——ཨ་རྒྱའི་ཚོང་དམག་གི་ཉེན་ཁ་གླེང་བ།

དོན་དངོས་སུ། ང་ཚོར་དགོས་པ་ནི་འདྲ་མཉམ་གྱི་འགྲན་རྩོད་ཁོར་ཡུག་ཅིག་ཡིན་པ་ལས། དམག་འཁྲུག་གསར་བ་ཞིག་མིན།
ཡིན་ན་ཡང་མཚམས་ལ་ལར། གནས་ཚུལ་གྱི་འཕེལ་སྟངས་དེ་ཏག་ཏག་ལྡོག་ཕྱོགས་སུ་མ་གཏོགས་མི་འགྲོ་བས། དེ་ཡང་དངོས་པོའི་འཕེལ་རྒྱས་ཀྱི་ཆོས་ཉིད་དུ་གྲུབ་ན། རང་བྱུང་ལ་བསྟུན་རྒྱུ་ལས་ཐབས་གཞན་མེད་དོ།།
འདས་པའི་ཟླ ༡༡ ལྷག་གི་རིང་། ཨ་རི་དང་རྒྱ་ནག་བར་ཚོང་དོན་གྲོས་མོལ་ཐེངས་བཅུ་གྲངས་ཤིག་བྱས་ནས། མཐར་ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱིས་གསུངས་པ་ཇི་བཞིན “གཉིས་མོས་ཀྱི་གྲོས་ཆོད་ཅིག་འཇོག་ཐུབ་ལ་ཉེ་བའི”སྐབས། ཞི་ཅིན་ཕེང་གློ་བུར་དུ་བློ་ལོག་ནས་དེ་སྔ་ཁས་བླངས་པའི་གནད་ཡོད་ནང་དོན་ཕལ་མོ་ཆེ་རྣམ་གཅོད་རྩིས་མེད་དུ་བཏང་བ་རེད། རྒྱ་གཞུང་གི་ཁ་བཤད་དོན་ལ་མི་གནས་པའི་གཤིས་ངན་རྩིང་སྤྱོད་ལྷང་ངེར་བུད་དུས། ཨ་རིའི་སྲིད་འཛིན་ཁྲོ་འབར་མཆོག་གིས་ཟླ ༥ པའི་ཚེས ༡༠ ནས་རྒྱ་ནག་ནས་ནང་འདྲེན་ཨ་སྒོར་ཁྲག་ཁྲིག་གཉིས་ཀྱི་རིན་གོང་གི་ཚོང་རྫས་ཀྱི་སྒོ་ཁྲལ ༡༠%ནས ༢༥%རུ་སྤར་བ་དང་། རྒྱ་ནག་གིས “ཀི་ལ་ཀི་ལན” སློག་པའི་ཚུལ་དུ་ཨ་རི་ནས་ནང་འདྲེན་ཨ་སྒོར་ཐེར་འབུམ་ཆེ་མོ་དྲུག་གི་རིན་གོང་གི་ཚོང་རྫས་ཀྱི་སྒོ་ཁྲལ ༥% ནས ༡༠% དང ༡༥%། ༢༥%བཅས་སུ་སྤར་བ་རེད། དུས་དེ་ནས་བཟུང་ཨ་རྒྱུའི་ཚོང་དོན་གྲོས་མོལ་མཚམས་ཆད་པ་དང་། ཚོང་དམག་དེ་རིམ་པ་གསར་བ་ཞིག་ལ་འཕར་བ་རེད།
དེ་ཙ་ན། ཨ་རྒྱ་གཉི་ག་ཉོ་འཚོང་གི་ཁྱབ་ཁོངས་ཕྱི་རོལ་ནས་ཕན་ཚུན་ལ་གནོན་ཤུགས་སྤྲོད་རེས་ཀྱི་ལས་ལ་ཞུགས་ཤིང་། ཨ་རིས་ཧྭ་ཝེ་ཁེ་ལས་ཁང་སྐོར་བཅོམ་གྱིས་མཚོན་ཚན་རིག་ལག་རྩལ་ལག་ཆར་སྤྱད་པ་དང་། རྒྱ་ནག་གཞུང་གིས་སྲོལ་རྒྱུན་ལྟར་འཇིགས་སྐུལ་དང་དྲིལ་བསྒྲགས་རྨོངས་སྒྱུར། མི་རིགས་རིང་ལུགས་བཅས་ལག་ཆར་སྤྱད་ཡོད།
