ལས་འཁུར་དམ་འབུལ་སྟེང་གི་བཀའ་ཟློག་དམ་ཚིག

161012055857_cn_hongkong_legco_oath_02_976x549_reuters
གྲོས་ཚོགས་འཐུས་མི་ལཱང་སོན་ཧེན་གྱི་དམ་འབུལ་ངོ་རྒོལ།

ཉེ་བའི་ལོ་ཤས་སུ། ལག་མཐིལ་ཙམ་ལས་མེད་པའི་གླིང་ཚོམ་གྱིས་གྲུབ་པའི་ཧོང་ཀོང་དུ་ངོ་རྒོལ་གྱི་ལས་འགུལ་རྒྱུན་ཆད་མེད་པར་བྱུང་ཡོད་ལ།  ངོ་རྒོལ་བ་ཚོས་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་ཁྲིམས་སྲོལ་དང་། ཡང་ན་འདེམས་བསྐོའི་བྱ་རིམ་སོགས་གང་ཡིན་ཡང་རྒྱ་ནག་དེང་གཞུང་གིས་བཙན་པོ་དབང་ཡོད་བྱས་ནས་ཕྱེད་རང་སྐྱོང་གི་ངོ་བོར་གནས་པའི་ཧོང་ཀོང་ལ་གཏན་འབེབས་བྱས་པའི་སྲིད་ཇུས་གསར་བའི་རིགས་ལ་མ་མོས་མ་དགའ་བའི་རྣམ་འགྱུར་ཤེད་ཀྱིས་བསྟན་ཡོད།

སྤྱི་ཚེས ༡༢ ཉིན། ངོ་རྒོལ་ལས་འགུལ་བྱེད་ཡུལ་དེ་ཕྱིའི་སྲང་མགོ་ལམ་སྣེ་ནས་ཧོང་ཀོང་གི་གྲོས་ཚོགས་ནང་དུ་བསླེབས། གསར་དུ་བདམས་པའི་གྲོས་ཚོགས་འཐུས་མི་ཚོས་ཐོག་མའི་ཚོགས་འདུ་བསྐོངས་ནས་ལས་འཁུར་དམ་འབུལ་གྱི་མཛད་སྒོ་སྤེལ་ཡོད་པ་དང་།

པེ་ཅིང་གི་བཀའ་བཀོད་ལ་མི་ཉན་པ་དང་། གཞོན་སྐྱེས་ཁག་ཅིག་གི་ཧོང་ཀོང་རང་བཙན་གྱི་འབོད་སྒྲ་དེ་ཁ་བ་བུ་ཡུག་གི་འཚུབ་ཆ་རྒོད་པའི་གྲོས་ཚོགས་གསར་བ་ཞིག་དབུ་བརྙེས་པའི་སྔ་ལྟས་ཡིན་པ་དང་ཀུན་ནས་མཚུངས།

ད་ལོའི་སྤྱི་ཟླ ༩ པའི་ནང་གསར་དུ་བདམས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ལཱང་སོང་ཧེན་གྱིས་དམ་འབུལ་སྐབས། “ཧོང་ཀོང་རྒྱ་ནག་མ་རེད”ཅེས་བྲིས་པའི་འཕྲད་དར་ཞིག་ཕྲག་ཏུ་ཁུར་ཞིང་། དམ་འབུལ་ཁྲོད“ཧོང་ཀོང་རྒྱལ་དམངས”ལ་སྲི་ཞུ་སྒྲུབ་རྒྱུ་ལས། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཧོང་ཀོང་དམིགས་བལ་ས་ཁུལ་ལ་སྲི་ཞུ་མི་སྒྲུབ”ཅེས་བསྒྲགས་པ་མ་ཟད། ཁྲིམས་སྲོལ་ལྟར་དབྱིན་སྐད་ཀྱིས་གཞུང་གིས་གཏན་འབེབས་བྱས་པའི་དམ་ཚིག་སྒྲོག་སྦྱང་སྐབས། ཟུར་ཟའི་ནང་དོན་ཅན་གྱི་ཀྲི་ནཱ(支那Cina) ཞེས་བཀླགས་པ་ལས། ད་ལྟ་ཡོངས་ཁྱབ་ཏུ་བཀོལ་བཞིན་པའི་རྒྱ་ནག(Chins)ཅེས་ཀློག་མེད་པ་རེད།

