ལྷ་སའི་གྱེན་ལངས་ཀྱི་ལོ་རྒན ༦༠འི་དུས་དྲན་ལ་ཕུལ་བ།

Screen Shot 2019-03-10 at 1.47.50 PM.png
པར་གཞན་ནས་བཤུས།

སྔོན་གླེང་།

༢༠༡༩ ལོའི་ཟླ ༣ པའི་ཚེས ༡༠ ནི། དཔའ་ངར་ལྡན་པའི་བོད་མི་དམངས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གི་དྲག་པོའི་དབང་བསྒྱུར་ལ་གྱེན་ལོག་ལས་འགུལ་སྤེལ་ནས་ལོ་རྒན ༦༠ ཐམ་པ་འཁོར་བའི་ལོ་ཚིགས་ཡིན།

༡༩༥༦ ལོར་ནས་བཟུང་ཁམས་དང་ཨ་མདོའི་ས་ཁུལ་གྱི་བོད་མི་ཚོས་ཆོད་སེམས་བརྟན་པོས་རྒྱ་ནག་གཞུང་གི་བཙན་འཛུལ་དང་དབང་བསྒྱུར་ལ་དྲག་པོའི་ངོ་རྒོལ་བསྟུད་མར་བྱས་ཤིང་། མཐར ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་གཞི་རྒྱ་ཆེ་བའི་ལྷ་སའི་གྱེན་ལངས་ཞེས་བོད་མིའི་མངོན་འདོད་མཚོན་པའི་གྱེན་ལོག་ལས་འགུལ་དེ་བྱུང་བ་ཡིན་པས། ལྷ་སའི་གྱེན་ལངས་ནི་ལོ་རབས་ལྔ་བཅུ་བའི་ནང་བོད་མདོ་དབུས་ཁམས་གསུམ་དུ་རྒྱ་ཆེའི་བོད་མི་དམངས་ཀྱིས་རྒྱ་ནག་གུང་ཁྲན་ཏང་གི་བཙན་འཛུལ་དང་བཙན་བཟུང་ལ་འཐབ་རྩོད་བསྟུད་མར་བྱས་པ་གཅིག་ཏུ་སྤུངས་པའི་བསྡུས་གཟིགས་ཡིན།

རླབས་ཆེན་གྱི་ཉིན་མོར་འདིར། ང་ཚོས་ལྷ་སའི་གྱེན་ལངས་ལས་འགུལ་དུ་ཞུགས་མཁན་དཔའ་ངར་ཅན་གྱི་བོད་མི་དམངས་ལ་བླ་ན་མེད་པའི་གུས་འདུད་དང་། གྱེན་ལོག་ལས་འགུལ་ཁྲོད་གཟི་བརྗིད་ངང་རང་སྲོག་བློས་བཏང་བའི་མི་རིགས་ཀྱི་དཔའ་རྒོད་ཚོར་སེམས་གཏིང་ནས་མྱ་ངན་དང་ཆབས་ཅིག་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། དེ་མིན་རྒྱ་དམར་གུང་ཁྲན་ཏང་གི་གདུག་རྩུབ་ཆེ་བའི་མི་སེར་སྤེལ་ཡུལ་དང་བཙན་འཛུལ་དྲག་ཤུགས་འོག་ཚེ་སྲོག་ཤོར་བའི་རང་རིགས་སྤུན་ཟླ་ཁྲི་ཕྲག་དུ་མར་སེམས་གཏིང་ནས་མྱ་ངན་དང་གུས་འདུད་ཞུ་རྒྱུ་ཡིན།

 

༡༽ལྷ་སའི་གྱེན་ལངས་ལས་འགུལ་གྱི་རྒྱབ་ལྗོངས།

དེ་ལ་རྒྱབ་ལྗོངས་མང་པོ་ཞིག་ཡོད་པས་མཐའ་གཅིག་ཏུ་འདི་རེད་ཟེར་དཀའ་མོད། རྩ་བའི་ཆ་ནས་རྒྱ་དམར་གུང་ཁྲན་ཏང་གིས ༡༩༤༩ ལོར་རྒྱ་ནག་ཀྲུང་ཡོན་ས་ཆེན་ལ་དབང་བསྒྱུར་རྗེས། རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་ཇུས་དང་སྐབས་དེའི་སུའུ་ལེན་གྱི་དབུ་ཁྲིད་སི་ཏཱ་ལེན་གྱི་མཛུབ་སྟོན་ལྟར། ཁྱིམ་མཚེས་རྒྱལ་ཁབ་བོད་ལ་བཙན་འཛུལ་གྱི་གཡུལ་འཁྲུག་བཤམས་པ་རེད། མང་ཁ་ཉུང་གིས་མ་རྟེན་པ་དང་། ལག་ཆར་ཧེ་བག་ཧ་ཅང་ཆེ་བའི་དབང་གིས་ཆབ་མདོའི་བོད་རྒྱའི་དམག་འཁྲུག་ཁྲོད་བོད་དམག་ལ་རྒྱལ་ཁ་མ་ཐོབ་པའི་རྐྱེན་གྱིས། དཔུང་ཆེན་གྱི་མཐའ་མནན་པའི་སྡིགས་བསྐུལ་འོག་བོད་ཀྱི་སྐུ་ཚབ་ཚོས་པེ་ཅིང་དུ་རང་དབང་དང་འདོད་པ་མེད་བཞིན་དུ་བོད་རྒྱ་གྲོས་མཐུན་ཏེ། ལོ་རྒྱུས་སུ “གྲོས་མཐུས་དོན་ཚན ༡༧ ” ཟེར་བར་རྟགས་བཙུགས། དེ་ཙ་ན་རྒྱ་དམར་གཞུང་གིས་བོད་ས་ཧྲིལ་བོ་ཧམ་པས་བཟུང་ཞིང་། དེ་ནས་རིམ་བཞིན་བོད་ནང་ཏུ་རྒྱ་དམར་གཞུང་གི་དབང་ཤུགས་སླེབས་པ་མ་ཟད། ཤོག་བུ་སྣུམ་ཟས་ཀྱི་དཔེ་ལྟར་རྒྱ་དམར་གཞུང་གི་སྟོབས་ཤུགས་དང་དབང་ཆ་ཇེ་ཆེ་ནས་ཇེ་ཆེར་སོང་ཏེ། ནམ་ཞིག་གི་ཉིན་མོར་བོད་གཞུང་བཀའ་ཤག་གི་དབང་ཚད་དང་ཐ་ན༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མངའ་བའི་སྐུ་དབང་ཡང་མེད་པ་བཟོ་བའི་ངན་ཇུས་ལྐོག་གཡོ་རིགས་ལྷང་ངེར་མངོན་ནས། དེང་ཐོག་ཁས་བླངས་པའི “གྲོས་མཐུན་དོན་ཚན ༡༧ ” གྱི་ནང་དོན་དང་བརྒྱབ་འགལ་གྱི་བྱ་སྤྱོད་རྐྱང་རྐྱང་སྤེལ་ཡོང་དུས།  བོད་རྒྱ་ཆེའི་མི་དམངས་ཀྱིས་ལོ་ངོ་བརྒྱད་ལ་བཟོད་པ་བསྒོམ་ཡང་རྒྱ་དམར་གཞུང་གིས་ཁ་བཤད་དོན་ལ་མི་གནས་པ་མ་ཟད། ད་དུང་བོད་ཀྱི་སྤྱི་ཚོགས་ཀྱི་སྒྲོན་གཞི་རྩ་མེད་དུ་གཏོང་རྒྱུ་དང་ཉམས་ཉེས་སུ་གཏོང་ཐབས་སུ་འཆར་གཞི་དང་དམིགས་ཡུལ་ཡོད་པའི་སྒོ་ནས་སྲིད་ཇུས་དང་བྱེད་ཐབས་འདྲ་མིན་སྣ་ཚོགས་སྤེལ་ཡོང་དུས། བོད་མི་དམངས་ཀྱིས་ངེས་ལེན་བྱེད་མ་ཐུབ་པར་སེམས་ཀྱི་ན་ཟུག་དུས་གཅིག་ལ་ཕྱིར་མངོན་ནས་རྒྱ་དམར་གུང་ཁྲན་གཞུང་གི་ལོག་སྤྱོད་དང་དབང་བསྒྱུར་ལ་གྱེན་ལོག་གི་ལས་འགུལ་དེ། མི་རྣམས་པས་ལྷ་སའི་གྱེན་ལངས་སམ། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་དུ་འབོད་པའི་དོན་རྐྱེན་དེ་རབ་བྱུང་གཅིག་གི་ཡར་སྔོན་གྱི་ཟླ ༣ པའི་ཚེས ༡༠འི་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་རུ་སྤེལ་བ་རེད།  འདི་ནི་ལྷ་སའི་གྱེན་ལངས་ཀྱི་རྒྱབ་ལྗོངས་གཙོ་བོ་རུ་ངོས་འཛིན་བྱེད་རུང་བར་འདོད།

