
ཡོ་རོབ་ཧའོ་ལནྡིའི་དེན ཧ་ཧྭི(Den Haag) ཡི་རྒྱལ་སྤྱིའི་འདུམ་འགྲིག་ཁྲིམས་ཁང་གིས་ཧྥི་ལི་པིན་དང་རྒྱ་ནག་གི་མངའ་ཁོངས་བདག་དབང་གི་རྩོད་པའི་གྱོད་དོན་ཐད། རྒྱ་ནག་གི་བཤད་སྲོལ་དེ་ཁུངས་མེད་ལུགས་མེད། རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཟླ་ཡིན་པའི་ཁྲུན་ཐག་བཅད་རྗེས། རྒྱ་ནག་གི་གཞུང་འབྲེལ་སྨྱན་བྱད་ཚན་ཁག་མང་པོའི་རྣམ་འགྱུར་སྟོན་སྟངས་ཞིག་ནི། ཁུངས་ལུང་མེད་པའི་ས་ཁྲ་རྙིང་པ་ཞིག་སྟོན་རྒྱུ་ལས་གཞན་མ་མཆིས། ས་ཁྲ་དེས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་ཁུལ་ཕལ་མོ་ཆེར་རྒྱ་ནག་ལ་བདག་དབང་ཡོད་པ་མཚོན་པའི“མཚོ་ཐིག་དུམ་བུ་དགུ”ཟེར་བ་གསལ་ཞིང་ཞིབ་པའི་ངང་བཏོན་འདུག
སྤྱི་ལོ ༢༠༡༦ ལོའི་ཟླ ༧ ཚེས ༡༢ ཉིན་བཅད་པའི་རྒྱལ་སྤྱིའི་ཁྲུན་ཐག་ལས་ཧྥི་ལི་པིན་ཁྲིམས་ལུགས་ཀྱི་ཐད་ནས་རྣམ་པར་རྒྱལ་ཡོད། འོན་ཀྱང་། ཁྲུན་ཐག་བཅད་ཁྲ་དེའི་དབང་གིས་རྩོད་པ་སྔར་ལས་ལྷག་པ་ཞིག་བསླང་ཡང་སྲིད་ལ། རྩོད་པ་དེ་དག་ཨེ་ཞི་ཡའི་རྒྱལ་ཁབ་འགའ་དང་ཨ་མེ་རི་ཀར་འབྲེལ་བ་ཡོད་པ་མ་ཟད། ལྷོ་རྒྱ་ནག་རྒྱ་མཚོ་དང་འབྲེལ་བ་ཡོད་ལ། རྒྱ་ནག་དེ་འཛམ་གླིང་སྟེང་རྒྱལ་ཁབ་སྟོབས་ཆེན་ཞིག་དུ་གྱུར་མིན་ལ་དེ་བས་ཀྱང་འབྲེལ་བ་ཆགས་ཡོད།
རྒྱུ་མཚན་ཅི་ཞིག་གི་དབང་གིས་མཚོ་ཁུལ་དེ་དེ་འདྲའི་གལ་འགངས་ཅན་དུ་གྱུར་བ་རེད་དམ། ཅིའི་ཕྱིར་དུ་ལྷོ་རྒྱ་ནག་རྒྱ་མཚོ་དེ་འབྱུང་འགྱུར་ལོ་བཅུ་ཕྲག་འགའི་རིང་གོ་ལ་ཧྲིལ་བོའི་ཆབ་སྲིད་བཙན་དབང་གི་སྔ་ལྟས་ཤིག་གྱུར་བ་རེད། གཤམ་དུ་རེ་རེ་བཞིན་ལན་གདབ་རྒྱུ་ཡིན།
གཅིག ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་པ་དེ་ཅི་ཞིག་ཡིན་ནམ།
ཆེས་གཞི་རྩའི་ཆ་ནས་བཤད་ན། དེ་ནི་རྒྱ་ནག་དང་ལྷོ་ཨེ་ཞི་ཡའི་རྒྱལ་ཁབ་འགའི་བར་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་བཏང་འཛིན་དབང་ཆ་འཕྲོག་རྩོད་ཀྱི་འགྲན་རྩོད་ཅིག་རེད། མཚོ་ཁུལ་དེ་ན་གོ་ལ་འདིའི་སྟེང་གི་འཐབ་ཇུས་ལ་མཁོ་བའི་ཆེས་གལ་འགངས་ཅན་གྱི་རྒྱ་མཚོའི་མངའ་ཁུལ་སྐོར་ཞིག་ཡོད་པ་རེད།
