ཇི་སྐད་དུ G༥ ཟེར་བའི་མིང་ཚིག་འདི་ད་ལྟའི་ཆར་བརྙན་འཕྲིན་དང་། རླུང་འཕྲིན། ཚགས་པར་སོགས་སྨྱན་བྱེད་ཀྱི་ཚོགས་དང་། རྒྱལ་ཁབ་སྲིད་འཛིན་དང་ཕྱི་འབྲེལ་མི་སྣའི་ཁ་ཐོག་ལྕེ་ཐོག་ན་རྟག་ཏུ་གླེང་གིན་པའི་བརྡ་ཆད་ཅིག་ཡིན་པ་དང་། དེ་མིན་མི་རྣམས་པའི་ཇ་ཁ་ཆང་ཁའི་ཁ་བརྡའི་ཁྲོད་རྒྱུན་དུ་གོ་རྒྱུ་མང་པོ་ཡོད་པའི་གསར་བྱུང་གི་ཐ་སྙད་ཅིག་ཆགས་ཡོད། གོ་བ་ལོན་དཀའ་བའི་གསར་བྱུང་གི་བརྡ་ཆད—འཕྲུལ་རབས ༥ པ—འདི་དུས་རབས་ཉེར་གཅིག་པ་ཁ་ལོ་སུ་ཡིས་བྱེད་རྒྱུ་དང་། མ་འོངས་པར་གོ་ལའི་དབུ་སུ་ཡིད་འཁྲིད་རྒྱུར་འབྲེལ་བ་དམ་པོ་ཆགས་ཡོད། དེའི་སྟབས་ཀྱིས་གལ་བོ་ཆེ་ལ་ནན་གྱིས་ཚུལ་དུ་གསར་བྱུང་གི་ཡོ་ཆས་འདི། བརྡ་ཆད་འདི་ངོ་སྤྲོད་ཤེས་ཚོད་ཅིག་བྱ་འདོད་བྱུང་།
G༥འམ་འཕྲུལ་རབས ༥ པ་ནི་བསྡུས་མིང་ཞིག་ཡིན། མིང་ཁ་ཚང་ལ། སྐུད་མེད་འཕྲིན་སྐྱེལ་མ་ལག་འཕྲུལ་རབས ༥ པ (5th Generation Wireless Systems) ཟེར།
འཕྲུལ་རབས ༥ པ་ནི་སྐུད་མེད་འཕྲིན་སྐྱེལ་མ་ལག་གསར་ཤོས་དེ་ཡིན་ཞིང་། འཕོ་བའི་དྲ་རྒྱ་མ་ལག་ཁྲོད། བརྡ་རྟགས་ཀྱི་ཁེབས་ཁུལ་རེ་རེ་མཐའ་དྲུག་ཅན་གྱི་དབྱིབས་ཅན་དུ་ཆགས་ཡོད་པ་དང་། གཟུགས་དབྱིབས་དེ་སྦྲང་ཚང་གི་རྣམ་པ་དང་འདྲ་བས་ན། མིང་གཞན་ལ་སྦྲང་ཚང་འཕོ་བའི་འཕྲིན་སྐྱེལ་ལག་རྩལ་ཡང་ཟེར། གསར་བྱུང་གི་འཕྲུལ་རབས ༥པ་ནི། འཕྲུལ་རབས ༤ པ༼LTE-A WiMax༽དང་། འཕྲུལ་རབས ༣ པ༼UMTS LTE༽། འཕྲུལ་རབས ༢ པ༼ GSM༽བཅས་ཀྱི་མ་ལག་བསྟུད་མར་ལེགས་བཅོས་ལས་མཆེད་པའི་དེང་གི་དུས་རབས་འདིའི་ཆེས་གསར་ཤོས་དང་ཆེས་སྔོན་ཐོན་གྱི་ལག་རྩལ་དེ་ཡིན།
འཕྲུལ་རབས ༥ པའི་བྱེད་ནུས་ནི་མགྱོགས་ལོད་ཧ་ཅང་མྱུར་བའི་གྲངས་གནས་ཅན། འགོར་འགྱངས་ཉུང་འཕྲུ། ཐོན་ནུས་ཉུང་བཀོལ། མ་རྩ་དམའ་མོ། མ་ལག་གི་ཤོང་ལོད་མཐོར་འདེགས་དང་གཞི་རྒྱ་ཆེ་བའི་འཕྲུལ་ཆས་དང་འབྲེལ་བ། བཅས་ཀྱི་ཁྱད་ཆོས་དང་ལྡན་པ་རེད།