༢༽ལྷ་སའི་གྱེན་ལངས་ཀྱི་བྱུང་རྐྱེན།

གོང་དུ་ཞུས་པ་དེ་ཚང་མ་བྱུང་རྐྱེན་རེད། ཡིན་ན་ཡང་། མཐའ་མའི་བྱུང་རྐྱེན་ནམ། ཡང་ན་འབར་ཆོག་ཆོག་གི་འབུད་ཤིང་གི་ཕུང་བོ་དེར་མེ་སྒྲོན་བྱེད་ཀྱི་མེ་སྟག་དེ་གང་ཡིན་ནམ་ཞེ་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་མིའི་དམག་སྒར་དུ་ཟློས་གར་ལ་གཟིགས་མོའི་ཆེད་གདན་འདྲེན་ཞུས་པའི་དོན་རྐྱེན་དེ་ནི་ལྷ་སའི་གྱེན་ལངས་བྱུང་རྐྱེན་གཙོ་བོ་དེ་ཡིན།

༧གོང་ས་མཆོག་རྒྱ་མིའི་དམག་སྒར་དུ་ཟློས་གར་ལ་གཟིགས་མོ་ཆེད་ཕེབས་རྒྱུའི་ཚེས་ཞག་གཏན་ཁེལ་སུ་ཡིས་བྱས་མིན་གྱི་ཐད་ལ་བཤད་ཚུལ་མ་འདྲ་བ་གཉིས་བྱུང་འདུག གཅིག་དེ་རྒྱ་ནག་རང་གི་བཤད་སྟངས་རེད། ༧གོང་ས་མཆོག་སྐུ་ཉིད་ཀྱིས་ཞལ་བཞེས་གནང་ལུགས་ཀྱི་བཤད་སྲོལ་དེ་རེད། དེ་མིན་པའི་གལ་ཆེ་བའི་བཤད་ཚུལ་ཞིག་ལ། སྐབས་དེའི་བཀའ་བློན་ཡིན་པ་ལྷ་ཀླུ་ཚེ་དབང་རྡོ་རྗེ་མཆོག་གི་རང་རྣམ་དུ།“རྒྱ་གཞུང་དམག་སྒར་གྱིས་གཏན་འབེབས་བྱས་འདུག”ཅེས་བཤད་ཡོད་པ་རེད། གང་ལྟར་རྒྱ་མིའི་དམག་སྒར་གྱིས་བོད་ལོའི ༢༩འི་དགུ་གཏོར་ཆེན་མོའི་སྐབས༧གོང་ས་མཆོག་དམར་སྒར་དུ་ཟློས་གར་ལ་གཟིགས་མོར་ཕེབས་དགོས་པའི་གདན་ཞུ་གནང་བ་ནས། ལོ་དེའི་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་བོད་ལུགས་ལྟར་དགུང་གྲངས ༢༥ར་ཕེབས་པའི ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྷ་རིམ་པའི་དགེ་བཤེས་ཀྱི་དམ་བཅའ་མཛད་གནང་ནས་ཇོ་ཁང་དུ་བཞུགས་དུས། རྒྱ་གཞུང་གི་དམག་སྒར་གྱི་དམག་སྤྱི་གཞོན་པ་ཞིག་ཇོ་ནང་ལ་ཡོང་ནས་ཟློས་གར་ལ་གཟིགས་མོའི་སྐོར་ཞུ་བར་བཅར་མ་ཟད།  དེའི་རྗེས་སྔ་གཞུང་ཐེངས་གསུམ་ལ་གཟིགས་མོའི་ཚེས་ཞག་གཏན་འབེབས་བྱེད་དགོས་ལུགས་ཨུ་ཚུགས་བརྒྱབས་ཡོད་པ་རེད།