འདས་པའི་ལོ་ཤས་སུ། རྒྱ་ནག་གིས་སྔོན་ཆད་ཀྱི་ཐུན་མོང་མཚོ་ཁུལ་དང་། ཡང་ན་རྒྱལ་ཁབ་གཞན་འགས་བདག་དབང་ཡོད་ཟེར་བའི་རྒྱང་རིང་གི་མཚོ་ཁུལ་ཁག་ཅིག་ལ་བཏང་འཛིན་ནས་བཏང་འཛིན་བྱེད་འགོ་བཙུགས་ཡོད། དཔེར་ན། རྒྱ་ནག་གིས་གླིང་ཕྲན་དང་མཚོ་འོག་བྲག་རྡོ་ཁ་ཤས་བཙན་འཛིན་བྱས་པ་དང་། སྐབས་ལ་ལར་མཚོ་འོག་བྲག་རྡོ་དང་བྱེ་འབུར་དེ་དག་གི་སྟེང་བྱེ་རྡོ་སྤུངས་ནས་བཅོས་མའི་གླིང་ཕྲན་ཞིག་བསྐྲུན་ཏེ། དམག་དོན་རྟེན་གཞི་ཆུང་ཆུང་ཞིག་བྱེད་ཆོག་པའི་གླིང་ཕྲན་དུ་བསྒྱུར་བ་རེད།
རྒྱ་ནག་གི་མཚོ་དམག་གིས་རྒྱ་ནག་གིས་བདག་དབང་ཡོད་ཟེར་བའི་མཚོ་ཁུལ་དག་ན་འུར་རྒྱངས་དིར་རྒྱངས་ཀྱིས་ལྟ་སྲུང་བྱས་དང་བྱེད་ཀྱིན་ཡོད་ལ། རྒྱ་ནག་གི་མ་ཡིན་པའི་གྲུ་གཟེངས་རིགས་ལ་བཙན་པོ་དབང་ཡོད་དང་གཉོམ་ཆུང་ལ་ཐུབ་ཚོད་བྱས་ནས་མཐར་སྐྲོད་གཏོང་གིན་ཡོད། འདི་ནི་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་དག་གིས་རྒྱ་ནག་གི་ས་ཁུལ་དེ་དག་ཧམ་འཛིན་བྱེད་འདོད་ཡོད་པར་དོགས་པ་ཟ་དོན་གཙོ་བོ་གཅིག་ཡིན།
འདི་དང་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱལ་སྤྱིའི་སྒྲིག་སྲོལ་རིགས་དང་ལེན་སྲུང་བརྩི་བྱེད་མིན་གྱི་གནད་དོན་དང་འབྲེལ་བ་ཆགས་ཡོད། སྐབས་ལ་ལར་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱལ་སྤྱིའི་སྒྲིག་སྲོལ་དག་ནི་རྒྱ་ནག་འཕར་ནས་འབུར་རྒྱུར་འགོག་བྱེད་ཀྱི་ལྐོག་གཡོ་ཞིག་ཏུ་ངོས་འཛིན་བྱས་ཡོད།
ཨ་རི་རྩོད་པ་དེའི་ནང་དུ་དངོས་སུ་ཞུགས་ཟིན་པ་རེད། ཨ་རིས་མཚོ་དམག་མངག་ནས་མཚོ་ཁུལ་དེ་ཐུན་མོང་མཚོ་ཁུལ་ཡིན་པ་རྒྱུན་འཁྱོངས་ཀྱིས་མཚོ་ཁུལ་དེ་དག་ཏུ་མུ་མཐུད་ནས་ལྟ་སྲུང་ནན་མོ་དང་། དེའི་མ་ཚད་ཨ་མེ་རི་ཀས་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་ནས་རྩོད་པ་འདུམ་འགྲིག་བྱེད་རྒྱུར་རྒྱབ་སྐྱོར་དང་འབད་བརྩོན་བྱེད་ཀྱིན་ཡོད།
ཨ་མེ་རི་ཀས་མཚོ་ལམ་མཚོ་འགྲུལ་རང་དབང་དང་། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འགྲོ་ལུགས་ལམ་སྲོལ་ལ་སྲུང་སྐྱོབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཡོད། ཐད་ཀར་འཁྲུག་འཛིང་བྱུང་མི་སྲིད་པ་འདྲ་ཡང་། འགྲིམ་འགྲུལ་གྱི་བྲེལ་ཟིང་ཆེ་ཞིང་། ཉ་བ་མོད་པོས་ཉ་འཛིན་སའི་མཚོ་ཁུལ་ཞིག་དམག་དོན་ཅན་དུ་བསྒྱུར་བ་མང་དྲགས་ཚེ། ཉེན་ཁ་མེད་པས་རྩ་བ་ཉིད་ནས་མི་ཁྱབ།
