ཡུ་རོབ་བུ་མོའི་སྣང་བ་ཨ་རིའི་བུ་མོས་ལེབ་རྡུང་བྱས།

Screen Shot 2019-07-14 at 6.42.02 PM
ཨ་རིའི་བུ་མོའི་གཟི་བརྗིད། 

༢༠༡༩ ལོའི་བུད་མེད་ཀྱི་རྐང་རྩེད་སྤོ་ལོ་འཛམ་གླིང་བུམ་པའི་རྟིང་རྩོད་དེ་ཟླ ༧ པའི་ཚེས ༧ ཉིན། ཧྥ་རན་སིའི་གྲོང་ཁྱེར་ལེ་ཨོན་གྱི་རྐང་རྩེད་སྤོ་ལོའི་རྩེད་ཐང་ཆེན་དུ་ཨ་རི་དང་ནེ་དྷིར་ལནྡིའི་བར་བརྩད་པ་དང་། དུས་ཡུན་སྐར་མ ༩༠ འི་འགྲན་བསྡུར་ཁྲོད་ཨ་རིའི་བུ་མོ་ཚོ་འགྲན་ཡ་ལས་རྣམ་པར་རྒྱལ་ནས་བུད་མེད་ཀྱི་རྐང་རྩེད་སྤོ་ལོ་འཛམ་གླིང་བུམ་པ་སྐབས ༨པའི་པྲོག་རབ་ཐོབ་པ་དང་། ནེ་དྷིར་ལནྡི་པྲོག་འབྲིང། སི་ཝེ་ཌན་ལ་པྲོག་མཐའ་ཐོབ།

“USA,USA” ཞེས་པའི་སྤོ་ལོ་ཞེན་པའི་འབོད་སྒྲའི་ཁྲོད་ཨ་རུའི་བུ་མོ་ཚོས ༢ དང ༠ གི་གྲུབ་འབྲས་བླངས་ནས་ལོ་རྒྱུས་སུ་ཐོག་དང་པོར་རྟིང་རྩོད་དུ་བསླེབས་པའི་ནེ་དྷིར་ལནྡིའི་རུ་ཁག་ཕམ་པར་བརྒྱབས་པ་དང་། དེ་ནི་ཨ་རིའི་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་ལོ་རྒྱུས་སུ་འཛམ་གླིང་བུམ་པའི་པྲོག་རབ་བསྟུད་མར་ཐེངས་གཉིས་ལ་བླངས་པའི་ཟིན་ཐོ་ཡིན།