ཐོག་མར་ཞི་ཅིན་ཕེང་རྒྱ་ནག་ཅང་ཞི་ཞིང་ཆེན་ཀན་ཀྲུག་ཏུ་གཟིགས་ཞིབ་ཆེད་ཕེབས་ནས། མཚོན་བྱེད་རང་བཞིན་ཅན་གྱི་ས་གནས་ཁག་གཉིས་ལ་གཟིགས་སྐོར་གནང་ཡོད་པ་དང་། གཅིག་ནི་དམར་དམག་རྒྱང་སྐྱོད་ཀྱི་འགོ་བརྩམས་ཡུལ་དུ་སོང་ནས་མེ་ཏོག་གི་ཕྲེང་བ་ཕུལ་སྟེ། རྒྱང་སྐྱོད་ཀྱི་སྙིང་སྟོབས་གླེང་བའི་མ་ཚད་དཀའ་སྡུག་གི་འཚོ་བ་རོལ་རྒྱུར་གྲ་སྒྲིག་དགོས་ཚུལ་སྐུལ་འདེད་བྱས་པ་རེད། རྐང་མགོ་རྩྭ་ལྷམ་གོན་ནས་ཁ་རུ་རྩྭའི་རྩ་ལས་ཟ་རྒྱུ་མེད་ཀྱང་། ལེ་དབར་ཉིས་ཁྲི་ལྔ་སྟོང་གི་དཀའ་ཚེགས་ཁྱད་དུ་བསད་ནས་མཐར་གོ་མེན་ཏང་ཚོགས་པ་ལས་རྣམ་པར་རྒྱལ་བའི་ལོ་རྒྱུས་གླེང་སྟེ། དཀའ་ཚེགས་ལ་མི་འཛེམ་པར་བཙན་རྒྱལ་རིང་ལུགས་ཨ་རི་ལ་ཁ་གཏད་མཐར་ཐུག་བྱ་རྒྱུའི་ཆོད་སེམས་མཚོན་ཡོད་པ་དང་། ཅིག་ཤས་ནི་ས་ཁུལ་དེར་ཡོད་པའི་ས་དཀོན་ཀྱི་གཏེར་རྡོ་བཙོ་སྦྱངས་བྱེད་སའི་བཟོ་གྲྭ་ཞིག་ལ་གཟིགས་སྐོར་བྱས། ས་དཀོན་ནི་ལྕགས་རིགས་ཅུང་དཀོན་པོའི་ཁག་བཅུ་བདུན་གྱི་སྤྱི་མིང་ཡིན་ཞིང་། མིང་ལ་ས་དཀོན་ཞེས་བཏགས་ཀྱང་དོན་གྱིས་དེ་འདྲའི་དཀོན་པོ་ཞིག་མིན། ཡིན་ན་ཡང་། ལག་ཁྱེར་ཁ་པར་དང་། གློག་གཡས་སོགས་ཚན་རིག་ལག་རྩལ་མཐོ་གྲས་ཀྱི་ཐོན་རྫས་གློག་འདྲེན་ཕྱེད་གཟུགས་མང་ཆེ་བ་བཟོ་དུས་ས་དཀོན་ནི་མེད་དུ་མི་རུང་བའི་རྒྱུ་ཆ་ཡིན་ཞིང་། འཛམ་གླིང་ཡོངས་ཀྱི་ས་དཀོན་གྱི ༨༠%རྒྱ་ནག་གིས་མཁོ་སྤྲོད་བྱེད་ཀྱིན་ཡོད། དེ་འདྲ་ཡིན་མོད་ཀྱང་། རྒྱ་ནག་ལ་མ་གཏོགས་རྒྱལ་ཁབ་གཞན་དག་ན་མེད་པ་མ་ཡིན་ཏེ། ཉི་ཧོང་དང་ཨོ་སི་ཊི་རེ་ལེ་ཡ། ཨ་རི་སོགས་རྒྱལ་ཁབ་མང་པོར་གཏེར་ཁ་དེ་ཡོད་པའི་མ་ཚད་དེ་སྔ་སྔོག་འདོན་ཡང་བྱས་ཡོད། ཡིན་ན་ཡང་ས་དཀོན་གྱི་གཏེར་ཁ་སྔོག་ཚེ་ཁོར་ཡུག་ལ་གནོད་འཚེ་ཧ་ཅང་ཆེ་བའི་དབང་གིས་རྒྱལ་ཁབ་མང་པོས་ཕྱི་རྒྱལ་ནས་ནང་འདྲེན་བྱེད་རྒྱུ་བདམས་ཡོད།
བདུན་ཕྲག་འགའི་སྔོན་རྒྱ་རིགས་རིག་པ་བ་ཇིན་ཚན་རོང་ཟེར་བ་ཞིག་གིས་ཨ་རྒྱའི་ཚོང་དམག་ཁྲོད་ཀྱི་རྒྱ་ནག་གི་སྲོག་ལེན་ལག་ཆ་གསུམ་གླེང་དུས། ས་དཀོན་དེ་སྲོག་ལེན་ལག་ཆ་གཅིག་ལ་ངེས་འཛིན་བྱས་ཡོད་པ་བཞིན། ཞི་ཅིན་ཕེང་གིས་གལ་སྲིད་ཨ་རིའི་བྱུང་རྒྱལ་དུ་རྒྱ་ནག་ལ་ཉེས་ཆད་བཅད་ཚེ་ས་དཀོན་ལག་ཆར་སྤྱད་སྲིད་པའི་བརྡ་ལན་སྤྲད་པར་གནད་དོན་དབྱེ་ཞིབ་པའི་ཚོགས་ཀྱིས་ངེས་འཛིན་བྱས་ཡོད།