གཉིས། ཟླ ༧ ཚེས ༡༢ ཉིན་གྱི་ཁྲུན་ཐག་བཅད་ཁྲ་དེར་དོན་སྙིང་ཅི་ཞིག་ཡོད་དམ།
རྒྱ་ནག་གིས་མངའ་ཁོངས་ག་གེ་མོར་འཛིན་པའི་ལྟ་བ་ལངས་ཕྱོགས་ལ་ཧྥི་ལི་པིན་གྱིས་མི་མོས་པའི་རྣམ་འགྱུར་དང་གདོང་ལེན་བྱས་པ་རེད། དེ་བཞིན་དུ་རྒྱལ་སྤྱིའི་འདུམ་འགྲིག་ཁྲིམས་ཁང་གིས་ཕལ་ཆེར་ཕྱོགས་ཡོངས་ནས་ཧྥི་ལི་པིན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་པའི་བཟོ་བཏོན་པ་དང་ཆབས་ཅིག རྒྱ་ནག་གི་བྱ་སྤྱོད་ལས་ཧྥི་ལི་པིན་གྱི་གྲུ་གཟེངས་མང་པོ་ཉེན་ཁར་ཐུག་ཡོད་པ་དང་། རྒྱ་ནག་གིས་རྒྱ་མཚོའི་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་དེ་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྦད་དེ་འགལ་ཟླ་ཡིན་པར་ངོས་འཛིན་བྱས་འདུག
གཅིག་བགྱིས་ན་གལ་ཆེ་ཤོས་དེ། འདུམ་འགྲིག་ཁང་གིས་རྒྱ་ནག་གི་ལྷོ་རྒྱ་ནག་རྒྱ་མཚོར་བདག་དབང་ཡོད་ཚུལ་གྱི་མཚོན་རྟགས“མཚོ་ཐིག་དུམ་བུ་དགུ”ཟེར་བ་ཕལ་ཆེར་དང་ལེན་བྱས་མེད་པ་དེ་ཡིན། དེ་ཡི་གཅིག་བགྱིས་ན་ཨེ་ཞི་ཡའི་རྒྱལ་ཁབ་གཞན་དག་ལ་སྒོ་མོ་ཆེར་ཕྱེས་ནས། དེ་ཚོས་ཀྱང་རྒྱ་ནག་གིས་མངའ་ཁོངས་བདག་དབང་ཡོད་ཟེར་བར་འགྲན་སློང་ཆོག
དེ་འདྲ་སོང་ཙང་། རྒྱལ་སྤྱིའི་ཁྲིམས་ལུགས་ལ་གཞིགས་ན། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་འདོད་པ་མང་པོ་ཞིག་མ་དོར་ལས་ཀྱི་རང་དོར་ཡིན།
ཡིན་ན་ཡང་། ཁྲུན་ཐག་བཅད་ཁྲ་དེར་བཅུན་པའི་ནུས་པ་དང་ལྡན་པར་མི་རྣམ་པས་ཡིད་ཆེས་བྱས་ཡོད་མོད། འོན་ཀྱང་། བཙན་དབང་གིས་ལག་བསྟར་བྱེད་མཁན་ལས་ཁུངས་མ་ལག་མེད། རྒྱ་ནག་གིས་ཐོག་མཐའ་བར་གསུམ་དུ་ཁྲུན་ཐག་གཅོད་ཁྲ་དེ་འགོག་ཐབས་བྱས་ཤིང་། རྒྱལ་སྤྱིའི་ཁྲིམས་ཁང་དེར་དོ་དམ་དབང་ཚད་མེད་ལུགས་དང་། རྒྱ་ནག་གིས་དེ་ཡི་ཁྲུན་ཐག་བཅད་ཁྲ་གང་བྱུང་ཁས་ལེན་མི་བྱེད་ལུགས་རབ་དང་རིམ་པ་བསྒྲགས་འདུག ཁྲུན་ཐག་བཅད་ཁྲ་ཁྱབ་བསྒྲགས་བྱས་རྗེས། རྒྱ་ནག་གིས་ལངས་ཕྱོགས་དེ་བསྐྱར་བཟློས་ཀྱང་བྱས་འདུག