འོ་ན། ༧གོང་ས་མཆོག་རྒྱ་མིའི་དམག་སྒར་དུ་ཟློས་གར་ལ་གཟིགས་མོར་ཕེབས་རྒྱུར་བོད་མི་མང་གིས་སེམས་ཁྲལ་བྱེད་དོན་དང་། གལ་ཏེ་ཕེབས་ན་ཉེན་ཁ་ཡོད་པར་བདེན་དཔང་ཅི་ཞིག་ཡོད་དམ་ཞེ་ན།

ཚེས ༩འི་ཉིན་སྐུ་སྲུང་མདའ་དཔོན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་མཆོག་དམག་སྒར་དུ་ཞིབ་བཤེར་ལ་ཕེབས་དུས། ཁོང་གིས་དངོས་སུ་མཐོང་བའི་དོན་དག་ཁ་ཤས་ཁོང་གི་དེབ་ཏུ་བཀོད་ཡོད།

གཅིག༽ མདའ་དཔོན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས༼མི་ཚེའི་བྱུང་བ་བརྗོད་པ༽ཞེས་པར། རྒྱ་མིའི་དམག་སྤྱི་ཐན་ཀུན་ཧྲན་གྱིས་སྐུ་ངོ་མདའ་དཔོན་ལ་སང་ཉིན༧གོང་ས་མཆོག་དམག་སྒར་དུ་ཆིབས་བསྒྱུར་གནང་དུས། ༧གོང་ས་མཆོག་གི་བདེ་སྲུང་སྐོར་ང་ཚོས་འགན་འཁུར་རྒྱུ་དང་། སྐུ་སྲུང་མི་དགོས་པར་ཞབས་ཞུ་བ་འགའ་ཤས་ཤིག་ཡོད་ན་འགྲིག་ལུགས་དང་།  གལ་ཏེ་སྐུ་སྲུང་ཡོང་རྒྱུ་ཡིན་ཡང་མེ་མདའ་ཐོགས་ཆོག་གིན་མེད་ལུགས་བཤད་ཡོད་པ་རེད། ལུགས་སྲོལ་ལྟར་ན། ༧གོང་ས་མཆོག་ཡར་མར་ཆིབས་བསྒྱུར་གནང་དུས་བོད་དམག་གིས་སྐུ་སྲུང་གིན་ཡོད་པ་རེད།

གཉིས༽ ཡང ༼མི་ཚེའི་བྱུང་བ་བརྗོད་པ༽ཞེས་པར། གང་ཉིད་རྒྱ་མིའི་དམག་སྒར་དུ་ཞིབ་བཤེར་ལ་ཕེབས་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ངལ་གསོ་ས་དང་། ཟློས་གར་ལ་གཟིགས་མོ་གནང་ས་གཉིས་ལ་ཞིབ་བཤེར་བྱེད་དགོས་པའི་རེ་འདུན་ལྟར་ལྟ་དུས།  “༧གོང་ས་མཆོག་གི་སྐུ་ངལ་གསོ་ས་ཟེར་བའི་ཁང་པ་དེར་གྲ་སྒྲིག་སོགས་ཅི་ཡང་མེད་པ་མ་ཟད། ལྷག་པར་དུ་ཟློས་གར་འཁྲབ་ས་ཡིན་ཟེར་བའི་ཁང་པ་དེར་ཅ་ལག་ཛ་རེ་ཛོ་རེས་ཁེངས་པ་ལས་ཐ་ན་ཟློས་གར་འཁྲབ་སྟོན་བྱེད་སའི་གར་སྟེགས་ཤིག་ཀྱང་མི་འདུག”ཅེས་བཀོད་ཡོད་པ་རེད། སྐུ་ངོ་མདའ་དཔོན་གྱི་ཞིབ་བཤེར་དེ་གཏན་ཁེལ་བྱས་པའི་ཚེས་ཞག་གི་ཉིན་གཅིག་གི་སྔོན་ཡིན་པས། ཟློས་གར་སྟོན་རྒྱུའི་གྲ་སྒྲིག་ཡེ་ནས་མེད་པའི་བདེན་དཔང་གཙོ་བོ་ཞིག་དེ་ཡིན། དེ་འདྲ་སོང་ཙང་། དོགས་པ་མ་ཟས་རང་ཟས་ཆགས་ཡོད།

གསུམ༽སྐབས་ཐོག་དེར་མི་མང་ཁྲོད་རིང་མིན༧གོང་ས་མཆོག་པེ་ཅིང་ལ་ཚོགས་འདུ་ཞིག་ལ་ཆིབས་བསྒྱུར་གནང་རྒྱུ་ཡིན་པའི་གནས་ཚུལ་ཞིག་ཀྱང་ཁྱབ་བཞིན་པ་རེད། རྩ་བའི་ཆ་ནས་དེ་སྔ ༧གོང་ས་མཆོག་པེ་ཅིང་ལ་ཐེངས་གཅིག་ལ་ཆིབས་བསྒྱུར་གནང་ཟིན་པ་རེད། ཡང་བསྐྱར་ཆིབས་བསྒྱུར་གནང་དགོས་ན་མི་དམངས་ལ་ཞེད་སྣང་སྐྱེ་མི་དགོས་མོད། འོན་ཀྱང ༡༩༥༦ ལོ་ནས ༡༩༥༩ ལོའི་བར་བོད་ཁུལ་གཞན་དག་ཏུ་་བྱུང་ཟིན་པའི་གནས་ཚུལ་མང་པོ་ཞིག་ལ་གཞིགས་ཚེ། བོད་མི་དམངས་ཀྱིས་སེམས་ཁྲལ་བྱས་པ་རྒྱུ་མཚན་མེད་པ་གཏན་ནས་མིན།