ཡིན་ན་ཡང་། དེ་སྔ་རྒྱ་ནག་གཞུང་གིས་ཤར་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་འགའི་བདག་དབང་བརྩད་ནས་ཉི་ཧོང་ལ་ས་དཀོན་བཀག་ནས་ཉེས་ཆད་བཅད་པ་རེད། འོན་ཀྱང་སྲོག་ལེན་ལག་ཆ་དེས་ཉི་ཧོང་གི་སྲོག་ལོན་མེད་པ་མ་ཟད། གྲུབ་འབྲས་ཀྱང་ཆེན་པོ་ཐོན་མེད། དེ་ལྟར་བསམ་ཚེ། གལ་སྲིད་རྒྱ་ནག་གིས་ཨ་མེ་རི་ཀར་ས་དཀོན་ཕྱི་འཚོང་མཚམས་བཞག་ཀྱང་ནུས་པ་ག་ཚོད་ཅིག་ཐོན་མིན་ད་དུང་དྲི་བའི་གནས་ཡིན། ཨ་རི་ལ་མཚོན་ན་རང་ཉིད་ལ་ཐོན་ཁོངས་དེ་ཡོད་པ་མ་ཟད། སྔ་ས་ནས་གྲ་སྒྲིག་ཀྱང་བྱས་ཡོད། ལྷག་པར་དུ་ཉིན་ཤས་གོང་ནས་བཟུང་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ས་དཀོན་ཀྱི་གཏེར་ཁ་མང་ཙམ་སྔོག་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། གཞན་ཡང་གལ་ཏེ་རྒྱ་ནག་གིས་ས་དཀོན་བཀག་ཚེ། ས་དཀོན་གྱི་རིན་གོང་འཕར་སྲིད་ན། རྒྱལ་ཁབ་མང་པོའི་དེ་བསམ་བློ་གཏོང་ངེས་ཡིན། ཡང་བཤད་རིན་ཡོད་པ་ཞིག་ལ། རྒྱ་ནག་གིས་ས་དཀོན་གྱི་གཏེར་ཁ་ཕྱིར་འཚོང་གིན་ཡོད་པ་ལས། ས་དཀོན་གྱིས་བཟོས་པའི་བཅའ་དངོས་རིག་རྒྱ་ནག་གིས་ཕྱི་ནས་ཉོ་དགོས་པས། མཐར་གྱོང་རྒྱ་ནག་རང་ལ་རེག་མི་སྲིད་པ་གཏན་ནས་མིན།
དྲིལ་བསྒྲགས་ཀྱི་ཆ་ནས། རྒྱ་ནག་ཕྱི་འབྲེལ་ལྷན་དང་། རྒྱ་ནག་རིག་གནས་སྤྲོ་འཆམ་ལྷན་ཁང་། རྒྱ་ནག་སློབ་གསོ་ལྷན་ཁང་བཅས་ཀྱིས་སྔ་གཞུག་ཏུ་ཉེན་བརྡ་བཏང་སྟེ། ཨ་རིར་ལྟ་སྐོར་དང་སློབ་སྦྱོང་ཆེད་འགྲོ་མཁན་རྒྱ་རིགས་ཚོས་མི་རྒྱུ་གཉི་གའི་བདེ་འཇགས་ལ་གཟབ་དགོས་པ་དང་། ལྷག་པར་དུ་འགྲོ་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཤེས་དགོས་ལུགས་གསལ་འདེབས་བྱས་ཡོད་པ་རེད། རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཇེ་ཉུང་དུ་སོང་བས་ཨ་རིའི་དཔལ་འབྱོར་ལ་གནོད་པ་སྤུ་ཙམ་ཡང་ཡོད་མ་ཡིན།
དེ་མིན་རྒྱལ་སྲིད་སྤྱི་ཁྱབ་ལྷན་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཟླ ༦ པའི་ཚེས ༢ ཉིན་ཁ་བྱང་ལ༼རྒྱ་ཨའི་དཔལ་འབྱོར་དང་ཚོང་ལས་གྲོས་མོལ་ཐད་ཀྱི་རྒྱ་ནག་གི་ལངས་ཕྱོགས༽ཟེར་བའི་དེབ་རྒྱབ་ཤ་དཀར་པོ་ཅན་ཞིག་སྤེལ་ནས། ཨ་མེ་རི་ཀས་འཛམ་གླིང་དཔལ་འབྱོར་ལས་བགོས་ཀྱི་དངོས་ཡོད་གནས་སྟངས་སྣང་མེད་དུ་བཞག་ནས། གྲོས་མོལ་སྐབས་སྔ་གཞུག་ཐེངས་གསུམ་ལ “ཁ་གཅིག་ལྕེ་གཉིས” འཁྲབ་ལུགས་དང་། ཨ་རྒྱའི་ཚོང་དོན་གྲོས་མོལ་ལ་བར་ཆད་བྱུང་བའི་འགན་ཆ་ཚང་ཨ་རིས་འཁུར་དགོས་ཞེས་སྐྱོན་འཛུགས་བྱས་ཡོད།