དེ་འདྲ་ཡིན་མོད་ཀྱང་། རྒྱ་ནག་ལ་ད་དུང་ཡང་ཐེག་དཀའ་བའི་རྒྱལ་སྤྱིའི་གནོན་ཤུགས་ཡོད་བཞིན་པ་རེད། ཡིན་ཡང་། རྒྱ་ནག་གིས་འགོག་རྒོལ་འདེམས་སྒྲུག་གམ་ཡང་ན་དེ་འདྲའི་གནོན་ཤུགས་དང་བསྟུན་རྒྱུ། གང་ལ་ཕྱོགས་ཀྱང་རྒྱ་ནག་གི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གོ་ས་དེ་ཚད་ངེས་ཅན་ཞིག་ནས་བཞེངས་སྐྲུན་བྱེད་ངེས་ཡིན།
གསུམ། “མཚོ་ཐིག་དུམ་བུ་དགུ”ཟེར་བ་དེ་ཅི་ཞིག་ཡིན་ནམ།
དུས་རབས་སྔོན་མའི་ལོ་རབས་བཞི་བཅུ་བའི་ནང་། “མཚོ་ཐིག་དུམ་བུ་དགུ”ཟེར་བ་དེ་རྒྱ་ནག་གཞུང་འབྲེལ་ས་ཁྲའི་སྟེང་བཀོད་ཡོད ༼དེང་ཐོག་མཚོ་ཐིག་དུམ་བུ་བཅུ་གཅིག་ཡོད༽། མཚོ་ཐིག་དེ་ཡིས་གཞི་རྒྱ་ཆེ་ཞིང་མག་མོག་གི་མཚོ་ཁུལ་ཞིག་ལ་རྟགས་བརྒྱབས་པ་རེད། རྒྱ་ནག་གི་ལྷོ་ཁའི་མཚོ་འགྲམ་ནས་མགོ་བརྩམས་ཏེ། ལྷོ་རྒྱ་ནག་རྒྱ་མཚོ་ཕལ་མོ་ཆེར་ཁེབས་ཡོད།
རྒྱ་ནག་གིས་གནའ་ནས་དུས་དེ་རིང་བར“མཚོ་ཐིག་དུམ་བུ་དགུ”ཟེར་བའི་ཞིབ་ཅིང་དག་པའི་གནས་ཚད་ཅིག་གསལ་ཁ་འདོན་མྱོང་མེད། འོན་ཀྱང་། དེ་གར་ཚུད་པའི་མཚོ་ཁུལ་དང་གླིང་ཕྲན་ཆུང་ངུ་འགའ་བཅས་ལ་རྒྱལ་ཁབ་གཞན་ལྔ་ཡིས་ཀྱང་ཁོང་ཚོར་བདག་དབང་ཡོད་པ་ངོས་འཛིན་བྱས་ཡོད། རྒྱ་མཚོའི་མངའ་ཁོངས་གྲོས་གཞི་དང་འབྲེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཆིངས་ཀྱིས་གཏན་འབེབས་ཁྱབ་ཁོངས་དང་བསྡུར་ན། “མཚོ་ཐིག་དུམ་བུ་དགུ”ཟེར་བ་དེ་ལྡབ་འགྱུར་གྱིས་ཆེ་བ་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཁྲིམས་ལུགས་སྤྱི་ཆིངས་ལ་རྒྱ་ནག་གིས་རྟགས་བཙུགས་ཡོད་པས་ངོས་ལེན་ཡོད་པའི་ཚོགས་མི་རྒྱལ་ཁབ་ཡིན།
མཚོ་ཁུལ་ལ་ལ་རུ། རྒྱ་ནག་གིས་མི་བཟོས་བཅོས་མའི་གླིང་ཕྲན་བཟོ་བཞིན་ཡོད་ལ། དེ་དག་དུ་གནམ་ཐང་ཡང་གསར་དུ་འཛུགས་བསྐྲུན་བྱས་ཡོད་པའི་མ་ཚད། ད་དུང་ལྟ་སྲུང་ལས་འགུལ་ཡང་སྤེལ་གྱིན་ཡོད།