སྐུ་ཞབས་ལཱང་སོང་ཧེན་ནི་ད་ལོ་དགུང་ལོ ༣༠ ཡིན་ཞིང་། ཆབ་སྲིད་ཚོགས་པ “གཞོན་ནུ་སྲིད་གསར”ཞེས་པ་ཕྱག་འཛུགས་གནང་མཁན་གྱི་གྲས་ཡིན། མིང་ལ “གཞོན་ནུ་སྲིད་གསར” ཟེར་བའི་ཆབ་སྲིད་ཚོགས་པ་དེས་དེ་སྔ་དབྱིན་ཇིའི་མི་སེར་སྤེལ་ཡུལ་ཡིན་པའི་ཧོང་ཀོང་དེ་རང་བཙན་བྱ་རྒྱུའི་ལྟ་བ་དང་དམིགས་ཡུལ་བཟུང་ཡོད་པ་རེད།

ཁོང་གི“གཞོན་ནུ་སྲིད་གསར”གྱི་མནའ་གྲོགས། ལོ་ན ༢༥ ཡིན་པའི་ཡུག་ཀྲིན་ཧུ་ཡིས་དམ་འབུལ་སྐབས། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ”ཅེས་པའི་ཆེད་དོན་ཐ་སྙད་དེའི་བར་དུ་སྐད་ཆ་བཙོག་པོ་བསྲེས་ནས་སྒྲོག་སྦྱང་གནང་པ་རེད། (People’s Refucking of Shee-na)。

གོང་ཞུས་འཐུས་མི་གསར་པ་དེ་གཉིས་ཐེ་བའི་ན་གཞོན་དྲུག་སྤྱི་ཟླ ༩ བར་སྤེལ་པའི་གྲོས་ཚོགས་འཐུས་མི་འདེམས་བསྐོ་སྐབས་གྲོས་ཚོགས་འཐུས་མིར་བདམས་ཡོད། འདེམས་བསྐོ་དེ་ནི ༢༠༡༤ ལོར “ཆར་གདུགས་ལས་འགུལ”ཞེས་པའི་དམངས་གཙོ་དགོས་འདུན་དུ་བཏོན་པའི་ངོ་རྒོལ་ལས་འགུལ་དེ་ལངས་པའི་རྗེས་སུ་སྤེལ་བའི་འདེམས་བསྐོ་ཐོག་མ་དེ་ཡིན། རྒྱ་ནག་གཞུང་གིས་བསམ་ཤེས་ཀྱི་གཟུར་བཤོལ་སོར་གང་ཡང་མ་བྱས་སྟབས། ཧོང་ཀོང་མི་དམངས་ཀྱིས་བཏོན་པའི ༢༠༡༧ ལོའི་ཧོང་ཀོང་དམིགས་བསལ་སྤྱི་ཁྱབ་འདེམས་བསྐོ་སྐབས་མི་སེར་ཚོར་ནང་ཞུགས་ཀྱི་དབང་ཆ་མང་ཙམ་དགོས་པའི་རེ་འདུན་དེ་འགྲུབ་མེད། ངོ་རྒོལ་ལས་འགུལ་རབ་དང་རིམ་པ་བྱུང་བ་ལས་ཆབ་སྲིད་སྟོབས་ཤུགས་གསར་བ་འགའ་ལ་གཉོམ་ལག་རྒྱས་ཡོད་ལ། མི་སྐོར་ཞིག་གིས་རྒྱ་ནག་པེ་ཅིང་གཞུང་གིས་ཧོང་ཀོང་ལ་རང་སྐྱོང་གི་དབང་ཆ་ད་ལྟ་ལས་ཀྱང་ཆེ་བ་གནང་དགོས་པའི་དགོས་འདུན་བཏོན་ཡོད། ཡང་ལ་ལ་ཞིག་གིས་ཐད་ཀར་ཧོང་ཀོང་རང་བཙན་བྱ་རྒྱུའི་ལྟ་བ་དང་དགོས་འདུན་བཏོན་འདུག

གོང་ཞུས་འཐུས་མི་དེ་གཉིས་ཀྱི་ལས་འཁུར་དམ་འབུལ་སྐབས་པེ་ཅིང་གི་བཀའ་བཀོད་ལ་མི་ཉན་པའི་རྣམ་འགྱུར་དེས་པེ་ཅིང་གི་སྙིང་ལ་ན་ཟུག་བསླངས་ཡོད་ལ། དབུས་གཞུང་གི་ཧོང་ཀོང་གི་སྐུ་ཚབ་དང་པོས་ཧོང་ཀོང་རང་བཙན་གྱི་ལྟ་བ་ལངས་ཕྱོགས་ཅན་རྣམས་གྲོས་ཚོགས་འཐུས་མིའི་གདན་ཁྲིར་བསླེབས་པ་དེ “གནོན་སྐྱོན”ཞིག་ཡིན་ཞེས་ཉེན་བརྡ་བཏང་འདུག