རྒྱ་ནག་གཞུང་གིས་བོད་ཀྱི་ཁམས་དང་ཨ་མདོའི་ས་ཁུལ་ཁག་ན“དམངས་གཙོ་བཅོས་བསྒྱུར”དང “ས་ཞིང་བཅོས་བསྒྱུར”།“ཆོས་ལུགས་བཅོས་བསྒྱུར” སོགས་ལ་ཁ་གཡར་ནས་བོད་ཀྱི་སྤྱི་ཚོགས་ལ་སྔར་བྱུང་མྱོང་མེད་པའི་བཅོས་བསྒྱུར་ཆེན་པོ་ཞིག་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་པའི་སྒང་ཡིན་ལ། ལྷག་པར་དུ་བོད་ཁུལ་གྱི་མི་དྲག་དང་། དཔོན་པོ། བླ་མ་དང་དགེ་བཤེས་སོགས་ཚོགས་འདུ་དང་ལྟ་སྐོར་སོགས་ལ་ཁ་གཡར་ནས་རྒྱ་ནག་ནང་ལོགས་དང་། ཡང་ན་ཞིང་ཆེན་དང་ཁུལ། རྫོང་སོགས་སུ་བཀའ་འགུག་བྱས་རྗེས།   བཀག་ཉར་དང་འཛིན་གཟུང་བྱས་ཏེ་ཕྱིར་ཡོང་མེད་པ་ཆགས་ཡོད་པ་མ་ཟད། གནས་ཚུལ་དེ་ས་ཁུལ་རེ་འགའ་རུ་བྱུང་བ་ཞིག་མིན་པར། བོད་ཁུལ་ཕལ་མོ་ཆེ་རུ་བྱུང་ཡོད་པ་རེད། དཔེར་ན་བོང་སྟག་དཔོན་པོ་བརྩོན་འགྲུས་སྐབས་དེར་མཚོ་ལྷོ་ཁུལ་གྱི་ཁུལ་གཙོ་གཞོན་པའི་གོ་ས་ཡོད། ༥༨ ལོར་མཚོ་ལྷོ་ཁུལ་དུ་ཚོགས་འདུ་ཞིག་ལ་ཕེབས་རྗེས་གཏན་ནས་ཕྱིར་ཡོང་མེད། རྨ་ཆུའི་ཨ་ལགས་ཁུམ་བྱང་རིན་པོ་ཆེའི་ང་ལ་གསུངས་པ་ལྟར། ཨ་ལགས་ཁུམ་བྱང་རིན་པོ་ཆེ་ལྷ་སར་ཕེབས་པའི་ལམ་བར་ནས་འཛིན་གཟུང་གིས་ཟི་ལིང་གི་བཀག་ཉར་ཁང་ཞིག་ཏུ་བཅུགས་པ་དང་། བཀག་ཉར་ཁང་དེ་གར་བླ་མ་དཔོན་པོ་སུམ་བརྒྱ་ལྷག་བཟང་བཙོན་དུ་བཀག་ཡོད་པའི་ནང་བོང་སྟག་དཔོན་པོ་ཡིན་ཟེར་བའི་ཚ་རུ་ལྗངས་ནག་གོན་པ་ཞིག་འདུག་ཟེར།

མའོ་ཚེ་ཏུང་གིས “སྐུ་དྲག་སྐོར་ཞིག་གསོད་དགོས། སྐོར་ཞིག་བྲོས་འགྲོ། ཧོང་ཀོང་དང་ཐེ་ཝན་དུ་ང་ཚོར་གྲགས་པ་ངན་པ་བརྗོད་མཁན་སྐུ་དྲག་འགའ་ཇེ་མང་དུ་སོང་བར་ཞེད་སྣང་སྐྱེ་མི་དགོས”ཞེས་ཀྲང་གོ་ཧྭ་ལ་ལམ་སྟོན་གནང་བ་བཞིན། བོད་ཁུལ་གྱི་མི་སྣ་ཤུགས་རྐྱེན་ཅན་རྣམས་གསོད་རྒྱུ་དང་། ཡང་ན་བེད་སྤྱོད་གཏོང་རྒྱུ། ཡང་ན་སྟངས་འཛིན་བྱེད་རྒྱུ་དེ་རྒྱ་ནག་གི་བོད་ཁུལ་གྱི་གཞི་རྩའི་སྲིད་ཇུས་ཤིག་ཡིན་ན། སྲིད་ཇུས་དེའི་་འོག༧གོང་ས་མཆོག་རྒྱ་མའི་མིག་ནང་གི་དགྲ་བོ་གཏེ་བོ་དེ་ཡིན་ངེས་ཡིན་སྟབས། ༧ཀུན་གཟིགས༧པཎ་ཆེན་སྣང་བ་མཐའ་ཡས་ནང་བཞིན་སྔ་ས་ནས་མེད་པར་གཏོང་མི་སྲིད་པའི་ངེས་ནི་མེད་དོ།།

༣༽ལྷ་སའི་གྱེན་ལངས་ཀྱི་གྲུབ་ཚུལ་དང་དུས་ཡུན།

ལྷ་སའི་གྱེན་ལངས་ནི་བོད་མི་མང་ཚོགས་དཀྱུས་མས་གྲུབ་ཅིང་། མ་བསྐུལ་རང་འགུལ་གྱི་ལངས་པའི་གྱེན་ལོག་ལུས་འགུལ་ཞིག་ཡིན། སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་དེབ ༼ཐུག་བཟོ་བ༽ཡི་ནང་། “ལྷ་སའི་སྐུ་དྲག ༩༩%རྒྱ་ཕོག་ཟ་མཁན་ཡིན” ཞེས་བཀོད་ཡོད་པར་གཞིགས་ན། རྒྱ་དམར་གྱི་གཡོ་འོག་ལ་ཚུད་པའི་ཕ་བླ་རྒྱར་བཙོང་་ནས་སྟག་ཤ་ཁྱི་ལ་བྱིན་པའི་ལྷ་སའི་སྐུ་དྲག་ཚོ་རྒྱ་མིའི་བོད་ཁུལ་སྟངས་འཛིན་བྱེད་སྤྱད་ཀྱི་ལག་ཆར་གྱུར་ཡོད་པས། ཁོང་ཚོས་ཁོང་ཚོའི་ཁེ་བཟང་སྲུང་སྐྱོབ་ཀྱི་ཆེད་བོད་མི་དམངས་ཀྱི་གྱེན་ལོག་མ་བཀག་ན་ཡང་ལས་འགུལ་ནང་མཉམ་ཞུགས་བྱེད་མི་སྲིད་པས། ལྷ་སའི་གྱེན་ལངས་ནི་བོད་མི་དཀྱུས་མས་གྲུབ་པའི་གྱེན་ལོག་ལས་འགུལ་ཞིག་ཡིན་ཞེས་བརྗོད་པ་ཡིན།