དེབ་རྒྱབ་ཤོག་དཀར་པོའི་སྤེལ་ནས་ཉིན་གཅིག་གི་རྗེས་ཏེ། ཟླ ༦ པའི་ཚེས ༣ ཉིན། ཨ་རི་ཉོ་འཚོང་གྲོས་མོལ་སྐུ་ཚབ་གཞུང་སྒྲུབ་ཁང་དང་ནོར་སྲིད་ལྷན་ཁང་གིས་ཐུན་མོང་གསལ་བསྒྲགས་ཤིག་སྤེལ་ཏེ་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ལྷན་ཁང་གི་དེབ་རྒྱབ་ཤ་དཀར་པོར་ལན་སློག་ནས། རྒྱ་ནག་གཞུང་གིས་བ་ཤ་གླང་འགེལ་གྱི་རྩེད་མོ་རོལ་ནས་རང་འགན་གཞན་དཀྲི་བྱེད་ཀྱིན་པ་མ་ཟད། ཚོང་དོན་གྲོས་མོལ་གྱི་ངོ་བོ་དང་འཕེལ་རིམ་འཁྱོག་བརྗོད་བྱས་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད། དེ་མིན་ཨ་རིའི་གསལ་བསྒྲགས་ནང་རྒྱ་ནག་གི་སྔ་གཞུག་ཐེངས་གསུམ་ལ “ཁ་གཅིག་ལྕེ་གཉིས” འཁྲབ་ལུགས་ཀྱི་སྐྱོན་འཛུགས་ལ་རེ་རེ་བཞིན་ལན་སློག་ཡོད་པ་རེད།
ཀུན་པོས་ཤེས་གསལ་ལྟར། ཁ་བཤད་དོན་ལ་མི་གནས་ཤིང་། ཁ་གཅིག་ལྕེ་གཉིས་ཅན་ངོ་མ་དེ་རྒྱ་ནག་རང་ཡིན། ཉུང་མཐའ་ཡང་འདས་པའི་ལོ་ངོ ༣༠འི་རིང་རྒྱ་ནག་གཞུང་གིས་ཡང་དང་བསྐྱར་དུ་ཁ་བཤད་དོན་ལ་མ་གནས་པ་དང་། ཁ་གཅིག་ལྕེ་གཉིས་ཀྱི་སྤྱོད་པ་ངན་པ་འཁྲབ་ཕྱིར། ད་ལྟ་རྒྱ་ནག་གཞུང་ལ་ཡིད་ཆེས་བྱེད་མཁན་ཕལ་ཆེར་མེད། དཔེར་ན། ༢༠༠༡ ལོར་རྒྱ་ནག་འཛམ་གླིང་ཚོང་ལས་སྒྲིག་འཛུགས་སུ་ཞུགས་དུས། སྐབས་དུས་རྒྱ་ནག་གི་སྲིད་བློན་ཀྲུའུ་རོན་ཇི་ཡིས་སྒྲིག་འཛུགས་དེར་སྒྲིག་གཞི་རླངས་འཁོར་འགའ་ཡོད་པས། ཚང་མ་བལྟས་མི་ཚར་ལ་བལྟའང་མི་དགོས། དགོས་པ་དེ་སྒྲིག་གཞིའི་ནང་དོན་དང་གཡོལ་ཐབས་ག་རེ་ཡོད་པ་ཞིབ་འཇུག་བྱོས་ཤོགས་ཞེས་བཀའ་ཕབ་པ་ལྟ་བུ་རེད། རྒྱ་ནག་དམར་ཤོག་གཞུང་གིས ༡༩༤༩ ལོར་སྲིད་དབང་བཟུང་པ་ནས་དེ་རིང་བར། རྒྱལ་ཁབ་ཕྱི་ནང་ཀུན་གི་ཁྲིམས་ལུགས་འགྲོ་ལུགས་ཉག་གཅིག་ཀྱང་རྩི་མྱོང་མེད་ཅེས་བཤད་ཀྱང་ཐལ་ཆ་ཆེར་མེད་པར་སྙམ། ཡང་དཔེར་ན། རྒྱ་ནག་གཞུང་རང་གིས་གཏན་འབེབས་བྱས་པའི་རྩ་ཁྲིམས་ནང་བཞིན། རྩ་ཁྲིམས་ཀྱི་འབྲི་དོན་གཅིག་ཀྱང་རྒྱ་ནག་ས་ཆེན་དང་བཙན་དབང་འོག་གི་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་ལག་ལེན་དུ་བསྟར་མྱོང་ཡོད་དམ།