སྤྱི་ཚེས ༡༢ ཉིན། མི་གཞན་དག་ཚོས་ཀྱང་ཟློས་གར་རང་བཞིན་གྱི་ངོ་རྒོལ་ལས་འགུལ་འཁྲབ་སྟོན་བྱས་ཡོད་པར་གཞིགས་ན། ༢༠༡༤ ལོའི་ངོ་རྒོལ་ལས་འགུལ་གྱི་རྗེས་སུ། མ་མོས་མ་དགའ་པའི་བློ་ཁ་ད་དུང་ཡང་སེལ་ཐུབ་མེད་པ་གསལ་བོ་ཡིན་པ་མ་ཟད། འབྱུང་འགྱུར་གྲོས་ཚོགས་ནང་ཁུལ་དུ་འགལ་ཟླ་བསྟུད་མར་བྱུང་རྒྱུའི་སྔོན་བརྡ་བཏང་ཡོད་པ་རེད།

༢༠༡༤ ལོའི་ངོ་རྒོལ་ལས་འགུལ་གྱི་དབུ་ཁྲིད་གྲས་ལོའུ་གོན་ཚོང་གིས། “ངས་དུས་ནམ་ཡིན་ཡང་རང་གི་མི་དམངས་དམར་གསོད་གཏོང་མཁན་གྱི་གཞུང་ཞིག་ལ་སྲི་ཞུ་སྒྲུབ་མི་སྲིད”ཅེས་དམ་འབུལ་སྔོན་གསུངས་འདུག ཁོང་གིས་ཀོང་ཏུང་གི་སྐད་གདངས་ཀྱིས་དམ་ཚིག་ཁ་ཚང་སྒྲོག་སྦྱང་གནང་ཡང་། སྒྲོག་སྦྱང་སྐབས་ཀོང་ཏུང་གི་རྣ་བར་ཟུག་པའི་སྐད་གདངས་ཀྱིས “ཀྲུང་ཀོ”ཞེས་པའི་མིང་གི་ཡིག་འབྲི་གཉིས་པ་དེ་བཀླགས་ཡོད་པ་རེད།༼   ཁོང་གིས་བསམ་བཞིན་དུ་ཀོ་དེ་རྒྱའི་སྐད་ཀྱི་ཁྱི 狗 ཡི་སྒྲ་ལྟར་བཀླགས་པ་མིན་ནམ་བསམ་བྱུང་། རྒྱའི་སྐད་གདངས་སུ国དང狗གྱི་གདངས་ཉེ་བོ་རེད༽    ལོ་ན ༢༣ ཡིན་པའི་ལོའུ་གོན་ཚོང་དང “ཆར་གདུགས་ལས་འགུལ”གྱི་དབུ་ཁྲིད་གཞན་ཞིག་སྟེ་ཧོང་ཀྲི་ཧྥིང་གཉིས་མཉམ་འབྲེལ་གྱིས “ཧོང་ཀོང་དམངས་འདུན”(香港衆志Demosisito) ཚོགས་པ་ཞེས་པ་གསར་འཛུགས་གནང་ཞིང་། ཧོང་ཀོང་མི་དམངས་ཀྱི་འདུན་པ་ལྟར་མིང་དོན་མཚུངས་པའི་རང་སྐྱོང་ངོ་མ་ཞིག་ཐོབ་ཐབས་སུ་རྩོད་ལེན་བྱ་རྒྱུ་ནི་ཚོགས་པ་དེའི་མཐའ་མཇུག་གི་དམིགས་འདུན་དུ་བཞག་འདུག

