གངས་ལྗོངས་ཁུ་བྱུག་སྔོན་མོ་ང་ཚོ་དང་དུས་གཏན་དུ་བྲལ་སོང་།

12800223_1700149890233926_6152960994320933169_n
ཁྲོ་བོ་བདུད་འདུལ་རྡོ་རྗེའམ་གདུ་བྷེ།

བོད་ཀྱི་རྡུང་ལེན་མཁན་གྲགས་ཅན་བདུད་བྷེ་ལགས་སྙུན་གཞི་དྲག་སྐྱེད་མ་བྱུང་པར་སྐུ་གྲོངས་ཡོད་པ་དང་། དགུང་ལོ ༤༩ རེད།

དེ་ཡང་སྤྱི་ལོ ༢༠༡༦ལོའི་ཟླ ༢ པའི་ཚེས ༢༧ གྱི་དགོང་མོའི་དུས་ཚོད ༡༡ དང་སྐར་མ་༡༢ སྟེང་སྐུ་གྲོངས་ཡོད་པ་དང་། སྐུ་ཞབས་བདུད་བྷེ་ལགས་དུས་ཡུན་རིང་པོར་མཆིན་ནད་བྱུང་ནས་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཧྭ་ཤིས(华西)སྨན་ཁང་དུ་སྨན་བཅོས་བྱས་ཡོད་པ་དང་། གོང་ཞུས་ཟླ་ཚེས་དེའི་དགོང་མོའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་སྟེང་སྨན་པས་དྲག་སྐྱེད་མི་ཡོང་བའི་བརྡ་སྦྱོར་ཁོང་གི་ནང་མི་དང་ནད་གཡོག་ཚོར་སྤྲད་རྗེས། ནང་མི་དང་ནད་གཡོག་ཚོས་ཁོང་གི་རེ་འདུན་ལྟར་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་བསྐྱེལ་པའི་ལམ་བར་དུ་སྐུ་གྲོངས་ཡོད་པ་རེད། 
གངས་རིའི་ལྗོངས་ཀྱི་གླུ་ངག་སྒྱུ་རྩལ་བ་ཆེན་མོ་ངེས་པ་དོན་གྱི་གངས་རིའི་གླུ་བ་སྙོམས་མེད་པ་ཁྲོ་བོའི་བདུད་འདུལ་རྡོ་རྗེའམ་གཅེས་མིང་ལ་གདུ་བྷེ་ལགས་སྤྱི་ལོ ༡༩༦༨ལོར་མདོ་སྨད་རྨ་ཆུ་རྫོང་ཁྲོ་བོ་སྨད་མའི་རྔ་སྟོད་གྱི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་སྐྱེས་ཤིང་། དེ་ནས་སྤྱི་ལོ ༡༩༨༡ ལོར་སློབ་ཆུང་ལ་ཞུགས་པ་དང་། སློབ་འབྲིང་སྐབས་རྨ་ཆུ་རྫོང་གླུ་གར་ཚོགས་པར་ཞུགས། སྐབས་དེར་བོད་ཀྱི་རྡུང་ལེན་རྒྱལ་པོར་འབོད་པའི་དཔལ་མགོན་ལ་་དང་། དེ་ནས་རྒན་དཔལ་མགོན་ལགས་དགེ་རྒན་ལ་བསྟེན་ནས་རྡུང་ལེན་ལ་སྦྱོང་བརྩོན་བྱས། གདུ་བྷེའི་ཆེས་ཐོག་མའི་སྒྲ་ཐག༼སྣང་རའི་སངས་རྒྱས༽དང་། ༼བདུད་བྷེའི་རྡུང་ལེན་ཆེད་བསྒྲིགས༽། ༼བརྩེ་ལྡན་གྱི་གངས་ཕྲུག༽། ༼ཅོ་ཀའི་དྲུག་འགྱུར༽སོགས་བོད་ཡུལ་དུ་ཁྱབ་རྗེས། བོད་མི་ཚོས་བདུད་བྷེ་ལ་བརྩེ་ལྡན་གངས་ཕྲུག་དང་ཅོ་ཀའི་དྲུག་འགྱུར་སོགས་ཀྱི་མཚན་སྙན་ཕུལ།