འཕྲུལ་རབས ༥ པའི་འབུར་དུ་ཐོན་པའི་ཁྱད་ཆོས་ཞིག་ནི། གྲངས་ཀ་སྐྱེལ་འདྲེན་གྱི་མགྱོགས་ལོད་ནི་དེ་སྔའི་སྦྲང་ཚང་དྲ་རྒྱ་གཞན་དག་ལས་རྦད་དེ་མཐོ་ཞིང། ཆེས་མཐོ་ཤོས་དེ Gbit/s ༡༠ ཡིན་ཞིང་། ད་ལྟའི་སྐུད་ལྡན་དྲ་རྒྱ་ལས་ལྡབ་འགྱུར་གྱིས་མགྱོགས་ཤིང་། ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་འཕྲུལ་རབས ༤ པ་ལས་ལྡབ ༡༠༠ ཡིས་མགྱོགས།
འཛམ་གླིང་ཁྱོན་ཡོངས་ཀྱི་འཕྲུལ་རབས ༥ པའི་དྲ་རྒྱའམ་འཕྲུལ་རབས་རྗེས་མའི་འཕྲིན་སྐྱེལ་མ་ལག་གི་འགྲན་རྩོད་ཁྲོད་རྒྱ་ནག་འཛམ་གླིང་རྒྱལ་ཁབ ༡༩༣ ཀྱི་སྔོན་ན་འགྲོ་བཞིན་ཡོད་པས། ནམ་མི་ལངས་ཀ་མེད་ཉི་མས་འདེད། མཚན་མི་ནུབ་ཀ་མེད་མུན་པས་འདེད་པའི་དཔེ་ལྟར། འདས་པའི་ལོ་གཅིག་རིང་ཨ་མེ་རི་ཀའི་ཧུར་བརྩོན་ཆེན་པོས་རྗེས་སྙེག་བྱས་པའི་འབྲས་བུ་རུ། ད་ལྟ་རྒྱ་ནག་གི་རྗེས་ཆོད་ཡོད་པའི་མ་ཟད། ལག་རྩལ་ཚན་ཁག་ལ་ལ་ཞིག་ནས་སྔོན་ལ་ཤོར་ཡོད།
དེ་ཡང་ཨ་རི་སྐུད་མེད་འཕྲིན་སྐྱེལ་དང་དྲ་རྒྱ་མཐུན་ཚོགས (CTLA) ཀྱིས་འདས་པའི་ལོ་གཉིས་ཀྱི་ནང་དུ་རྒྱལ་ཁབ་སོ་སོའི་འཕྲུལ་རབས ༥ པ་ཡི་སྐོར་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་ཉེ་ལམ་སྤེལ་ཡོད་པ་དང་། སྙན་ཐོས་བསྒྲིགས་པའི་མིང་ཐོའི་བང་རིམ་ལྟར་ན། ཨ་མེ་རི་ཀ་ད་ལྟ་རྒྱ་ནག་དང་འདྲ་མཉམ་ཆགས་ནས་འཛམ་གླིང་ཧྲིལ་བོའི་འཕྲུལ་རབས ༥ པའི་གྲབས་སྒྲིག་ཐད་ཨང་པོ་ཡིན་པ་དང་། ཨང་གཉིས་པ་ལྷོ་ཀོ་རེ་ཡ་དང་། ཨང་གསུམ་པ་ཉི་ཧོང་དང་དབྱིན་ཇི་ཡིན་པ་རེད།
ཨ་རི་སྐུད་མེད་ལས་རིགས་ཀྱིས་འཕྲུལ་རབས ༥ པ་ཞིབ་འཇུག་ཆེད་མ་རྩ་ཆེན་པོ་བཞག་ཡོད་པས་དུས་ཡུན་ལོ་གཅིག་གི་ནང་ཚུན་ཡར་རྒྱས་ཆེན་པོ་ཕྱིན་པ་ཡིན་ཞིང་། ཨ་རི་གཞུང་གིས་རྨང་གཞིའི་སྒྲིག་ཆའི་སྲིད་ཇུས་ལ་འགྱུར་བ་བཏང་ནས་སྐུད་མེད་བཀོད་གཉེར་ལས་རིགས་ལ་རོགས་འདེགས་བྱས་ཡོད་པས་ཀྱང་ཡིན་པ་རེད།