ཁ་བཤད་དོན་ལ་མི་གནས་པ། ཁ་གཅིག་ལྕེ་གཉིས། རྫུན་དང་ཕྲ་མ། གཡོ་སྒྱུར་སླུ་བྲིད། འུ་ཐུག་ན་དྲག་ཤེད་བཀོལ་རྒྱུ་བཅས་ནི་གུང་ཁྲང་གཞུང་གི་རིག་གནས་ཡིན། སྲོལ་རྒྱུན་ཡིན། ཁོང་ཚོ་ཆགས་སའི་རྨང་གཞིའང་ཡིན།
འདི་འཇིག་རྟེན་གནམ་འོག་གི་འགྲོ་བ་དུང་ཕྱུར་བདུན་ཅུས་སེམས་སུ་ས་རིས་ཐང་གསལ་ཡིན་ན་དེར་ཁ་ལྕེ་མང་པོས་དགོས་པ་མ་མཐོང་།
མི་རིགས་རིང་ལུགས་ནི་རལ་གྲི་སོ་གཉིས་མ་ཞིག་ཡིན་པས། ཕ་རོལ་པ་གཅོད་ཐུབ་པ་ནང་བཞིན་གཡུག་མ་ཤེས་ན་རང་ཉིད་ལའང་རྨ་བཏོད་ཐུབ།
ཨ་རྒྱའི་ཚོང་དམག་ལ་བར་ཆད་བྱུང་རྗེས། རྒྱ་ནག་གཞུང་འབྲེལ་མགྲིན་ལྕེ་མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་ལས་ཁང་། སེ་སེ་བརྙན་འཕྲིན། གོ་ལའི་དུས་བབ་བཅས་ཀྱིས་གཙོས་པའི་སྨྱན་བྱེག་ཁག་གིས་བསྟུད་མར་ཆེད་བརྗོད་རྩོམ་ཡིག་དང་དཔྱད་བརྗོད་། བགྲོ་གླེང་། གློག་བརྙན་སོགས་བསྟན་ནས་མི་རིགས་རིང་ལུགས་ཀྱི་བློ་ཁར་སྐུལ་སློང་བྱས་ཡོད་པ་དང་། སེ་སེ་བརྙན་འཕྲིན་ཁང་གིས་ལས་རིམ་གློ་བུར་དུ་འགྱུར་བ་བཏང་ཏེ། ལོ་ངོ་ལྔ་བཅུའི་སྔོན་གྱི “མེ་འགོག་ཁྲོ་རོགས” སྐབས་ཀྱི་གློག་བརྙན་རྙིང་པ༼ཧྲང་ཀན་ལེན༽སོགས་བསྟན་ནས་རྒྱ་ནག་གཞུང་གི་ཆོད་སེམས་བསྟན་པ་དང་ཆབས་ཅིག་རྒྱ་རིགས་མི་དམངས་ལ་ངར་ཤུགས་སློང་ཡོད་པ་དང་། དེ་མིན་གུང་ཁྲན་ཏང་གི་མགྲིན་ལྕེ་མི་དམངས་ཉིན་རེའི་ཚགས་པར་གྱིས་ཆེད་བརྗོད་རྩོམ་ཡིག་སྤེལ་ནས “འགྱོད་པ་རྗེས་སུ་སྐྱེས་དུས་ཕྱིས་དྲགས་པ་རེད། དེ་དུས་སྔོན་དུ་བཤད་མ་སོང་མ་ཟེར་རོགས” (“勿謂言之不預!”)ཞེས་པའི་སྐད་ཆ་དེ་བཀོལ་ཡོད་པ་དང་། སྐད་ཆ་འདི་གནད་འགག་ཆགས་ཡོད། དེ་སྔ་ཡང་རྒྱ་ནག་གཞུང་གི་སྨྱན་བྱེད་ཁག་གིས་སྐད་ཆ་དེ་བཀོལ་སྤྱོད་བྱས་མྱོང་ཞིང་། དེ་ཡང ༡༩༦༢ ལོར་རྒྱ་ནག་གཞུང་གིས་སྐད་ཆ་དེ་བཤད་ནས་ཉིན་བཞིའི་རྗེས་སུ་རྒྱ་ནག་གིས་རྒྱ་གར་ལ་དམག་བརྒྱབས་པ་རེད། ཡང ༡༩༧༨ ལོར་རྒྱ་ནག་གི་གཅིག་མཚུངས་ཀྱི་ཉེན་བརྡ་བརྒྱབས་ནས་ཟླ་བ་གཉིས་ཀྱི་རྗེས་སུ། ཝེ་ཐི་ནམ་ལ་དམག་བརྒྱབས་པ་རེད། དེ་རིང་ཨ་རི་ལ་དམག་རྒྱག་ངེས་ཡིན་ཟེར་བ་མིན་ཡང་། སྐད་ཆ་དེ་ནམ་རྒྱུན་རྒྱ་ནག་གི་ཐག་གཅོག་གལ་ཆེན་ཞིག་གི་རྗེས་སུ་བྱུང་གིན་ཡོད་པ་རེད།