༡༩༥༩ལོའི་ཟླ ༣ པའི་ཚེས ༡༠ ཞོགས་པར། ལྷ་ས་མི་དམངས་སྟོང་ཕྲག་མང་པོས་ནོར་བུ་གླིང་ཀ་སྐོར་ནས༧གོང་ས་མཆོག་དམག་སྒར་དུ་ཕེབས་རྒྱུར་འགོག་ཐབས་བྱས། མགོན་པོ་གང་གི་སྐུ་ཕྱྭ་སྲུང་བའི་ལས་འགུལ་དེ་རིམ་བཞིན་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་དུ་འཕེལ་བ་རེད། ༧གོང་ས་མཆོག་ཚེས ༡༧ གྱི་མཚན་མོར་ནོར་གླིང་ནས་བཙན་བྱོལ་བ་ཕེབས་རྗེས། ཚེས ༡༩ ཉིན་ནས་རྒྱ་དམར་གཞུང་གིས་ཚད་ལྡན་དམག་དཔུང་བཏང་ནས་གྱེན་ལོག་བོད་མི་དམངས་ལ་དྲག་གནོན་བྱས་པ་དང་། ཚེས ༢༢ ཉིན་རྒྱ་དམར་དམག་དཔུང་གིས་ར་མོ་ཆེ་གཙུག་ལག་ཁང་བླངས་རྗེས། ལྷ་སའི་གྱེན་ལངས་ཕམ་པར་བརྒྱབས་ནས་ཞོད་འཇགས་བཟོས་ལུགས་རྒྱ་གཞུང་གི་ཕྱོགས་ནས་གསལ་བསྒྲགས་བྱས་པ་རེད། ཡིན་ན་ཡང་ལྷ་སའི་གྱེན་ལངས་མཇུག་བསྒྲིལ་མེད།

ལྷ་སའི་གྱེན་ལངས་ལས་འགུལ་ཁྲོད་མི་ག་ཚོད་ཅིག་ཞུགས་ཡོད་པ་ལོ་རྒྱུས་ཡིག་ཆ་ཁག་ན་གྲངས་ཀ་གསལ་བོ་ཞིག་མེད་མོད། འོན་ཀྱང་མི་མང་པོ་འཛོམས་ཡོད་པ་ཤེས་ཐུབ། ལྷ་སའི་གྱེན་ལངས་ལས་འགུལ་དེ་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲུབ་མཚམས་སུ་བྱུང་ཡོད་པས། ལོ་ལྟར་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་ནི་ལྷ་ས་གྲོང་ཁྱེར་དུ་མི་ཚོགས་ཧ་ཅང་མང་པོ་འཛོམས་པའི་དུས་ཚིགས་ཡིན། དེ་མིན ༥༦ ལོ་ནས་ཁམས་དང་ཨ་མདོ་ས་ཁུལ་གྱི་བོད་མི་དམངས་ཚོས་རྒྱ་ནག་གི་དྲག་པོའི་དབང་བསྒྱུར་ལ་ངོ་རྒོལ་བྱས་ཡོད་པ་དང་། ཁམས་དང་ཨ་མདོའི་ས་ཁུལ་ཁག་ནས་ལྷ་སར་བྲོས་བྱོལ་དུ་ཡོང་བའི་ཤོར་མ་ཧ་ཅང་མང་པོ་ཡོད། གནས་ཚུལ་འདི་གཉིས་ལས་ཀྱང་སྐབས་དེར་ལྷ་ས་ན་བོད་མི་ཁྲི་ཚོ་འགའ་ཡོད་པ་གསལ་བོ་ཡིན་ལ། དེ་བཞིན་དུ་ལྷ་སའི་གྱེན་ལངས་ལས་འགུལ་ཁྲོད་ཁམས་པ་དང་ཨ་མདོ་བ་ཡང་མང་པོ་ཡོད་པ་ཤེས་ཐུབ།

༤༽ལྷ་སའི་གྱེན་ལངས་ལས་འགུལ་སྐབས་བཏོན་པའི་དགོས་འདུན་དང་སྐད་འབོད།

“བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤོག” “བོད་འདི་རང་དབང་རང་བཙན་ཡིན”། “བོད་འདི་བོད་མི་རང་གི་ཡིན”། “༧གོང་ས་མཆོག་ཁྲི་ལོར་བརྟན་པར་ཤོག” “བོད་གཞུང་དགའ་ལྡན་ཕོ་བྲང་ཁྲི་ལོར་བརྟན་པར་ཤོག” སོགས་སྐད་འབོད་འདི་དག་ཡིག་ཆ་ཁག་ན་མཐོང་རྒྱུ་འདུག དེ་མིན་པའི་སྐད་འབོད་གཞན་ཀྱང་ཡོད་སྲིད།

དགོས་འདུན་གྱི་ཆ་ན་རིམ་པ་གཉིས་འདུག དེང་ཐོག་གི་དགོས་འདུན་དེ ༧གོང་ས་མཆོག་རྒྱ་མིའི་དམར་སྒར་ལ་མ་ཕེབས་རོགས་ཟེར་བ་དེ་རེད། དེ་ནས་ལས་འགུལ་དེ་འཐབ་རྩོད་ཀྱི་ངོ་བོར་གྱུར་རྗེས། ད་གོང་གི་སྐད་འབོད་དུ་གསལ་བ་བཞིན་ཚིག་གཅིག་གིས་བསྡུས་ན། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤོག་ཅེས་པ་དེ་ཡིན།