འཕྲུལ་རབས ༥ པའི་མཐོ་རིམ་ཟློས་ཚན་དང་དམའ་རིམ་ཟློས་ཚན་བཀོལ་སྤྱོད་ཐད་ནས་ཨ་རི་སྔོན་ལ་ཤོར་ཡོད་ཡང་། ཟློས་ཚན་འབྲིང་རིམ་ནས་ད་དུང་རྒྱ་ནག་གི་རྗེས་ཆོད་མེད། ཟློས་ཚན་འབྲིང་རིམ་དེ་འཕྲུལ་རབས ༥ པ་ལ་མཚོན་ལ་ཧ་ཅང་གི་གལ་ཆེན་པོ་ཡིན། རྒྱུ་མཚན་ནི་དེའི་ཤོང་ཚད་ཆེན་པོ་ཡོད་པས་ཁེབས་ཁུལ་ཧ་ཅང་ཆེན་པོ་ཡིན།
འཕྲུལ་རབས ༥ པའི་འགྲན་རྩོད་ཁྲོད་ཨ་རི་མགྱོགས་མྱུར་ངང་ཡར་རྒྱས་ཕྱིན་ཡོད་ཀྱང་། དུས་ཡུན་རིང་པོར་རྒྱ་ནག་གིས་བཟོ་སྲིད་པའི་འཕེལ་རྒྱས་ལ་གདོང་ལེན་ཡོང་ཆེད། ད་དུང་ཀླན་ཀ་མང་པོ་ཞིག་ཐག་གཅོད་བྱེད་དགོས་ཞེས་སྙན་ཐོ་ཡིས་ཉེན་བརྡ་བརྒྱབས་འདུག
དེ་དག་གི་ཁྲོད་གལ་འགངས་ཆེ་བ་ཞིག་ནི་རྒྱ་ནག་ལ་རྨང་གཞི་སྒྲིག་ཆས་ཀྱི་ཆ་རྐྱེན་ཡག་པོ་ཡོད་པ་དེ་ཡིན་ཞིང་། ཉེ་ཆར་སྤེལ་བའི་ཞིབ་འཇུག་ཅིག་ལས་ཤེས་པ་ཞིག་ལ། རྒྱ་ནག་ལ་མི ༡༠༠༠༠ ལ་སྐུད་མེད་སྦྲང་ཚང་རྟེན་གཞི ༡༤ ལས་མང་བ་ཡོད་པ་དང་། ཨ་རི་ལ ༥ ཙམ་ལས་མེད། རྒྱ་ནག་ལ་སྤྱི་ལེ་གྲུབ་བཞི་མ ༡༠ ཡི་ནང་ན་རྟེན་གཞི ༥ ཡོད་པ་དང་། ཨ་རི་ལ ༠.༤ ལས་མེད།
ཚན་རིག་ལག་རྩལ་གང་ལ་མཚོན་ན་ཡང་གཞན་ལས་སྔ་ན་གནས་བབ་ཡག་པོ་ཡོད་པས་དེ་གལ་ཆེན་པོ་ཞེ་དྲག་ཡིན། འཕྲུལ་རབས ༥ པར་མཚོན་ན་ལྷག་པར་དུ་དེ་ལྟར་ཡིན། དེ་ནི་སྔོན་ཐོན་གསར་གཏོད་དང་ལག་ལེན་གྱི་རྨང་གཞི་ཡིན་པས། ནུས་ལྡན་གྲོང་ཁྱེར་དང་དྲ་རྒྱ་བཟོ་སྐྲུན། སྣ་གཅིག་ཅན་གྱི་འཐབ་འཁྲུག་སོགས་ཚང་མ་རང་བཞིན་གཅིག་ཡིན།
CTIA མཐུན་ཚོགས་ཀྱི་འགན་འཛིན་གྱིས་ཨ་མེ་རི་ཀ་གྲུབ་འབྲས་ཕྲན་བུ་ཐོབ་པར་ཡིད་ཚིམ་ནས་འདུག་མི་རུང་། འཕྲུལ་རབས ༥ པའི་འགྲན་རྩོད་དེ་མགོ་བརྩམས་མ་ཐག་ཙམ་ཡིན། ང་ཚོས་ངེས་པར་དུ་འབད་པ་མ་ལྷོད་པ་བྱས་ཏེ་རྒྱ་ནག་དང་རྒྱལ་ཁབ་གཞན་དག་གི་འཕྲུལ་རབས ༥ པའི་ཐད་ཀྱི་ཀླན་ཀ་ལ་གདོང་ལེན་བྱེད་དགོས་ཞེས་སྐུལ་འདེད་བྱས་འདུག
ད་ལྟ་གསལ་བོར་ཤེས་ཐུབ་པ་ཞིག་ནི། མ་འོངས་པའི་གོ་ལའི་དབུ་ཁྲིད་བྱེད་ཐུབ་མིན་དེ། དེ་རིང་འཕྲུལ་རབས ༥ པའི་ལག་རྩག་སུ་ལ་ཡོད་མེད་དང་འབྲེལ་བ་ཆགས་ཡོད་པ་རེད།