དེ་སྔ་རྒྱ་ནག་གི་མི་རིགས་རིང་ལུགས་སྤྱད་ནས་ཉི་ཧོང་དང་ཧྥ་རན་སི། ལྷོ་ཀོ་རེ་ཡ་བཅས་ལ་ངོ་རྒོལ་བྱས་ནས་རྒྱལ་ཁབ་དེ་དག་གི་རྒྱ་ནག་ནང་གི་ཚོང་ལས་ལ་གནོན་འཚེ་ཐེབས་ཡོད་པ་རེད།
ཚོང་དམག་གི་གནས་སྟངས་ཛ་ཇེ་དྲག་ཏུ་སོང་བའི་འགྲོས་དང་མཉམ་དུ། ཨ་རྒྱ་གཉི་གས་ཉོ་འཚོང་གི་ཁྱབ་ཁོངས་ཕྱི་རོལ་ནས་ཕན་ཚུན་ལ་གནོན་ཤུགས་སྤྲོད་རེས་བྱེད་ཀྱིན་ཡོད་པ་དང་། ནང་སྒོས་སུ་ཚན་རིག་ལག་རྩལ་གྱི་ཁྱབ་ཁོངས་སུ་གོམ་ཁ་ཕྱོགས་ཀྱིན་ཡོད་པ་གསལ་བོ་རེད།
ཨ་རི་གཞུང་གིས་བཀའ་རྒྱ་ཕབ་ནས་ཨ་རིའི་ཚན་རྩལ་བཟོ་གྲྭ་དང་ཁེ་གཉེར་ལས་ཁང་ཚང་མས་རྒྱ་ནག་གི་ཁེ་གཉེར་ལས་ཁང་ཧྭ་ཝེ་ལ་ཚོང་འབྲེལ་བྱས་མི་ཆོག་པ་དང་བྱེད་དགོས་པའི་དབང་དུ་སོང་ཡང་གཞུང་གི་ཆོག་མཆན་དགོས་པ་གཏན་འབེབས་བྱས། ཧྭ་ཝེ་ཁེ་ལས་ཁང་གི་ལག་ཁྱེར་ཁ་པར་སོགས་ཐོན་རྫས་མང་པོ་ཞིག་ཨ་མེ་རི་ཀས་བཟོས་པའི་ཉིང་ལྷེབ(chip)ལ་བརྟེན་ཡོད་པས། ཁྲིམས་སྲོལ་དེས་ཧྭ་ཝེ་ཡི་སྲོག་རྩ་་བཅད་པདང་གཉིས་སུ་མ་མཆིས།
ཨ་རི་གཞུང་གི་ཁྲིམས་སྲོལ་དེ་གཞིར་བཞག་ནས། འཛམ་གླིང་གི་འཚོལ་ཞིབ་མ་ལག་དགོས་རྒུ(google)ཡིས་ད་ལོའི་ཟླ་དགུ་པ་ནས་ཧྭ་ཝེ་ལ་ཨན་ཌི་རོ་ཡི་མཉེན་ཆས་རིགས་མཁོ་སྤྲོད་བྱེད་མཚམས་འཇོག་རྒྱུ་ཡིན་པས། དེ་ཙ་ན་ཧྭ་ཝེ་ཡི་ཁ་པར་ལ་ཨན་ཌི་རོའི་མ་ལག་གི་རོགས་འདེགས་མེད་དུས་གསར་སྒྱུར་བྱེད་མི་ཐུབ་པ་མ་ཟད། ཡུག་ཊོབ་ཀྱི་བརྙན་པར་ལ་བལྟ་མི་ཐུབ། དགོས་རྒུ་ཡི་ས་ཁྲ་འང་བཀོལ་སྤྱོད་མེད། དགོས་རྒུ་ཁེ་ལས་ཁང་གི་ཐག་གཅོད་དེས་ཧྭ་ཝེ་ཡི་སྲོག་རྩ་ཡང་ཐེངས་ཅིག་ལ་བཅད་པ་དང་ཀུན་ནས་མཚུངས།
ཟླ་འདིའི་ཚེས ༧ ཉིན། ངོ་དེབ་ཀྱི་སྤེལ་བའི་གསལ་བསྒྲགས་ལ་གཞིགས་ན། གོང་ཞུས་ཁྲིམས་སྲོལ་ལྟར། ཧྭ་ཝེ་ཡི་ལག་ཁྱེར་ཁ་པར་ནང་ངོ་དེབ་དང་། WhatsApp དང Instagram ཕབ་ལེན་མ་ཐུབ་མ་བཟོ་རྒྱུ་གཏན་ཁེལ་ཡོད་པས། ཡང་ཐེངས་གཅིག་ལ་ཧྭ་ཝེ་ཡི་སྲོག་རྩ་བཅད་པ་རེད།