སྐུ་ཞབས་བདུད་བྷེ་ལགས་ནི་དེང་རབས་བོད་ཀྱི་རྡུང་ལེན་སྒྱུ་རྩལ་གྱི་ཚབ་མཚོན་མི་སྣ་དང་། སྐུ་ཚེ་གང་པོར་རང་སྐད་རང་ཡུལ་གྱི་བརྒྱུད་ལམ་ནས་བོད་རིགས་ཀྱི་ལས་དབང་གླུ་རུ་ལེན་མཁན་དང་། རྒྱུད་དྲང་གཤིས་བཟང་གི་བོད་མའི་རང་གཟུགས་མངོན་པར་མཚོན་པའི་ན། ཁོང་གི་གླུ་ངག་ཁྲོད་དུ་བོད་མིའི་ཡ་རབས་སྤྱོད་བཟང་གི་ལམ་སྟོན། བླ་སྤྲུལ་དགེ་བའི་བཤེས་གཉེན་གྱི་གདམས་ངག གནས་དང་དགོན་སྡེ་གྲགས་ཅན་གྱི་བསྟོད་གླུ མི་རིགས་ཀྱི་ལ་རྒྱ་དང་། མི་རིགས་མཐུན་སྒྲིལ། སློབ་སྦྱོང་གི་སྐུལ་སློང་། སྐད་ཡིག་དང་རིག་གཞུང་རྒྱུད་འཛིན། འཚོ་བའི་དགའ་སྐྱོ་སྣ་ཚོགས།  བོད་ཀྱི་རང་བྱུང་ཁོར་ཡུག་གཅེས་འཛིན་སོགས། ཕལ་ཆེར་བོད་ཀྱི་སྣོད་བཅུད་གཉིས་ན་གླུ་གཞས་ཀྱི་དབྱངས་རྟ་ལ་བརྒྱུས་མ་མྱོང་བ་ཞིག་ལྷག་མེད་པའི་ཚོད་དུ་ཡོད། དེ་བཞིན་བོད་མདོ་དབུས་ཁམས་གསུམ་ཀུན་ཏུ་བདུད་བྷེའི་གླུ་གོ་མ་མྱོང་བ་ཞིག་ཕལ་ཆེར་མེད་ཅེས་ལབ་ཀྱང་ཐལ་ཆ་མེད། སྤྱིར་ན་བདུད་བྷེས་བླངས་པའི་རྡུང་ལེན་ཚང་མར་བོད་མིའི་དགའ་བོ་ཆེན་པོ་བྱེད་ཀྱིན་ཡོད་ལ། ལྷག་པར་དུ་ཁོང་གི༼པན་ཆེན་དྲན་གླུ༽དང་། ༼ང་དང་ཁུ་བྱུག་སྔོན་མོ༽། ༼སྐལ་བཟང་ལྷ་མོ༽།༼སྤང་རྒྱན་མེ་ཏོག༽། ༼ རི་དྭགས་སྐྱོ་གླུ༽སོགས་བོད་ཁ་བ་ཅན་གྱི་རི་ཆུ་ནགས་གསུམ་ལ་འཐིམས་ཡོད་ལ། བོད་མི་ཡོང་གི་སེམས་སུ་འཇགས་ཡོད། བདུད་བྷེའི་ཡིད་དབང་འགུག་པའི་སྐད་ངག་དེ་མི་སུའི་གོ་ན་སུ་ཡི་སྡུག་བསྔལ་སངས་ཞིང་སྤྲོ་བ་སྦྱིན་ནུས་པས། བོད་མི་ཚོས་ཁོང་ལ་གངས་ལྗོངས་ཁུ་བྱུག་སྔོན་མོ་ཞེས་མཚན་སྙན་གནང་ཡོད་པ་རེད།

དེ་མིན་སྐུ་ཞབས་བདུད་བྷེ་ཡིས་བོད་མིའི་ལས་དབང་ལ་གཞིགས་ནས་གངས་ཅན་པ་ཞིག་གི་འོས་འགན་ཁུར་དུ་བླངས་ནས་བོད་ཀྱི་རྡུང་ལེན་སྒྱུ་རྩལ་ཁྲོད་བྱས་རྗེས་རླབས་པོ་ཆེ་བཞག་པ་དང་ཆབས་ཅིག་ཕྱི་རབས་པ་མང་པོ་ཞིག་ཐུགས་བརྒྱུད་དུ་བཟུང་ནས་མཛུབ་སྟོན་བྱས་རྐྱེན། ད་ལྟ་བོད་མདོ་དབུས་ཁམས་གསུམ་ན་བདུད་བྷེའི་སློབ་མ་དབྱར་ཁའི་མེ་ཏོག་བཞིན་བཞད་དང་བཞད་མུས་སུ་ཡོད།

གངས་ལྗོངས་ཁུ་བྱུག་སྔོན་མོ། ཁྱེད་རང་བདེ་བར་བཞུད་དང་། ང་ཚོས་ཁྱེད་ལ་སྐྱེལ་མ་བྱེད། ཁྱེད་ཀྱི་གླུ་སྐད་སྙན་མོ་གངས་ལྗོངས་ཡུལ་ན་འཁྱིལ་ཡོད། བོད་མིའི་རུས་སུ་ཟུག་ཡོད། ཁྱེད་རང་བཞུད་ཀྱང་། ཁྱེད་ཀྱི་སྐད་ངག་སྙན་མོ་དུས་གཏན་དུ་ང་ཚོ་དང་མཉམ་དུ་ཡོད། བདེ་བར་བཞུད་ཅིག ང་ཡི་ཁུ་བྱུག

Advertisements