སི་པན་དང་དབྱིན་ཇིའི་རུ་ཁག་དང་བསྡུར་ན་ནེ་དྷིར་ལནྡིའི་རུ་ཁག་དེ་དེ་འདྲའི་བཙན་པོ་ཞིག་མིན་མོད། འོན་ཀྱང་རྟིང་རྩོད་ལ་དངོས་སུ་ཞུགས་དུས་ལས་སླ་བོ་ཁྱོན་ནས་ཆགས་མེད། འགྲན་བསྡུར་ཕྱེད་སྟོད་ཀྱི་སྐར་མ ༤༥ རིང་ཕྱོགས་གཉི་གས་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་པར་འདྲ་མཉམ་ཆགས། དེ་ནས་ཕྱེད་སྨད་འགོ་ཚུགས་ནས་སྐར་མ ༦༡ གི་སྟེང་། ནེ་དྷིར་ལནྡིའི་རྩེད་པ་ཞིག་གིས་འགྲིག་འགལ་བྱས་པའི་ཉེར་ལེན་གྱིས་ཨ་རིའི་རུ་ཁག་ལ་ཉེས་ཆད་རྡོག་འཕུལ་གྱི་གོ་སྐབས་ཤིག་རེག ཨ་རིའི་རུ་ཁག་གི་དབུ་ཁྲིད་གྲས་ལོ་ན ༣༤ ཡིན་པའི་མེ་གྷན་རཱ་ཕི་ནོ (megan Rapinoe) ལགས་ཀྱིས་ཀླན་ཀ་དེ་དང་དུ་བླངས་ནས། སྤོ་ལོའི་སྒོ་ནས་གོམ་པ་བཅུ་གཉིས་ཀྱི་སར་བཞག་པའི་སྤོ་ལོ་གཟས་ནས་དལ་མིན་མགྱོགས་མིན་ངང་འདུར་ནས་བརྒྱུགས། རྩེད་ཐང་གི་ལྟད་མོ་བ་དང་བརྙན་འཕྲིན་མདུན་གི་སྤོ་ཞེན་པ་ཁྲི་སྟོང་གི་དབུགས་ཀྱི་རྒྱུ་བ་འགག་ཅིང་། དུས་ཀྱི་བགྲོད་པའང་ཆད་པ་ལྟ་བུའི་དུས་ཡུན་སྐར་ཆ་གཉིས་ཙམ་གྱི་རྗེས་སུ། སྤོ་ལོ་དེ་འཕལ་ནས་ཤོར་བའི་མདའ་མོ་བཞིན་རྒྱང་སེ་སྒོ་སྲུང་གི་གཡོན་ཕྱོགས་ནས་ཤོར་ཏེ་རྒྱབ་ཀྱི་དྲྭ་ངོར་བརྒྱབས་པ་དང་མཉམ་དུ་གནམ་ས་འདར་བའི་འུར་སྒྲས་བར་སྣང་ཁེངས་ཤིང་། ཨ་རིའི་སྤོ་ལོ་རྩེད་པ་མཛེས་མ་ཚོ་གཅིག་གཅིག་ལ་འཐམ་ནས་དགའ་བསུའི་གར་ལ་རོལ། ལྷག་པར་དུ་སྐྲ་མདོག་ཟིང་སྐྱ་བཟོས་པའི་མེ་གྷན་གྱིས་ཤིན་ཏུ་རིང་བའི་ལག་པ་གཉིས་ཕྱོགས་གཉིས་སུ་བསྲིངས་ནས་ཁོང་མོའི་དམིགས་བསལ་གྱི་ཁྱད་ཆོས་ལྟར་དགའ་བསུ་ཞུས་ཤིང་། དེ་ལས་ལྡོག་དེ་ནེ་དྷིར་ལནྡིའི་མཛེས་མ་ཚོ་ངོ་ཤོར་ཞིང་ཕར་འགྲོ་ཚུར་འགྲོ་བྱས་ནས་བསྡད། རྒྱལ་ཁའི་དགའ་བསུ་དང་ཕམ་པའི་ངོ་ཤོར་གྱི་སྐབས་ཏག་ཏག་དེར། རྩིག་ངོས་ཀྱི་འཆར་ཤེལ་ཆེན་པོའི་སྟེང་གི་བསྡུར་གྲངས་དེ་གོར་ཐིག་གཉིས་ནས ༡:༠ རུ་གྱུར།

མེ་གྷན་རཱ་ཕི་ནོ (megan Rapinoe) ལགས་ཀྱིས་ཐེངས་འདིའི་འགྲན་རྩོད་ཁྲོད་ཁྱོན་བསྡོམས་པའི་སྤོ་ལོ ༦བླུགས་པས། བླུགས་མཁན་རྩེ་གྲའི་གསེར་ལྷམ་གྱི་གཟེངས་རྟགས་ཐོབ་པ་མ་ཟད། རྩེད་པ་རྩེ་གྲ་གསེར་གྱི་གོ་ལའི་གཟེངས་རྟགས་ཀྱང་ཐོབ་པ་རེད།

 

Screen Shot 2019-07-14 at 6.30.33 PM.png
མེ་གྣ་རཱ་ཕི་ནོ། 

 

དེ་ནས་འགྲན་བསྡུར་མུ་མཐུད་ནས་བྱས་ཏེ་སྐར་མ ༨ ཀྱི་མཚམས་སུ་བསླེབས་དུས། ཨ་རིའི་རྩེད་པ་རོ་སི་ལཱ་བི་ལིས (Rose lavelle)  ནེ་དྷིར་ལནྡིའི་རྩེད་པ་ཚོའི་བཀག་འགོག་གཏོར་མཐར་བདེ་ཕྱོགས་ལྟར་རྐང་པ་གཡོན་པས་སྟོབས་ཀྱི་བརྒྱབས་ནས་སྟོབས་ཀྱིས་བླུགས། དེ་ཙ་ན་རྒྱལ་ཁའི་རེ་བ་ཆེས་ཆེར་ཕྱིན།