༥༽ལྷ་སའི་གྱེན་ལངས་ལས་འགུལ་ཁྲོད་བོད་མི་ག་ཚོད་ཅིག་གི་ཚེ་སྲོག་ཤོར་ཡོད།

མའོ་ཙེ་ཏུང་གིས “རྡུང་གསོད་ཀྱི་རྨང་གཞིའི་སྟེང་བཅོས་བསྒྱུར་བྱེད་དགོས ” ཞེས་བཀའ་འཁྲོལ་གནང་ཡོད་དུས། རྒྱ་དམར་གཞུང་གིས་ལྷ་སའི་གྱེན་ལངས་ལ་དྲག་གནོན་བྱས་པ་དེ་ཧང་སངས་དགོས་པ་ཞིག་ཡིན་དང་ཡིན། རྒྱ་ནག་གི་དམག་མིས་གཙོ་བོ་ལྕགས་ཕོ་རི་དང་ནོར་གླིང་། པོ་ཏ་ལ། ཇོ་ཁང་། ར་མོ་ཆེ་གཙུག་ལག་ཁང་བཅོས་དམིགས་འབེན་དུ་བཟུང་འདུག རྒྱ་མི་རང་གིས་བྲིས་པའི་ལོ་རྒྱུས་ཡིག་ཆ་ཁག་ན། ནོར་གླིང་དང་ལྕགས་ཕོ་རི་ལ་རྒྱག་དུས་ཆུ་ཚོད་གཅིག་ལ་མེ་སྒྱོགས་སྟོང་ལྷག་བརྒྱབས་པ་བཀོད་ཡོད་པ་དང་། དེ་མིན་མེ་རྒྱག་པའི་དམིགས་བསལ་མེ་མདའ་ཞིག་ཀྱང་ར་མོ་ཆེ་གཙུག་ལག་ཁང་ལ་རྒྱག་དུས་བཀོལ་འདུག ཡིན་ན་ཡང་བོད་རྒྱ་གཉི་གའི་ཡིག་ཆ་ཁག་ན་སྐབས་དེར་མི་ག་ཚོད་ཅིག་བསད་ཡོད་པའི་གྲངས་ཀ་མི་འདུག འོན་ཀྱང་། སྐུ་ངོ་ས་དབང་རྒྱལ་ལོ་དོན་གྲུབ་མཆོག་གི ༼ཐུག་བཟོ་བ༽ཡི་ནང་། མི་སི་ཐང་གི་བོད་དམག་གིས་འཇབ་རྒོལ་བྱེད་སྐབས། ཞིན་ཅང་ནས་ཡོང་བའི་རྒྱ་དམག་གི་རླངས་འཁོར་འགའ་གཏོར་ནས་རེག་པའི་ཡིག་ཆའི་ནང་། ༡༩༥༩ ལོའི་ཟླ ༣ པ་ནས ༦༠ ལོའི་ཟླ ༡༠ པའི་བར། བོད་ལྗོངས་སུ་བོད་མི ༨༧༠༠༠ ལྷག་བསད་པ་ཡིན་ཞེས་བཀོད་ཡོད་པས། གྲངས་ཀ་དེའི་ཁྲོད་ལྷ་སའི་གྱེན་ལངས་སྐབས་བསད་པའི་བོད་མིའི་གྲངས་ཀའང་ཐེ་ཡོད་པར་འདོད།

༦༽ལྷ་སའི་གྱེན་ལངས་ལས་འགུལ་གྱི་ཕྱིས་འབྱུང་།

ཕྱིས་འབྱུང་ངམ། ཐོབ་ཤོར། ཡང་ན་རྒྱལ་ཕམ་གླེང་དགོས་ན། ལྷ་སའི་གྱེན་ལངས་ཀྱི་ཐོགས་མའི་དམིགས་ཡུལ་དང་དགོས་འདུན་ཅི་ཡིན་ལ་བལྟ་དགོས། དེང་ཐོག་བོད་མི་དམངས་ཀྱིས༧གོང་ས་མཆོག་སྲུང་སྐྱོབ་ཁོ་ནའི་ཆེད་དུ་ཡིན་པས། དེའི་ཆ་ནས་བཤད་ན། དམིགས་ཡུལ་དེ་འགྲུབ་ཡོད་པས་རྒྱལ་ཁ་ཞིག་ཅི་ལ་མིན། རྗེས་སུ་རྒྱ་དམག་གིས་ནོར་གླིང་ལ་མེ་སྒྱོགས་བརྒྱབས་ནས་གཏོར་ཡོད་པས། ༧གོང་ས་མཆོག་གི་སྐུ་ཕྱྭ་སྲུང་ཐུབ་ཡོད་པ་དེའང་རྒྱལ་ཁ་ཞིག་ཅི་ལ་མིན། དེ་མིན་བོད་དོན་དེ་གནས་བབ་གསར་བ་ཞིག་ཏུ་བསྒྱུར་ནས་བོད་དོན་དེ་འཛམ་གླིང་ས་སྒང་འདིའི་སྟེང་མུ་མཐུད་ནས་གནས་ཐུབ་པ་དང་རྒྱུན་སྲིང་ཐུབ་པ་བྱུང་བ་དེ་རྒྱལ་ཁ་ཞིག་ཅི་ལ་མིན། ཡིན་ན་ཡང༧གོང་ས་རྒྱལ་བ་རིན་ཆེ་མཆོག་དང་བོད་གཞུང་རང་ས་རང་ཡུལ་དང་ཁ་གྱེས་ནས་བཙན་བྱོལ་ལ་ཕེབས་པ་དེ་ཕམ་ཁ་ཞིག་ཡིན་ཟེར་ན། མིན་དེ། བོད་དོན་ཟེར་བ་ཞིག་མེད་པ་བཟོ་རྒྱུ་དང་། བོད་འདི་བཞིན་རྩོད་གཞི་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་ཏུ་བསྒྱུར་རྒྱུ་ནི་མའོ་ཙེ་ཏུང་གི་དམིགས་ཡུལ་ཡིན་པས། རྒྱ་དམར་གཞུང་གི་དམིགས་ཡུལ་དེ་འགྲུབ་མེད་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ད་ལྟ་སྐུ་འཚོ་བཞུགས་ཡིན་པ་དང་། བོད་གཞུང་ཡང་བཙན་བྱོལ་གྱི་ངོ་བོས་རྒྱ་གར་བྱང་ཕྱོགས་གནས་མཆོག་དྷ་རམ་ས་ལར་ནུས་པ་འདོན་མུས་སུ་ཡིན། དེ་མིན་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་འཛམ་གླིང་ཧྲིལ་བོར་ས་བསྒྲགས་གནམ་བསྒྲགས་བྱེད་ཐུབ་ཡོད་པས། དེ་ཚང་མ་ལྷ་སའི་གྱེན་ལངས་ཀྱི་རྒྱལ་ཁ་ཞིག་ཅི་ལ་མིན།