རྒྱ་ནག་ལ་མཚོན་ན། “མཚོ་ཐིག་དུམ་བུ་དགུ”ཟེར་བས་རྒྱ་ནག་དུས་རབས་གཉིས་ལ་བསྟུད་མར་ཉམས་རྒུད་དུ་ཕྱིན་པའི་རྗེས་སུ། ད་གཟོད་སྟོབས་འབྱོར་མངའ་ཐང་རྒྱས་ནས་དུས་ཡུན་རིང་པོར་བདག་པོ་རྒྱག་མ་ནུས་པའི་མངའ་ཁོངས་བསྐྱར་ལེན་བདག་འཛིན་བྱས་པ་མཚོན་ཡོད། རྒྱལ་ཁབ་གཞན་དག་ལ་མཚོན་ན། “མཚོ་ཐིག་དུམ་བུ་དགུ”ཟེར་བ་དེ་མཚོན་རྟགས་ཙམ་ཡིན། རྒྱ་ནག་གིས་མངོན་སུམ་འཛེམས་མེད་ངང་དབང་ཆ་འཕྲོག་ལེན་བྱེད་ཀྱིན་པ་མཚོན་ཡོད།
བཞི། ལྷོ་རྒྱ་ནག་རྒྱ་མཚོ་དེ་ཅིའི་ཕྱིར་དེ་འདྲའི་གལ་ཆེན་ཡིན་ནམ།
ཨ་རིའི་ནུས་ཤུགས་བརྡ་འཕྲིན་ལས་ཁུངས་ཀྱི་ཚོད་བགམ་ལ་གཞིགས་ན། ལྷོ་རྒྱ་ནག་རྒྱ་མཚོའི་འོག་ན་རྡོ་སྣུམ་ཟོ་དུང་ཕྱུར ༡༡༠ དང་། རླངས་རྫས་ཁྲུ་གྲུ་བཞི་ལྷམ་པ་དུང་ཕྱུར ༡༩༠ ཡོད་པ་དང་། འཛམ་བུ་གླིང་གི་ནུས་ཤུགས་ཕྱིར་འདོན་རྒྱལ་ཁབ་ཆེ་ཤོས་ཀྱི་གསོག་འཇོག་ལས་ཀྱང་ཆེ།
དེ་མིན་མཚོ་ཁུལ་དེ་ནི་ཕུན་སུམ་ཚོགས་པའི་ཉ་རིགས་ཐོན་ཁུངས་ཀྱང་ཡིན། ཚོད་དཔག་ལྟར་ན། དེ་ཡིས་འཛམ་གླིང་ཧྲིལ་བོའི་ཉ་རིགས་ཐོན་ཁུངས་ཀྱི ༡༠ % ཟིན་ཡོད་པ་རེད། དེའི་སྟབས་ཀྱིས་བགྲང་བྱ་ལས་འདས་པའི་ཉ་འཛིན་གྲུ་གཟེངས་མོད་པོ་རྒྱལ་ཁབ་འདྲ་མིན་གྱི་མཚོ་དམག་གིས་འཕྲོག་རྩོད་བྱེད་སའི་མཚོ་ཁུལ་ན་མཚོ་འགྲུལ་བྱེད་ཀྱིན་པས། འཁྲུག་འཛིང་ལངས་རྒྱུའི་ཉེན་ཁ་ཇེ་མཐོར་བཏང་ཡོད།
མཚོ་ཁུལ་དེའི་རིན་ཐང་ཆེ་ཤོས་ནི་ཚོང་ཟོག་འགྲིམ་འགྲུལ་གྱི་མཚོ་ལམ་ཡིན། ཨ་རི་རྒྱལ་སྲུང་ལྷན་ཁང་གི ༢༠༡༥ ལོའི་སྙན་ཐོ་ཞིག་ཏུ་གསལ་བ་ལ། ལོ་རེ་རེར་རིན་དོད་ཨ་རིའི་སྒོར་མོ་དུང་ཕྱུར་ཁྲི་ལྔ་ལྷག་གི་དངོས་ཟོག་མཚོ་འགྲུལ་དེ་བརྒྱུད་ཀྱིན་པས། དེ་ཡིས་འཛམ་གླིང་ཧྲིལ་བོའི་མཚོ་འགྲུལ་ཚོང་ཟོག་གི ༣༠ % ཡས་མས་ཟིན་ཡོད་པ་རེད། དེའི་ཁྲོད་རྡོ་སྣུམ་འབོར་ཆེན་དང་། དེ་མིན་ལོ་རེ་རེར་ཨ་སྒོར་དུང་ཕྱུར་ཁྲི་གཅིག་ལྷག་གི་ཨ་རིའི་ཕྱི་ནང་འདྲེན་གཏོང་གི་དངོས་ཟོག་ཀྱང་ཐེ་ཡོད་པ་རེད།
ལྔ། ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་ཁུལ་འགྲུལ་ལམ་བཏང་འཛིན་དེ་དོན་ཆེན་འགངས་ཆེན་ཡིན་དོན་ཅི།