Screen Shot 2019-07-14 at 6.43.32 PM
རོ་སི་ལཱ་བི་ལི། ༼གྱོན་ཆས་དཀར་པོ་ཅན་དེ༽། 

འགྲན་བསྡུར་དུས་ཡུན་སྐར་མ ༩༠ ཡོངས་སུ་ཚང་ནས་ཁྲུན་གཅོད་པ་གཙོ་བོས་པི་པི་སིང་སེ་བཏང་དུས། མཇུག་མཐའི་ཐོབ་སྐར་ནི་ཨ་རི ༢ དང་ནེ་དྷིར་ལནྡི ༠ ཡིན་ཞིང་། སྤྲོ་སེམས་རབ་ཏུ་འཁོལ་བའི་ཨ་རིའི་བུད་མེད་རྐང་རྩེད་སྤོ་ལོར་ཞེན་མཁན་ཧྥན་སི་ཁྲི་སྟོང་མང་པོ་དང་། ནང་སྒོས་སུ་ཨ་རུའི་རྐང་རྩེད་སྤོ་ལོ་རྩེད་པ་བུ་མོ་ཚོས་གཅིག་གཅིག་ལ་འཐམ་པ་དང་། རྒྱལ་དར་འཕྱར་བ། རྒྱལ་དར་ལུས་སྟེང་དུ་གོན་པ་སོགས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་རྒྱལ་ཁའི་འབྲས་བུར་དགའ་བསུ་ཞུས།

བུད་མེད་ཀྱི་རྐང་རྩེད་སྤོ་ལོ་འཛམ་གླིང་བུམ་པའི་འགྲན་ཚོགས་ཐེངས ༨ པའི་སྟེང་ཞུགས་མཁན་གོ་ལ་ཤར་ནུབ་ཀྱི་རྒྱལ་ཁབ ༣༢ ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གིས་འགྲན་བསྡུར་སྐོར་གཉིས་ལ་བྱས་རྗེས། རྩེ་བུད་རུ་ཁག ༨ ལྷག་ཡོད་པ་དང་། ཨ་རི་ཕུད་པའི་གཞན་རྣམས་ནི། ནོར་ཝེ་དང་། དབྱིན་ཇི། ཧྥ་རན་སི། ཨེ་ཊ་ལེ། ནེ་དྷིར་ལནྡི། འཇར་མཱ་ནེ། སི་ཝེ་ཌན་བཅས་ཚང་མ་ཡུ་རོབ་ཡིན་ཞིང་། དེ་ནས་ཨ་རིའི་བུ་མོ་ཚོས་སི་ཝེ་ཌན་དང་སི་པན། དབྱིན་ཇི་བཅས་རེ་རེ་བཞིན་ཕམ་པར་བརྒྱབས་ནས། མཐར་ཡུ་རོབ་གླིང་གི་རྩེ་བུད་རུ་ཁག་ནེ་དྷིར་ལནྡི་དང་མཐའ་མའི་རྟིང་རྩོད་དུ་ཐུག་ནས། བར་ཆད་དང་ཉེན་ཁ་སོགས་ཅི་ཡིན་མ་བྱུང་བར། བདེ་བླག་ངང་འགྲན་ཡ་ནེ་དྷིར་ལནྡིའི་བུ་མོ་ཚོ་ལས་རྣམ་པར་རྒྱལ་པས་ན། ཡུ་རོབ་བུ་མོའི་སྣང་བ་ག་ཙོད་མཐོ་ཡང་ཕམ་སོང་ལ། ཨ་རིའི་བུ་མོར་ང་རྒྱལ་ཆེ་ལུགས་ག་ཚོད་བཤད་ཀྱང་རྒྱལ་སོང། མདོར་ན་ཡུ་རོབ་བུ་མོའི་སྣང་བ་ཨ་རིའི་བུ་མོས་ལེབ་རྡུང་བྱས་པ་རེད།

 

