་ན། ཚོང་ཟོག་ཅི་ཞིག་ནང་འདྲེན་བྱེད་ཀྱིན་པར་ཐད་ཀར་འབྲེལ་བ་ཡོད། དཔེར་ན་ཅ་ལག་གང་ཞིག་རྒྱ་ནག་མ་གཏོགས་རྒྱ་ཁབ་གཞན་ནས་ཚབ་མི་རེག་ན། གྲོས་མོལ་བྱེད་ཐབས་མེད་པས་ནང་འདྲེན་ཁེ་གཉེར་ལས་ཁང་དང་འཛད་སྤྲོད་པས་སྒོ་ཁྲལ་འཇལ་དགོས། དེ་མིན་པའི་རྒྱལ་ཁབ་དང་ཡུལ་གྲུ་གཞན་དག་ནས་ཀྱང་ལས་སླ་བོའི་སྒོ་ནས་གཅིག་མཚུངས་ཀྱི་ཅ་ལག་རེག་ན། གྲོས་མོལ་བྱས་ན་ཤེད་ཡོད་པས། ཕལ་ཆེར་རྒྱ་ནག་གི་ཕྱི་འཚོང་ཁེ་གཉེར་ལས་ཁང་དང་བཟོ་གྲྭས་སྒོ་ཁྲལ་འཇལ་དགོས།

རྒྱ་ནག་ནས་ནང་འདྲེན་ཚོང་ཟོག་ཕལ་མོ་ཆེ་འཛམ་གླིང་ག་ས་གང་ནས་རེག་ཐུབ་པའི་ཐོན་རྫས་དམའ་རིམ་དཔེར་ན་ལྭ་བ་དང་ལྷམ། བྱིས་པའི་རྩེད་ཆས་སོགས་ཚན་རྩལ་དང་ལག་རྩལ་གྱི་ཐོན་རྫས་མ་ཡིན་པའི་བཅའ་དངོས་རིགས་ཡིན་པས། ཅ་ལག་དེའི་རིགས་ད་ལྟ་ཝེ་ཐི་ནམ་དང་ཐེ་ལནྡི། རྒྱ་གར་སོགས་ནས་རིན་གོང་རྒྱ་ནག་ལས་ཀྱང་དམའ་མོས་རེག་ཐུབ། དེའི་རྐྱེན་གྱིས་སྲིད་འཛིན་ཁྲོ་འབར་གྱིས་སྒོ་ཁྲལ་མང་ཆེ་བ་རྒྱ་ནག་གིས་སྤྲོད་ཀྱིན་ཡོད་ཅེས་བཤད་པ་རེད།

ཡིན་ན་ཡང་སྒོ་ཁྲལ་ཡོད་དོ་ཅོག་རྒྱ་ནག་གིས་སྤྲད་ཀྱིན་པའི་མ་ཁྱབ་ལ། ཨ་རིའི་འཛད་སྤྱོད་པར་འབྲེལ་བ་མེད་པའང་མིན། ༢༠༡༨ ལོར་སྒོ་ཁྲལ་སྤར་རྗེས། རྒྱ་ནག་གིས་བཟོས་པའི་གོས་འཁྲུད་འཕྲུལ་ཆས་ཀྱི་རིན་གོང ༡༢% འཕར་ཡོད་པ་ལྟ་བུའོ།།  