འདི་ལྷོ་རྒྱ་ནག་རྒྱ་མཚོའི་གནད་ཀའི་འགལ་ཟླར་ཐུག་ཡོད། འགལ་ཟླ་དེ་མངའ་ཁོངས་རྩོད་པས་བསླངས་པ་ཤར་སྟག་ཡིན་མོད། འོན་ཀྱང་། རྩོད་པའི་ནང་ཚུད་པའི་རྒྱལ་ཁབ་ཚང་མས་མཚོ་འགྲུལ་མི་མཐུད་ནས་རྒྱུན་འཁྱོངས་ཐུབ་རྒྱུར་རེ་བ་བཅངས་ཡོད། ཨེ་ཞི་ཡ་དང་འཛམ་གླིང་ཡུལ་གྲུ་གཞན་པའི་བར་དངོས་ཟོག་རང་དབང་ངང་འཁོར་སྐྱོད་བྱེད་རྒྱུ་ཁག་ཐེག་ཐུབ་ཚེ། མི་རེ་ངོ་རེར་ཁེ་ཕན་ལས་གྱོང་མེད། གལ་སྲིད་དེ་ལ་གཏོར་བརླག་ཐེབས་ཚེ། ཀུན་པོར་གྱོང་གུན་རེག་རྒྱུ་ནི་གདོན་མི་ཟའོ།
འདི་ནི་ཨ་རིས་མཐའ་གཅིག་ཏུ་རྒྱལ་སྤྱིའི་མཚོ་ཁུལ་གྱི་འགྲིམ་འགྲུལ་རང་དབང་ནན་བརྗོད་བྱེད་དོན་གྱི་རྒྱུ་མཚན་གཙོ་བོ་གཅིག་ཡིན། རྒྱ་ནག་གིས་ཚོང་དོན་བཀག་འགོག་བྱེད་མི་སྲིད་ཀྱང་། ཨ་རིར་མཚོན་ན་འགྲོ་སོང་ཅུང་ཞིག་ཡོད་ནའང་། རྒྱ་ནག་ལ་འཛམ་གླིང་དཔལ་འབྱོར་ལ་བཙན་ཤེད་སྐྲག་སྣང་སྐུལ་རྒྱུའི་ནུས་པ་ཞིག་མ་ལྡན་ན་དགའ།
ཡིན་ན་ཡང་། རྒྱ་ནག་གི་ངོས་ནས་བཤད་ན། ཨ་རི་རང་ཉིད་ལ་དེ་ལྟ་བུའི་ནུས་པ་འཛོམས་ཡོད་ལ། རྒྱུ་མཚན་གཙོ་བོ་ཞིག་ནི་ཨ་རིའི་མཚོ་དམག་ལ་གཞན་སུ་ལས་ཀྱང་བལྟོས་མེད་ཀྱི་སྟོབས་ཤུགས་ཆེ་ཐག་ཆོད་ཡོད། རྒྱ་ནག་གིས་ད་དུང་ཡང་། དེང་གི་འཛམ་གླིང་ཁྱོན་ཡོངས་ཀྱི་འཁོར་སྐྱོད་ནང་རྐྱེན་དེ་ནུབ་ཕྱོགས་པའི་ཁེ་ཕན་ལ་ཞབས་ཞུ་སྒྲུབ་རྒྱུ་ནི་བསྒྲུབ་བྱ་ཐོག་མ་རུ་བཞག་ཡོད་པར་འདོད། དེ་ཡི་ཕྱིར་ན། རྒྱ་ནག་གིས་རང་ཉིད་དང་འབྲེལ་བ་ཆེ་བའི་དཔལ་འབྱོར་འཚོ་གནས་ཀྱི་མཚོ་འགྲུལ་ལམ་ཐིག་ལ་བཏང་འཛིན་གྱི་དབང་ཆ་མང་པ་ཞིག་འཚོལ་སྙེག་བྱེད་ཀྱིན་ཡོད་ལ། དེར་མི་རྣམས་ཧང་སངས་མི་དགོས།
རྒྱ་ནག་དེ་འདས་པའི་ལོ ༢༠འི་རིང་གི་འབུར་ཐོན་བརྒྱུད་རིམ་ཁྲོད། རྒྱན་རྒྱག་ལྟ་བུའི་རྩེད་མོ་དེ་ཨ་རྒྱ་གཉིས་ཀའི་བར་དུ་འཐིམ་ཡོད། གཞུང་ལུགས་ཀྱི་ཐད་ནས་བཤད་ན། མཉམ་ལས་བྱས་ན་གྲུབ་འབྲས་ཡག་པོ་ཡོང་ངེས་ཡིན་པ་རྒྱལ་ཁབ་དེ་གཉིས་ཀས་ཤེས་ཤེས་པ་རེད། ཡིན་ན་ཡང་དངོས་ཡོད་ལག་ལེན་ཁྲོད། རྒྱལ་ཁབ་དེ་གཉིས་ཀས་ཕ་རོལ་བ་དེ་འགྲན་ཡ་ཞིག་དང་། ཡང་ན་མི་མངོན་པའི་འཇིགས་པ་ཞིག་དུ་ངོ་བོ་ངོས་འཛིན་བྱས་ཡོད་ལ། རེས་འཁོར་དེ་གཏོར་རྒྱུ་ལས་སླ་བོ་མིན།
དྲུག༽ དེ་ཙ་ན། དོན་དག་གི་གནད་འགག་ཐུག་ས་དེ་རྒྱ་ནག་འབུར་ཐོན་ལ་རག་ལས་ཡོད་དམ།
ཟུར་ཆ་ག་གེ་མོ་ནས་བཤད་ན། དེ་འདྲ་རང་རེད།