རྐང་རྩེད་སྤོ་ལོ་གསར་གཏོད་བྱས་པ་དེ་འགྲོ་བ་མིའི་འཕེལ་རྒྱས་ཆེན་པོ་ཞིག་ཡིན། རྐང་རྩེད་སྤོ་ལོས་འགྲོ་བ་མིའི་གོམ་ཁ་ཇེ་ཡངས་སུ་བཏང་ཡོད་ལ། འགུལ་སྐྱོད་ཀྱི་ཁོར་ཡུག་ཇེ་ཆེ་རུ་བཏང་ཡོད། རྐང་རྩེད་སྤོ་ལོའི་ལོ་རྒྱུས་སུ་རླབས་ཆེན་གྱི་རྩེད་པ་མང་པོ་བྱུང་ཡོད་ལ། ཕུལ་བྱུང་གི་རུ་ཁག་ཀྱང་མང་པོ་བྱུང་ཡོད། ཕུལ་བྱུང་གི་རུ་ཁག་དེ་དག་ཁྲོད་ཨ་རིའི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་ནི་ཕུལ་བྱུང་ནང་གི་ཕུལ་བྱུང་དང་སྐར་མའི་ནང་གི་སྐར་ཆེན་ཡིན་ཞེས་བཤད་ཀྱང་ཐལ་སྐྱོན་མེད།

སྐྱེས་པའི་རྐང་རྩེད་སྤོ་ལོ་འཛམ་གླིང་བུམ་པ་དེ ༡༩༣༠ གྲངས་ནས་འགོ་ཚུགས་ཡོད་ལ། དེ་དང་བསྡུར་ན་བུད་མེད་ཀྱི་རྐང་རྩེད་སྤོ་ལོ་འཛམ་གླིང་བུམ་པ་དེ་ལོ ༦༠ ཡི་རྗེས་ནས་ད་གཟོད་འགོ་ཚུགས་པ་རེད། བུད་མེད་ཀྱི་རྐང་རྩེད་སྤོ་ལོ་འཛམ་གླིང་བུམ་པ་སྐབས་དང་པོ་དེ ༡༩༩༡ ལོར་རྒྱ་ནག་ཏུ་འཚོགས་པ་རེད། ལོ་བཞི་རེའི་མཚམས་སུ་ཐེངས་ཤིག་ཚོགས་སྲོལ་ཡོད་པ་ལྟར། ད་བར་དུ་ཐེངས ༨ ལ་འཚོགས་ཡོད་ལ། བཤད་རིན་ཡོད་པ་ཞིག་ལ། ཚོགས་ཐེངས ༨ པོའི་ཁྲོད ༡༩༩༡ ལོ་དང་། ༡༩༩༩། ༢༠༡༥། ༢༠༡༩ ལོ་བཅས་ཐེངས ༤ འི་པྲོག་རབ་ཨ་རིས་བླངས་ཡོད་པ་མ་ཟད།  ༡༩༩༦ལོ་དང་། ༢༠༠༤། ༢༠༠༨། ༢༠༡༢ བཅས་ཀྱི་རྒྱལ་སྤྱིའི་ཨོ་ལེམ་ཕིག་ལས་རྩལ་འགྲན་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་པྲོག་རབ་ཀྱང་ཨ་རིའི་བུ་མོ་ཚོས་བླངས་ཡོད་པས། ཨ་རིའི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་ནི་ཕུལ་བྱུང་ནང་གི་ཕུལ་བྱུང་དང་སྐར་མའི་ནང་གི་སྐར་ཆེན་ཡིན་ཞེས་ང་རྒྱལ་གྱིས་བཤད་པ་ཡིན་ནོ།།

མཆན། པྲོག་ནི་རྩེ་མོའི་དོན་ལ་མཇུག་པ་དང་། ཨང་དང་པོར་གོ་ཆོག  དེ་བཞིན་རང་རེའི་བོད་ལ་རབ་འབྲིང་མཐའ་མའི་དབྱེ་སྲོལ་ཡོད་པ་ལྟར། ཨང་དང་པོ། གཉིས་པ། གསུམ་པ་ལ་པྲོག་རབ། པྲོག་འབྲིང་། པྲོག་མཐའ་ཞེས་བཏགས་ན་དོན་དང་མཐུན་ལ་ཚིག་ཀྱང་བདེ་བར་སྙམ།