སྒོ་ཁྲལ་ཡོངས་སུ་རྫོགས་པ་ཨ་རི་ཁེ་གཉེར་ལས་ཁང་ཁག་གིས་སྤྲོད་དགོས་ན། ཨ་རི་ལ་མཚོན་ན། ཚོང་དམག་བརྒྱབ་དང་མ་བརྒྱབ་ལ་ཁྱད་པར་ཅི་ཞིག་ཡོད་དམ་ཞེ་ན། རྩ་བའི་ཆ་ནས་ཨ་རི་རང་གིས་ཚོང་དམག་ཅེས་པའི་ཐ་སྙད་འདི་ཐོག་མཐའ་བར་གསུམ་དུ་བཀོལ་མེད། ནམ་རྒྱུན་ཉོ་འཚོང་སྙོམས་སྒྲིག་ཅེས་པའི་ཐ་སྙད་འདི་བཀོལ་བཞིན་ཡོད། འདས་པའི་ལོ་རྒྱུས་ལ་གཞིགས་ན། ཨ་རིས་རིན་འབབ་ན་ཨ་སྒོར་ཁྲག་ཁྲིག་ལྔ་ལྷག་གི་ཚོང་ཟོག་རྒྱ་ནག་ནས་ནང་འདྲེན་བྱས་ཡོད་པ་དང་། རྒྱ་ནག་གིས་ཨ་རི་ནས་རིན་འབབ་ན་ཨ་སྒོར་ཁྲག་ཁྲིག་གཅིག་ལྷག་གི་ཚོང་ཟོག་ལས་ནང་འདྲེན་བྱས་མེད། ལྔ་དང་གཅིག་གི་བསྡུར་ཚད་ཡིན་སྟབས། ཨ་རི་དང་རྒྱ་ནག་བར་དཔལ་འབྱོར་ཧེ་བག་ཆེན་པོ་ཤོར་བ་རེད། ཧ་བག་དེ་སྙོམས་སྒྲིག་གི་ཆེད་དུ་སྒོ་ཁྲལ་སྤར་བ་རེད། དེ་དང་ཆབས་ཅིག་རྒྱ་ནག་གིས་ཨ་རི་ནས་ཚོང་ཟོག་མང་ཙམ་ཉོ་རྒྱུར་དམིགས་ཡོད།

དུས་ཡུན་ཐུང་ངུའི་ནང་རྒྱ་ནག་ལ་ཚོང་དམག་གི་རྐྱེན་གྱིས་གནོད་སྐྱོན་ཆེན་པོ་མེད་པ་སྣང་ཡང་། ལོ་གཅིག་གཉིས་ཀྱི་རྗེས་སུ་ད་གཟོད་གནོད་པ་ཕྱིར་མངོན་ཡོང་ངེས་ཡིན།

ལམ་སང་མཐོང་ཐུབ་པའི་དཀའ་ངལ་ཞིག་ནི། སྒོ་ཁྲལ་སྤར་བའི་རྐྱེན་གྱིས་རྒྱ་ནག་གིས་བཟོས་པའི་ཅ་ལག་མང་པོ་ཞིག་བཙོང་མ་ཐུབ་པར་ལྷག་འགྲོ། 

སྒོ་ཁྲལ་སྤར་བའི་དབང་གིས་རྒྱ་ནག་ན་ཡོད་པའི་ཕྱི་རྒྱལ་གྱི་བཟོ་གྲྭ་མང་པོ་ཞིག་གནས་སྤོར་ཟིན་པ་དང་། སྐོར་ཞིག་ད་ལྟ་སྤོ་བཞིན་པའི་སྒང་ཡིན། ཡང་སྐོར་ཞིག་གིས་གནས་སྤོ་དགོས་མིན་ལ་དབྱེ་ཞིབ་བྱེད་ཀྱིན་ཡོད། དེ་མིན་རྒྱ་ནག་རང་གི་བཟོ་གྲྭ་མང་པོ་ཡང་རྒྱལ་ཁབ་གཞན་ལ་གནས་སྤོ་སྲིད་པ་རེད།