རྒྱ་ནག་གིས་རང་ཉིད་ནི་འཕར་ཞིང་འབུར་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་དུ་མཐོང་གི་ཡོད། རང་ཁྱིམ་གྱི་ལྟག་རའི་ནང་རང་ཉིད་ཀྱི་ཁེ་ཕན་རྒྱ་བསྐྱེད་རྒྱུའི་ཐོབ་ཐང་དང་དབང་ཆ་ཁྱིམ་བདག་རང་ལ་ཡོད་པ་དང་། དེའང་ནུབ་ཕྱོགས་བཙན་རྒྱལ་ཤོག་ཁག་གིས་འདས་པའི་དུས་རབས་དུ་མར་གང་བྱས་པ་དེ་བཞིན་དུའོ་འདོད་ཡོད། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དེ་སྲོལ་རྒྱུན་དུ་རྒྱ་ནག་གི་སྟོབས་ཤུགས་ཁྱབ་ཁོངས་ཡིན་པ་དང་། ལྷོ་རྒྱ་ནག་རྒྱ་མཚོ་བཏང་འཛིན་བྱ་རྒྱུ་ནི་མཚོ་ཁུལ་དེ་གར་དབང་ཆ་སྔར་ལས་ལྷག་པ་ཞིག་ལེན་རྒྱུའི་རྣམ་པ་ཞིག་ལ་ངོས་འཛིན་བྱས་ཡོད།
ནམ་རྒྱུན་ཨ་རི་བས་ཤེས་དཀའ་བ་ཞིག་ནི། རྒྱ་ནག་ལ་མཚོན་ན་དེ་ནི་འགོག་སྲུང་གི་བྱ་འགུལ་འབའ་ཞིག་ལས་མ་འདས་མོད། ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་ཀྱི་ལོ་རྒྱུས་སྤྲིན་སྨུག་ད་དུང་ཡལ་མེད། རྒྱ་ནག་གི་འགོ་ཁྲིད་ཚོས་ཨ་རིའི་འདོད་འདུན་ལ་དུས་དང་རྣམ་པ་ཀུན་ཏུ་ཡིད་ཆེས་བྱས་མྱོང་མེད་ལ། རྒྱ་ནག་ནི་ཤིན་ཏུ་ཞན་པའི་ཕྱོགས་དེ་ཡིན་པས། རྒྱ་ནག་གི་བཏང་འཛིན་དབང་ཚད་ཇེ་ཆེར་བཏང་བ་ནི་ཁོང་ཚོའི་འཇིགས་སྐུལ་ལ་འགོག་སྲུང་གི་རྣམ་པ་གཞན་ཞིག་ཏུ་ངོས་འཛིན་བྱས་ཡོད།
བདེ་འཇིགས་མ་ཡིན་པའི་ཚོར་བ་དེ་ནི་རྒྱ་ནག་གིས་རྒྱལ་སྤྱིའི་ལས་ཁུངས་དག་ལ་ཡིད་ཆེས་མེད་པའི་རྒྱུ་མཚན་གཅིག་ཀྱང་ཡིན། དཔེར་ན། ལྷོ་རྒྱ་ནག་རྒྱ་མཚོའི་འདུམ་འགྲིག་ཁང་ལྟ་བུ་རེད། རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་སྨྱན་བྱད་ཁག་གིས་དེ་ནི་རྒྱ་ནག་གི་མདུན་ལམ་འགོག་ཐབས་ཀྱི་ལྐོག་གཡོ་ཞིག་ཏུ་ལོག་འགྲེལ་བྱས་འདུག
བདུན༽ ཨ་རི་དོན་དག་དེའི་ནང་གང་ཐུབ་ཀྱིས་ཞུགས་དོན་ཅི་ཡིན་ནམ།
ཧྥི་ལི་པིན་ནི་ཨ་རིའི་མནའ་འབྲེལ་རྒྱལ་ཁབ་ཡིན། ཆིངས་ཡིག་ཏུ་གཏན་འབེབས་བྱས་པ་ལྟར་ན། མནའ་འབྲེལ་རྒྱལ་ཁབ་ཁག་སྲུང་སྐྱོབ་བྱེད་རྒྱུ་ནི་ཨ་རིའི་འོས་འགན་ཡིན། ཨ་རི་ནི་འཛམ་གླིང་སྟེང་གི་དཔལ་འབྱོར་གྱི་ཕུང་བོ་ཆེ་ཤོས་དེ་ཡིན་ཞིང་། མཚོ་འགྲུལ་རང་དབང་དེ་ཨ་རི་ལ་མཚོན་ན་ཁེ་ཕན་དང་འབྲེལ་བ་ཐད་ཀར་ཆགས་ཡོད། ད་དུང་ཡང་། འཛམ་གླིང་སྟེང་གི་མཚོ་དམག