ཡིན་ན་ཡང་། བོད་གཞུང་དང་བོད་མིའི་ཆོས་སྲིད་གཉི་གའི་དབུ་ཁྲིད་ཚོ་བཙན་བྱོལ་ལ་ཕེབས་དགོས་ཐུག་པ་དང་། བོད་གཞིས་བྱེས་གཉིས་སུ་གྱེས་པ། རྒྱལ་གཅེས་བོད་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ། དེ་མིན་རྒྱ་དམར་གཞུང་ལ་བཀག་རྒྱ་ཅི་ཡང་མེད་པར་བོད་ལྗོངས་སུ་སྲིད་དབང་འཛུགས་ཐུབ་པ་ལ་སོགས་པ་དེ་དག་ལྷ་སའི་གྱེན་ལངས་ཀྱི་ཕྱིས་འབྱུང་དུ་ངོས་འཛིན་བྱེད་ཆོག་ཟེར་ན། དེའང་དེ་བཞིན་ནོ།།

༧༽ལྷ་སའི་གྱེན་ལངས་ཀྱི་དགེ་མཚན།

“གྲོས་མཐུན་དོན་ཚན ༡༧ ” ཟེར་བ་བཞག་པ་ནས། བོད་རྒྱའི་འབྲེལ་བ་དེ་མ་གེ་མོག་གེ་བྱས་ནས་གནས་པ་རེད། དུས་ཡུན་དེའི་རིང་རྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཚུལ་སྒྲུབ་གང་ཐུབ་བྱས་ཡོད། ཡིན་ན་ཡང་ལྷ་སའི་གྱེན་ལངས་ཀྱིས་འཛམ་གླིང་ཡོངས་ལ་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་དང་། བོད་མི་དམངས་ཀྱིས་རྒྱ་ནག་གི་བཙན་དབང་འོག་བཞག་པའི “གྲོས་ཆོད་དོན་ཚན ༡༧”ཟེར་བ་དེར་ངོས་ལེན་མེད་པ་གསལ་བསྒྲགས་བྱས་པ་རེད། དེ་ལྷ་སའི་གྱེན་ལངས་ཀྱི་དགེ་མཚན་ཆེ་ཤོས་དེ་རེད།

བོད་ཀྱི་བདག་དབང ༡༩༥༡ ལོ་ནས་ཤོར་ཡོད་པ་མ་ཟད། རྒྱ་དམར་གྱི་སྟོབས་ཤུགས་ཕལ་ཆེར་བོད་ལྗོངས་ཡོངས་སུ་ཁྱབ་ཡོད་པས། གྱེན་ལོག་ལས་འགུལ་ཐེངས་གཅིག་གིས་ཁ་ལོ་བསྒྱུར་ཐུབ་པ་ཞིག་རྩ་བ་ཉིད་ནས་མིན་པ་ཤེས་དགོས།

༨༽ང་ཚོས་ཅིའི་ཕྱིར་དུས་ནས་དུས་སུ་ལྷ་སའི་གྱེན་ལངས་ལ་རྗེས་དྲན་བྱེད་དགོས་སམ།

ང་ཚོས་ལོ་ལྟར་རླབས་ཆེན་གྱི་ཉིན་མོ་དེར་རྗེས་དྲན་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་གཉིས་ཡོད། གཅིག༽རླབས་ཆེན་གྱི་གྱེན་ལོག་ལས་འགུལ་དེས་བོད་དོན་དེ་གནས་བབ་གསར་བ་ཞིག་ལ་སྤར་ནས་རྒྱ་དམར་གྱི་བཙན་དབང་འོག་ནས་ཐར་ཐབས་སུ་འཐབ་རྩོད་གསར་བ་ཞིག་གི་འགོ་བརྩམས་ཡོད་པས། སྙིང་སྟོབས་དེ་ང་ཚོས་དུས་ནས་དུས་སུ་རྗེས་དྲན་བྱས་ནས་མ་བརྗེད་པ་བྱེད་དགོས། གཉིས༽ གྱེན་ལངས་ལས་འགུལ་ཁྲོད་བོད་མི་མང་པོ་ཞིག་གིས་གཅེས་པའི་ཚེ་སྲོག་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་སླད་དུ་བློས་བཏང་ཡོད་པས། ཁོང་ཚོའི་རླབས་ཆེན་གྱི་བློས་གཏོང་ལ་ང་ཚོ་ཕྱི་རབས་པ་ཚོས་ནམ་ཡང་མ་བརྗེད་པར་རྗེས་དྲན་ཞུ་དགོས།

 ༩༽ལྷ་སའི་གྱེན་ལངས་ཀྱི་ལོ་རྒྱུས་ཀྱི་གོ་ས་དང་མདུན་ལམ།

ལྷ་སའི་གྱེན་ལངས་ནི། ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཏུ་གློ་བུར་བར་འཕྲད་པའི་གདམ་ག་ཞིག་སྟེ། རྒྱ་འོག་ནས་འདུག་འདོད་ཡེ་ནས་མེད་པར། ལོ་རྒྱུས་སྟེང་གི་རང་དབང་རང་བཙན་གྱི་བོད་རྒྱལ་ཁབ་སླར་གསོ་བྱེད་རྒྱུར་སྤེལ་བའི་བསྒྲགས་གཏམ་ཡིན།