ལོའུ་གོན་ཚོང་ནི་ཧོང་ཀོང་ལོ་རྒྱུས་སུ་ལོ་ན་ཆུང་ཤོས་ཀྱི་གྲོས་ཚོགས་འཐུས་མི་ཡིན།

སློབ་ཆེན་འཆད་འཁྲིད་དགེ་རྒན་ཧྲོ་ཇ་ཀྲིན ༢༠༡༤ ལོའི་དཀྱིལ་ཁུལ་བཙན་འཛིན་ངོ་རྒོལ་ལས་འགུལ་ནང་ཞུགས་ཡོད་ཅིང་། ཁོང་གིས་སྤྱི་ཚོགས་ཁེ་ཕན་ལས་རིགས་ཀྱི་འཐུས་ཚབ་ཀྱི་ངོ་བོས་དམ་འབུལ་གནང་ཡོད་པ་དང་། དམ་ཚིག་སྒྲོག་སྦྱང་སྐབས་ཁོང་གིས “ང་ཚོ་ཕྱིར་བསླེངས་སོང”ཞེས་བརྗོད་འདུག
ལིའུ་ཞོ་ལེ་ཡིས་ཆར་གདུགས་ལས་འགུལ་སྐབས་དམངས་གཙོའི་འགུལ་སྐྱོད་འཛིན་གྲྭའི་དགེ་རྒན་གྱི་འགན་ཁུར་པ་དང་། ཁོང་མོས་ཧ་ཅང་ཧ་ཅང་དལ་བའི་ངང་དམ་ཚིག་གཅིག་གཅིག་གཉིས་གཉིས་ཀྱིས་བཀླགས་པ་དང་། དབྱིན་ཇིའི་ཡིག་འབྲི ༨༠ ལས་མེད་པའི་དམ་ཚིག་དེ་དུས་ཡུན་ཆུ་ཚོད་སྐར ༡༠ ལ་བཀླགས་འདུག

དུས་ཡུན་རིང་པོར་དམངས་གཙོ་དར་སྲོལ་བཏོད་པའི་སྐུ་ཞབས་ལཱང་ཀོའུ་ཞོང་གི་མཚང་མིང་ལ “སྐྲ་རིང”ཟེར་ཞིང་། ཁོང་གིས་དམ་བཅའ་འབུལ་དུས་ཆར་གདུགས་སེར་པོ་ཞིག་དགར་ནས་ཡོང་ཞིང་། ཆར་གདུགས་སེར་པོ་ནི ༢༠༡༤ལོའི་ངོ་རྒོལ་ལས་འགུལ་གྱིས་མཚོན་རྟགས་ཡིན་པས། ལས་འགུལ་དེའི་མིང་ལ “ཆར་གདུགས་ལས་འགུལ”ཐོགས་པ་རེད། 161012055835_cn_hongkong_legco_oath_01_976x549_afp.jpg

ཁྲིམས་བཟོ་ལྷན་ཁང་གི་དྲུང་ཡིག་གིས་གྲོས་ཚོགས་འཐུས་མི ༧༠འི་ནང་ནས་འཐུས་མི་གསུམ་གྱི་དམ་འབུལ་རྩིས་མེད་དུ་བཏང་ཡོད་པ་དང་། ཁོང་རྣམས་ནི “གཞོན་ནུ་སྲིད་གསར”གྱི་ལཱང་སོང་ཧེན་དང་། ཡུག་ཧས་ཀྲིན། དེ་མིན་དམངས་གཙོ་ཕྱོགས་པའི་འཐུས་མི་ཡོ་སོང་ཡན་བཅས་རེད། རྩིས་མེད་དུ་གཏོང་དོན་ནི། ཁོང་ཚོའི་དམ་ཚིག་གཏན་འབེབས་བྱས་ཟིན་པའི་གཞུང་འབྲེལ་དམ་ཚིག་དང་ཐལ་ཆ་ཤོར་བ་དང་། དམ་འབུལ་སྐབས་འཕྲད་དར་འཕྱར་བ་སོགས་ཀྱིས་རེད།

སྐབས་སྔོན་མའི ༢༠༡༢ ལོའི་གྲོས་ཚོགས་ཚོགས་དུས་དང་པོའི་སྐབས། འཐུས་མི་ཞིག་གིས་དམ་འབུལ་སྐབས་གློ་བརྒྱབས་པར་རྐྱེན་བྱས་ནས་ཡང་བསྐྱར་དམ་འབུལ་བྱེད་དགོས་པར་ཐུག་པ་རེད།

དེ་འདྲ་ཡིན་མོད་ཀྱང་། དམ་འབུལ་བ་ཚང་མས་རྒྱ་ནག་གི་ཁ་ངོར་བལྟས་མེད་པ་མིན།

ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་ཅང་ལེ་ཡུང་ནི་པེ་ཅིང་ལ་ཕྱོགས་པའི་ཧོང་ཀོང་འཛུགས་སྐྲུན་མཐུན་ཚོགས་ཀྱི་འཐུས་མི་ཡིན་ཞིང་། ཁོང་མོས་སྤྱིར་བཏང་ལས་བརྒལ་བའི་ཉམས་འགྱུར་བཏོན་ཡོད་ལ། རྒྱ་ནག་སྐམ་ས་ཆེན་མོའི་གཞུང་འབྲེལ་སྤྱི་སྐད(普通话)ཀྱིས་དམ་ཚིག་སྒྲོག་སྦྱང་བྱས་པ་ལས། ཚད་ལྡན་ཀོང་ཏུང་སྐད་ཀྱིས་ཀློག་མེད།