ཕྱི་རྒྱལ་གྱི་བཟོ་གྲྭ་དང་ཁེ་གཉེར་ལས་ཁང་གནས་སྤོར་བ་དང་། རྒྱ་ནག་རང་གི་བཟོ་གྲྭ་མང་པོའི་སྒོ་བརྒྱབས་ཚེ། གནད་དོན་ཅི་ཞིག་བྱུང་སྲིད་དམ་ཞེ་ན།  བཟོ་གྲྭ་སྒོ་བརྒྱབས་པ་དང་གནས་སྤོར་ཚེ་ལས་ཤོར་མང་པོ་བྱུང་ངེས་རེད། ཚོང་ཡག་པོ་མ་རྒྱུག་ཚེ་བཟོ་གྲྭ་ཁག་གིས་ལས་བཟོ་བ་ཇེ་ཉུང་དུ་གཏོང་སྲིད་པ་རེད། འདི་འདྲའི་གནས་སྟངས་བྱུང་ན་གནད་དོན་གཉིད་ལ་ཐུག་ཡོད། གཅིག་ནི་དཔལ་འབྱོར་གྱི་གནད་དོན་རེད། ཅིག་ཤས་དེ་བདེ་འཇགས་ཀྱི་གནད་དོན་རེད། དེའི་སྟབས་ཀྱིས་ཉེ་ལམ་རྒྱ་ནག་གི་སྲིད་བློན་ལེ་ཁེ་ཆེང་གིས་ཞིང་ཆེན་ཁག་གིས་ལས་ཤོར་བ་ཕྱིར་རང་ཡུལ་ལ་ལོག་རྒྱུར་སྔོན་འགོག་བྱེད་དགོས་ཞེས་བཀའ་ཕབ་པ་རེད། ཁོང་ཚོ་འཇིགས་ས་དེ་ལས་ཤོར་བ་མང་པོ་མཉམ་གཅིག་ཏུ་འདུས་ཚེ་སྤྱི་ཚོགས་བདེ་འཇགས་ལ་གནོན་ཨེ་ཡོང་གི་སེམས་ཁུར་རེད།

རྒྱ་ནག་ནི་ཕྱི་འཚོང་ལ་བསྟེན་པའི་དཔལ་འབྱོར་རྒྱལ་ཁབ་ཅིག་ཡིན། གལ་ཏེ་ཚོང་དམག་གི་རྐྱེན་གྱིས་རྒྱ་ནག་ན་ཡོད་པའི་ཕྱི་རྒྱལ་གྱི་བཟོ་གྲྭ་དང་། ཐ་ན་རྒྱ་ནག་རང་གི་བཟོ་གྲྭ་དག་ཕྱིའི་རྒྱལ་ཁབ་ལ་གནས་སྤོར་ཚེ། རྒྱ་ནག་གི་འཛམ་གླིང་བཟོ་གྲྭ་ཞེས་པའི་གོ་ས་དེ་ཤོར་བ་རེད། དེ་བཞིན་འཛམ་གླིང་གི་ཐོན་ལས་ཀྱི་རྒྱུན་རྒྱ་ནག་དང་བྲལ་ནས་གནས་སྤོར་བ་ཡིན་ན། དེ་འགྱུར་བ་ཧ་ལས་བའི་ཆེན་པོ་ཞིག་ཡིན་པའི་ཁར། རྒྱ་ནག་གི་དཔལ་འབྱོར་ལ་མཚོན་ན་ཤི་གསོན་ལ་ཐུག་པའི་རྡུང་རྡེག་ཅིག་ཡིན་ངེས། འདི་དག་ནི་ཚོང་དམག་ལས་བྱུང་སྲིད་པའི་རྒྱ་ནག་གི་མི་འདོད་པའི་མཇུག་འབྲས་གཙོ་བོ་ཁག་ཅིག་ཡིན།