ལྷ་སའི་གྱེན་ལངས་ཀྱིས་བོད་དང་བོད་མི་རྒྱ་ནག་གི་མི་སེར་སྤེལ་ཡུལ་དབང་བསྒྱུར་འོག་འདུག་འདོད་མེད་པ་དང་། འདུག་རྒྱུ་མིན་པ་འཛམ་གླིང་ཡོངས་སུ་ཁྱབ་བསྒྲགས་བྱས་པ་རེད། ལྷ་སའི་གྱེན་ལངས་ཀྱི་རྐྱེན་གྱིས༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གཙོས་བོད་མི་ཁྲི་བརྒྱད་ལྷག་བཙན་བྱོལ་ལ་ཡོང་པ་རེད། དུས་དེ་ནས་བཙན་བྱོལ་གྱི་ངོ་བོ་ཡིན་མིན་ལ་མ་ལྟོས་པར། བོད་བཙན་པོའི་རྒྱལ་རྒྱུད་དམ་ཡང་ན་བོད་གཞུང་གི་རྒྱུན་དེ་མ་ཆད་པར་མུ་མཐུད་ནས་གནས་ཐུབ་ཡོད། དུས་དེ་རིང་བོད་མི་ཚོས་དཔའ་ངར་ཞིམ་པ་མེད་པར། ཆོད་སེམས་བརྟན་པོས་བོད་རང་དབང་རང་བཙན་གྱི་འཐབ་རྩོད་བྱས་དང་བྱེད་མུས་སུ་ཡོད་པ་འདིའི་ས་བོན་རབ་བྱུང་གཅིག་གི་ཡར་སྔོན་ཏེ། སྤྱི་ལོ ༡༩༥༩ ལོའི་ཟླ ༣ པའི་ཚེས ༡༠ ཉིན། བོད་ཀྱི་རྒྱལ་ས་ལྷ་ས་རུ་བྱུང་བའི་བོད་མིའི་རང་དབང་སྒེར་ལངས་སམ་ལྷ་སའི་གྱེན་ལངས་ལས་འགུལ་དེས་བཏབས་པ་རེད། རྒྱལ་དབང ༡༣ པ་ཆེན་མོས་སྤྱི་ལོ ༡༩༡༣ ལོའི་ཟླ ༢ པའི་ཚེས ༡༣ ཉིན། བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ་བའི་རྗེས་སུ། ལྷ་སའི་གྱེན་ལངས་ཀྱིས་ཡང་ཐེངས་ཤིག་ལ་བོད་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་དང་རྒྱ་ནག་གི་བཙན་འཛུལ་དང་དབང་བསྒྱུར་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་འཛམ་གླིང་ཡོངས་སུ་བསྒྲགས་གཏམ་སྤེལ་བ་རེད། དེ་ནི་གསུམ་བཅུ་དུས་དྲན་བོད་མིའི་རང་དབང་སྒེར་ལངས་ཀྱི་ལོ་རྒྱུས་ཀྱི་གོ་ས་ཡིན། འདས་པའི་ལོ་རྒན་དྲུག་ཅུའི་རིང་། གཞིས་བྱེས་རྒྱ་ཆེའི་བོད་མི་དམངས་ཀྱིས་མི་རབས་གསུམ་གྱི་རིང་ལ་རྒྱ་དམར་གཞུང་གི་བཙན་དབང་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་ཡོད་པ་ནང་བཞིན ། མ་འོངས་པར་ཡང་ཇི་སྲིད་བོད་ལ་རང་དབང་རང་སྐྱོང་གི་གནས་བབ་ཅིག་མ་ཐོབ་བར། བདེ་སྐྱིད་ཀྱི་ཉི་མ་ཞིག་མ་ཤར་བར་དུ། དེ་སྲིད་དུ་བོད་མིའི་ངོ་རྒོལ་དང་འཐབ་རྩོད་ཀྱི་ལས་འགུལ་མཚམས་འཇོག་མི་སྲིད། དེ་ནི་ལྷ་སའི་གྱེན་ལངས་སམ། བོད་མའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་གྱི་མདུན་ལམ་ཡིན།

མཇུག་བྱང་།

བོད་དོན་འཐབ་རྩོད་ཀྱི་དར་ཆ་རུ་གྱུར་བའི་ལྷ་སའི་གྱེན་ལངས་ལས་འགུལ་དེ་བྱུང་ནས་ལོ་རྒན ༦༠ འཁོར་བའི་དུས་དྲན་གྱི་ཉིན་མོར། རླབས་ཆེན་གྱི་ལས་འགུལ་དེར་རྗེས་དྲན་གྱི་སླད་དང་། ནང་སྒོས་སུ་བོད་རིགས་གཞོན་སྐྱེས་པའི་སྡེ་ལ་ཚིང་ཉུང་གོ་སླ་བའི་ལམ་ནས་ལྷ་སའི་གྱེན་ལངས་ལས་འགུལ་དེ་ངོ་སྤྲོད་བྱེད་རྒྱུའི་དམིགས་ཡུལ་བཟུང་ནས་གོང་གི་ཡི་གེ་དེ་དག་བྲིས་པ་ཡིན།

རླབས་ཆེན་གྱི་ལྷ་སའི་གྱེན་ལངས་བྱུང་ནས་ལོ་རྒན ༦༠ ཕྱིན་ཡང་། ལྷ་སའི་གྱེན་ལངས་ཀྱི་སྙིང་སྟོབས་ཀྱི་མེ་དཔུང་དེ་ད་དུང་མུ་མཐུད་ནས་བོད་མིའི་སེམས་ན་འབར་བཞིན་ཡོད། ༨༨ལོའི་ལྷ་སའི་ངོ་རྒོལ། ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ། རྒྱལ་གཅེས་སེར་སྐྱ་བོད་མི ༡༥༠ ལྷག་གིས་རང་ལུས་མེར་སྲེག་གི་ལས་འགུལ་སོགས་ནི་ལྷ་སའི་གྱེན་ལངས་ཀྱི་སྙིང་སྟོབས་ཡིན། ལྷ་སའི་གྱེན་ལངས་ཀྱི་རྒྱུན་ཡིན་པས། ལྷ་སའི་གྱེན་ལངས་ཀྱི་ལས་འགུལ་དེ་ད་དུང་མཇུག་སྒྲིལ་མེད། ང་ཚོ་ད་དུང་ཡང་འཐབ་རྩོད་ཀྱི་ཁྲོད་ན་ལྷག་ཡོད་པ་དང་། ལོ་རྒྱུས་ཀྱི་དཀའ་ཁག་འོག་གནས་ཡོད། འདི་ཤེས་དགོས། འདི་ངེས་པར་དུ་མཁྱེན་དགོས། འདི་ཡིན་གཅིག་མིན་གཉིས་རྟོགས་དགོས།

ང་ཚོའི་ལས་དོན་ནི་དྲང་བདེན་གྱི་ལས་དོན་ཞིག་ཡིན་པས། དྲང་བདེན་གྱི་ལས་དོན་ལ་མཐར་མཇུག་རྒྱལ་ཁ་ཐོབ་ངེས་ཡིན།

ང་ཚོའི་དམིགས་ཡུལ་དེ་ངེས་པར་དུ་འགྲུབ་དགོས། ང་ཚོའི་དམིགས་ཡུལ་དེ་འགྲུབ་ངེས་ཡིན།

བོད་རྒྱལ་ལོ།། ལྷ་སའི་གྱེན་ལངས་རྒྱལ་ལོ།། བོད་མིའི་སྙིང་སྟོབས་རྒྱལ་ལོ།།

༢༠༡༩ ལོའི་ཟླ ༠༣ པའི་ཚེས ༡༠འི་ཞོགས་པར་རང་ཤག་ཏུ་མཇུག་བསྡུས།