་སྟོབས་ཆེན་དེའང་ཡིན་པའི་ཆ་ནས། དུས་རྒྱུན་ཨ་མེ་རི་ཀས་བདེ་འཇགས་སྲུང་མཁན་གྱི་འགན་ཁུར་ལེན་བྱས་དང་བྱེད་ཀྱིན་ཡོད། དེ་ལས་གཞན། འཛམ་གླིང་སྟེང་གི་ཐོད་རྒལ་རྒྱལ་ཁབ་ཁོ་ན་དེ་ཡིན་པའི་ཆ་ནས། ཨ་རིའི་དཔལ་འབྱོར་གྱིས་ས་ཁུལ་དམག་འཁྲུག་ཁྲོད་སྙོམས་སྒྲིག་པའི་ནུས་པ་ཐོན་གྱིན་ཡོད།
ཝ་ཞིན་ཊིན་ལ་མཚོན་ན། མ་འོངས་པར་རྒྱ་ནག་དེ་རྒྱལ་ཁབ་ག་འདྲ་ཞིག་ཏུ་བསྒྱུར་རྒྱུ་དང་འབྲེལ་བ་ཆགས་ཡོད།
ཨ་རིའི་དཔོན་རིགས་ཚོས་ཁོང་ཚོས་རྒྱ་ནག་འབུར་ཐོན་ལ་འགལ་རྐྱེན་གཅིག་ཀྱང་བཟོས་མེད་པ་མ་ཟད། དགའ་བསུ་ཡོད་ལུགས་བརྗོད་ཀྱིན་ཡོད། ཡིན་ན་ཡང་། ཁོང་ཚོའི་སེམས་ཁུར་ནི། མཁས་པས་བཤད་པ་ཇི་བཞིན། རྒྱ་ནག་གིས“རང་དབང་རིང་ལུགས་ཀྱི་སྒྲིག་ལམ” —དམག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་ཁྲིམས་ལུགས་དང་ལས་ཁུངས་མ་ལག་ལ་རྩི་སྲུང་བྱེད་དམ། —ཡང་ན། དེའི་མགོ་རྟིང་སློག་ཐབས་འཚོལ་རྒྱུ།
ལྷོ་ རྒྱ་ནག་རྒྱ་མཚོ། ལྷག་པར་དུ་སྤྱི་ཟླ ༧ ཚེས ༡༢ ཉིན་བཏོན་པའི་ཁྲུན་ཐག་བཅད་ཁྲ། འདི་ནི་ཚོད་ལྟ་ཞིག་ཡིན། རྒྱ་ནག་དེ་མ་ལག་དེ་བརྩི་བཀུར་བྱེད་པའི་རྒྱལ་ཁབ་ཆེན་པོ་ཞིག་བྱེད་འདོད་ཡོད་དམ། ཡང་ན་དེ་ལ་གཏོར་བརླག་བྱེད་མཁན་གཏེ་བོ་ཞིག་བྱེད་འདོད།
སྒྲིག་ལམ་དེས་འཛམ་གླིང་ཧྲིལ་བོར་ཞི་བདེ་དང་དར་རྒྱས་ཡོང་ཆེད་སྐུལ་འདེད་བྱས་ཡོད་མོད། འོན་ཀྱང་། ལྡོག་ཏུ་མེད་པ་ཞིག་ལ། ཨ་རིའི་ཁེ་ཕན་ལ་ཞབས་ཞུ་བསྒྲུབ་ཡོད་པའི་དངོས་ཡོད་གནས་སྟངས་དེ་ཡིན།
མི་ཚང་མིས་ཁས་ལེན་ཐུབ་པ་ཞིག་ནི། སྤྱིར་ན་འཛམ་བུ་གླིང་དང་བྱེ་བྲག་ཨེ་ཞི་ཡའི་ད་ལྟའི་གནས་སྟངས་ལ་རིམ་གྱིས་འགྱུར་བ་འགྲོ་ངེས་ཡིན་ཙང་། རྒྱ་ནག་དེ་འཛམ་གླིང་འདིའི་སྟེང་གི་རྒྱལ་ཁབ་ཆེན་པོ་ཞིག་གི་རྣམ་པས་འཕར་ནས་འབུར་དུ་ཐོན་རྒྱུའི་དངོས་ཡོད་གནས་སྟངས་དེ་ཚང་མའི་མིག་ལམ་རྣ་ལམ་དུ་གོམས་དགོས། ལྷོ་རྒྱ་ནག་རྒྱ་མཚོ་དེ་དངོས་ནས་གལ་འགངས་ཆེན་པོ་ཡིན་པ་སྨོས་མི་དགོས། འོན་ཀྱང་། དེ་ལས་ཀྱང་གལ་ཆེན་ཞིག་ནི། དེ་ཡིས་རྒྱ་ནག་གིས་འཛམ་གླིང་སྟེང་དཀར་ནག་བཟང་ངན་ཅི་ཞིག་གི་རྣམ་པ་འཛིན་མིན་ལ་རབ་འདེགས་བྱེད་ཐུབ་པ་དེ་ཡིན།