རྒྱ་ནག་གིས་ཚོང་ཟོག་ཨ་རི་མ་ཡིན་པའི་རྒྱལ་ཁབ་གཞན་ལ་བཙོང་ན་ཆོག་གིན་རེད་ཟེར་ན། འགྲིག་པ་བཤད་ན་འགྲིག་དང་འགྲིག འོན་ཀྱང་། རྒྱལ་ཁབ ༢༧ གྱིས་གྲུབ་པའི་ཡུ་རོབ་མཐུན་ཚོགས་ནི་རྒྱ་ནག་གི་ཕྱི་འཚོང་ཆེ་ཤོས་དང་། ཨང་གཉིས་པ་ཨ་རི་ཡིན། ད་དུང་གལ་ཆེན་པོ་ཞིག་ལ་ཨ་རི་དང་མཉམ་དུ་ཚོང་འབྲེལ་བྱས་པས་ཨ་སྒོར་ཐད་ཀར་རེག་གིན་ཡོད་པ་རེད། རྒྱ་ནག་གི་ལག་ན་ཨ་སྒོར་ཁྲག་ཁྲིག་ཆེ་མོ་གཅིག་ལྷག་ཡོད་པ་དེའི་ཡོངས་ཁུངས་ཕྱི་འཚོང་རང་ཡིན་པས། གལ་ཏེ་ཕྱི་འཚོང་གནད་དོན་ལ་ཐུག་དུས་ཕྱོགས་མང་པོ་ཞིག་དཀའ་ངལ་ལ་འཕྲད་ཀྱིན་ཡོད་པ་རེད། ཨ་རི་དང་ཡུ་རོབ་ཀྱི་ཚོང་ར་ན་ད་གཟོད་རྒྱ་ནག་གིས་བཟོས་པ་ཞེས་རིན་གོང་དམའ་བོ་ཆགས་ཡོད་པ་ལས། དེ་མ་ཡིན་པའི་རྒྱལ་ཁབ་གཞན་དག་ཏུ་དེ་ལྟ་མིན། བཤད་སྟངས་གཞན་ཞིག་གིས་བཤད་ན། ཡུ་རོབ་དང་ཨ་རི་ན་མ་གཏོགས་རྒྱལ་ཁབ་གཞན་ན་ཐོན་དུས། རྒྱ་ནག་གི་ཚོང་ཟོག་ལ་ཁེ་བཟང་ཆེན་པོ་མེད།

མཐོར་ན། གོང་དུ་ཞུས་པ་ནང་བཞིན། དུས་ཡུན་ཐུང་ངུའི་ནང་། ཚོང་དམག་གིས་རྒྱ་ནག་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མི་ཐུབ་མོད། འོན་ཀྱང་། དམིགས་ཚད་མང་པོར་གཞིགས་ན། དུས་ཡུན་རིང་པོའི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་སེམས་ཁུར་བྱེད་དགོས་པའི་གནས་ཡིན། དེ་ཡང་དཔལ་འབྱོར་ཞིབ་འཇུག་ཁང་མ་རྩ་དཔལ་འབྱོར་རིག་པའི་རྒྱ་ནག་དཔལ་འབྱོར་ཉམས་ཞིབ་པ་སྐུ་ཞབས་ཝེ་ལེམ་སི་ལགས་ཀྱིས་འབྱུང་འགྱུར་རྒྱ་ནག་གི་མི་འབོར་གནས་སྟངས་ཛ་དྲག་ཆེ་ཞིང་། ཕྱི་འཚོང་གི་ལམ་ཁ་ཆེར་མེད་པ། རྨང་གཞི་སྒྲིག་ཆས་སུ་མ་རྩ་འཛུགས་རྒྱུ་མང་དྲགས་པ། དེའི་ཁར་ཁྲོམ་རའི་མ་དཔེ་དེ་ཁྲོམ་ར་ནས་གཞུང་གི་བཏང་འཛིན་བྱེད་འགོ་ཚུགས་ཡོད་པ་སོགས་རྒྱུ་རྐྱེན་གྱིས། མ་འོངས་པའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་སེམས་ཁྲལ་མི་བྱེད་རང་བྱེད་ཆགས་ཡོད། ཅེས་དང་། དེ་མིན་ཡང་ཁོང་གིས། རྒྱ་ནག་གི་དཔལ་འབྱོར་གྱི་རྒྱུན་རིང་གི་མདུན་ལྗོངས་མུ་མཐུད་ནས་ཇེ་ངན་དུ་འགྲོ་སྲིད་པས། མ་འོངས་པའི་ལོ་ངོ ༡༠ ནང་རྒྱ་ནག་གི་དཔལ་འབྱོར་གྱི་འཕེལ་ཚད་དེ ༢%སུ་ཆག་སྲིད། ཅེས་ཚོད་དཔག་བྱས་ཡོད་པ་རེད།