ཧྭ་ཝེ་ཡིས་ཨ་རིའི་ཐག་གཅོད་དེ་དག་གི་ཧྭ་ཝེ་ཁ་པར་ལ་གནོད་འཚེ་ཆེ་མེད་ཚུལ་སྒྲུབ་གང་ཐུབ་བྱས་ཡོད་མོད། འོན་ཀྱང་རྒྱ་ནག་ནང་ལོགས་ལ་མཚོན་ན། དགོས་རྒུ་དང་ངོ་དེབ་སོགས་ཡོད་དང་མེད་ལ་ཁྱད་པར་མེད། ཅིའི་ཕྱིར་ཞེ་ན། སྤྱིར་ན་དགོས་རྒུ་དང་ངོ་དེབ་གཉིས་རྒྱ་ནག་ནང་དུ་བཀག་ཡོད། ཡིན་ན་ཡང་རྒྱ་ནག་ཕྱི་རོལ་གྱི་རྒྱལ་ཁབ་མང་པོའི་ནང་ཧྭ་ཝེ་ཡི་ཁ་པར་དར་ཁྱབ་ཧ་ཅང་ཆེ་བས། རང་དབང་རྒྱལ་ཁབ་ཏུ་འཚོ་མཁན་ཞིག་ལ་མཚོན་ན། དགོས་རྒུ་དང་ངོ་དེབ།WhatsAp། Instagram སོགས་ནི་མེད་དུ་མི་རུང་བའི་འཚོ་བའི་ཆ་ཤས་སུ་གྱུར་ཡོད་ན། དགོས་རྒུ་དང་ངོ་དེབ་མེད་པའི་ལག་ཁྱེར་ཁ་པར་ཞིག་ནི་དབང་བོ་སྐྱོན་ཅན་གྱི་ཁ་པར་ཞིག་ལས་མ་འདས་ན། སུ་གཅིག་གིས་ཀྱང་དགའ་བོ་བྱེད་མི་སྲིད། ཉིན་འདི་འགའི་གསར་འགྱུར་དུ། ཡུ་རོབ་སི་པན་དང་ཨཱ་མ་ཛོན་སོགས་སུ་ཧྭ་ཝེ་ཡི་ཁ་པར་འབོར་ཆེན་ཕྱིར་སློག་གིན་པའི་གནས་ཚུལ་ཐོན་ཡོད།
དེ་ལས་གཞན། ཨ་རིའི་སྲིད་འཛིན་མཆོག་གིས་ཚེས ༦ ཉིན། གལ་སྲིད་དགོས་ངེས་ལ་ཐུག་ཚེ། རྒྱ་ནག་ནས་ནང་འདྲེན་ཨ་སྒོར་ཁྲག་ཁྲིག་གསུམ་དང་ཐེར་འབུམ་ཆེ་མོ་གཅིག་ཐེན་འབུམ་ལྔ་དང་དུང་ཕྱུར་གཉིས་ཀྱི་རིན་གོང་གི་ཚོང་རྫས་ཀྱི་སྒོ་ཁྲལ་སྤར་འཆར་ཡོད་ཚུལ་གསར་འགོད་པར་གསུངས་ཡོད་པ་རེད།
ད་ལྟ་འཛམ་གླིང་ཧྲིལ་བོས་རིང་མིན་ཉི་ཧོང་དུ་འཚོག་འཆར་ཡོད་པའི G༢༠འི་ལྷན་ཚོགས་སྐབས། ཁྲོ་འབར་དང་ཞི་ཅིན་ཕེང་གཉིས་ཐུག་འཕྲད་གནང་རྒྱུ་ཡིན་པས། དབུ་ཁྲིད་རྣམ་གཉིས་ཐུག་ན་གནས་སྟངས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་ཨེ་ཡོང་གི་རེ་བ་བཅངས་ཡོད།
ཨ་རྒྱའི་བར་བྱུང་བའི་ཉོ་འཚོང་གི་འགལ་ཟླ་ལ་ཡོངས་ཁྱབ་ཏུ་ཚོང་དམག་ཅེས་འབོད་ཀྱིན་ཡོད། ཡིན་ན་ཡང་ཨ་མེ་རི་ཀས་དེ་ལ་ཉོ་འཚོང་སྙོམས་སྒྲིག་ཟེར་ཞིང་། རྒྱ་ནག་གིས་ཉོ་འཚོང་འགལ་ཟླ་ཞེས་འབོད། ཟླ ༥ བའི་ཚེས ༡༠འི་ཡར་སྔོན་དུ་ཨ་རྒྱའི་ཚོང་དམག་གི་ཁྱབ་ཁོངས་དེ་ཉོ་འཚོང་གི་ཁྱབ་ཁོངས་ཀྱི་སྒོ་ཁྲལ་སྤར་ལྕོགས་ཀྱི་རིམ་པ་དེ་ན་ཡོད། དེའི་རྗེས་སུ་རིམ་གྱིས་ཚན་རིག་ལག་རྩལ་གྱི་ཁྱབ་ཁོངས་སུ་གོམ་ཁ་ཕྱོགས་ཡོད་པ་དང་། དེ་མིན་ཨ་རིའི་སློབ་གྲྭ་ཆེ་ཁག་དང་ཞིབ་འཇུག་སྡེ་ཚན་འགས་རྒྱ་རིག་སློབ་དཔོན་ཆེན་མོ་དང་ཞིབ་འཇུག་པ་འགའ་གསང་མྱུལ་བ་དང་རྫུན་བཤད་པའི་ཉེས་མིང་བཙུགས་ནས་སློབ་གྲྭ་དང་ལས་ཁུངས་ནས་གནས་དབྱུང་བཏང་ཡོད་པས། དེ་འདྲ་སོང་ཚེ་ཁྱབ་རྒྱ་ཇེ་ཆེར་འགྲོ་རྒྱུའི་ཉེན་ཁ་ཡོད་པས། དུས་ཡུན་ཐུང་ངུའི་ནང་གནས་སྟངས་ལ་བཏང་འཛིན་མ་ནུས་ཚེས། དོན་གྱིས་ཚོང་དམག་གི་གནས་སྟངས་ཤར་ངེས་ཡིན་པ་མ་ཟད། གྲང་དམག་ཐེངས་གཉིས་པ་བྱུང་མི་སྲིད་པ་གཏན་ནས་མིན། གྲང་དམག་ནི་ཚ་དམག་གི་སྔོན་འགྲོ་ཡིན་པས། གལ་ཏེ་ཨ་རྒྱ་གཉིས་བར་དམག་འཁྲུག་བྱུང་ཚེ། དེ་ནི་ས་ཡི་གོ་ལའི་འཁྲུག་ཆེན་ཞིག་ཡིན་པ་སྨོས་མ་དགོས་སོ།།
མཐར་ཞི་ཅིང་ཕེང་གི་ཨུ་རུ་སུའི་རྒྱལ་དོན་གཟིགས་སྐོར་ཐད་ནས་ཅུང་ཞིག་གླེང་ན། སྤྱིར་ན་འཛམ་གླིང་རྒྱལ་ཁབ ༢༠༠འི་ཁྲོད། རྒྱ་ནག་ལ་དོན་དམ་པའི་མནའ་མཐུན་རྒྱལ་ཁབ་གཅིག་ཀྱང་མེད། ཨ་རྒྱའི་ཚོང་དམག་ཛ་དྲག་ཆགས་པའི་གནས་སྐབས་འདིར་ཞི་ཅིན་ཕེང་ཨུ་རུ་སུར་འུར་ཤོབ་ཚ་བས་རྒྱལ་དོན་གཟིགས་སྐོར་གནང་བ་དེ་རྒྱ་ཨུས་དཔུང་སྒྲིག་ནས་ཨ་མེ་རི་ཀར་ཁ་གཏད་ལྕོགས་རྒྱུའི་སྔོན་བརྡ་ཞིག་ལ་ངེས་འཛིན་རུང་ཡང་། དོན་ཀྱིས་ཆབ་སྲིད་དང་དཔལ་འབྱོར་གྱི་དགོས་དབང་གིས་ཕྱོགས་གཅིག་ཏུ་འཁོར་བ་ཙམ་ལས་ཞི་ཅིན་ཕེང་གིས་རེ་བ་ཇི་བཞིན “རྣམ་པ་གསར་བའི་མཐུན་གྲོགས” སུ་གྱུར་མི་སྲིད། ལོ་རྒྱུས་སུ་ཨུ་རུ་སུ་དང་རྒྱ་ནག་གཉིས་དགྲ་ལྟག་སྤྲོད་ཡིན་པས། མཐུན་ཐབས་མེད། ཡིན་ན་ཡང་། ཨ་མེ་རི་ཀར་མཚོན་ན། རྣམ་འགྱུར་དེར་བསམ་བློ་མ་བཏང་རང་བཏང་ཡིན། ལོ་ལྔ་བཅུའི་སྔོན་ལ་ཨ་རས་རྒྱ་ནག་དང་དཔུང་བསྒྲིགས་ནས་སྐབས་དེའི་སུའུ་ལེན་དང་གྲང་དམག་བརྒྱབས་ནས་མཐར་སུའུ་ལེན་གཏོར་ཐུབ་པ་རེད། དེ་རིང་རྒྱ་ནག་གིས་ཨུ་རུ་སུར་དཔུང་བསྒྲིགས་ནས་ཨ་མེ་རི་ཀ་ཁ་གཏད་ལྕོགས་སྲོལ་དེ་ལོ་རྒྱུས་ཀྱི་རྩེད་མོ་ཞིག་ཐེངས་ཤིག་ཅི་ལ་མིན།
གང་ལྟར། ཨ་མེ་རི་ཀ་དང་ཨུ་རུ་སུ། རྒྱ་ནག་གསུམ་པོའི་འབྲེལ་བ་དེ་དུས་ནམ་ཡིན་ཡང་འབྲལ་ནས་བྲལ་འགྲོ་ས་ཞིག་མེད་ལ། མཐུན་ནས་འགྲིག་འགྲོ་བ་ཞིག་ཀྱང་མེད་དོ།།