རྒྱ་ནག་འཛམ་ཚོང་སྒྲིག་འཛུགས་སུ་ཞུགས་པའི་རྒྱབ་ལྗོངས་གླེང་བ།

 —– ཨ་རྒྱའི་ཚོང་དམག་གླེང་བའི་ལེའུ་གཉིས་པ།

Screen Shot 2018-04-09 at 10.55.47
གླག་འབྲུག་གཡུལ་འགྱེད།

མི་ལོ ༡༧ གྱི་ཡར་སྔོན། རྒྱ་ནག་འཛམ་གླིང་ཚོང་ལས་སྒྲིག་འཛུགས་སུ་ཞུགས་པའི་ཀུན་སློང་ནི་འགྲིག་མཉམ་འཁུར་དང་སྐྱིད་མཉམ་རྒྱག་བྱ་འདོད་མིན་པ་མ་ཟད། སྒྲིག་འཛུགས་དེའི་བསྲུང་བྱ་གཙི་འཆར་ཡེ་ནས་མེད། སྐབས་དེའི་རྒྱ་ནག་གི་སྲིད་བློན་ཀྲུའུ་རོན་ཇིས་སྔོན་དུ་འཛམ་ཚོང་སྒྲུག་འཛུགས་སུ་ཞུགས། དེ་ནས་རིམ་བཞིན་ཁ་གཏད་གཅོག་ཐབས་འཚོལ་ཞེས་པའི་ལམ་སྟོན་ཇི་བཞིན། རྒྱ་ནག་པའི་གཡོ་སྒྱུ་ཁྲམ་གསུམ་དང་མགོ་བདེ་དྲན་འཕྲུལ་གྱི་རིག་གནས་སྤྱད་ནས་ཁེ་བཟང་ཟ་འདོད་ཁོ་ན་དམིགས་ཡུལ་དུ་བཅངས་ཡོད།

འོན་ཀྱང་། རྒྱ་ནག་འཛམ་གླིང་ཚོང་ལས་སྒྲིག་འཛུགས་སུ་ཞུགས་རྒྱུའི་བློ་སྐྱེས་པ་དེ་སྐབས་དུས་ཀྱི་སྤྱི་ཚོགས་གནས་བབ་དང་འཛམ་གླིང་འཕེལ་ཕྱོགས་ཀྱི་རྒྱབ་ལྗོངས། མདོར་ན་ཕྱི་རྐྱེན་དང་ནང་རྐྱེན་གྱི་རྒྱབ་ལྗོངས་ལ་རག་ལས་ཡོད།

“༨༩ ལོའི་དྲུག་བཞི་དོན་རྐྱེན” ནི་རྒྱ་ནག་འཛམ་ཚོང་སྒྲིག་འཛུགས་སུ་ཞུགས་པའི་རྒྱབ་ལྗོངས་གཙོ་བོ་དེ་ཡིན་ལ་འགུལ་ཤུགས་ཀྱང་ཡིན། ཏེང་ཞོ་ཕེང་གིས་དབུ་ཁྲིད་པའི་རྒད་པོ་མཁྲེགས་གྱོང་ཚོས་ཚད་ལྡན་དམག་དཔུང་ཆེད་གཏོང་གིས་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་ཞི་བའི་དམངས་གཙོའི་ལས་འགུལ་སྤེལ་བཞིན་པའི་སློབ་མ་ཚོ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་རྗེས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གུང་ཁྲན་གཞུང་གི་རྩུབ་སྤྱོད་ལ་སུན་འབྱིན་དང་སྐྱོན་བརྗོད། དེ་དང་ཆབས་ཅིག་དམ་དྲག་ཉེས་ཆད་གཅོད་དགོས་པའི་འུར་འགོ་ཡང་ལངས་ཡོད་མོད། དོན་གྱིས་འུར་ཟིང་ལངས་པ་ནང་བཞིན་གྱི་དམ་དྲག་དང་ཉེས་ཆད་བཅད་མེད་མོད། རྒྱ་ནག་གཞུང་དམ་དྲག་ཉེས་ཆད་བཅད་ཡོང་བསམ་པའི་འཇིགས་སྐྲག་ཆེན་པོ་སྐྱེས་ཡོད། སྐབས་དེར་རྒྱ་ནག་ཧ་ཅང་ཉག་ཕྲ་བའི་གནས་བབ་ཅིག་ལ་ཐུག་ཡོད། དུས་ཡུན་རིང་པོ་ཞིག་ལ་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་སྟེང་ཉོ་ཚོང་རྒྱག་སྐབས་རྩིས་རྒྱག་བྱེད་ཀྱི་ཕྱི་རྒྱལ་གྱི་དངུལ་ལོར་དུང་ཕྱུར་བརྒྱ་ནས་དྲུག་བརྒྱ་ལས་མེད་པས་དེ་རྒྱ་ནག་ལ་མཚོན་ན་ཤིན་ཏུ་ཛ་དྲག་ཆེ་ཞིང་ཉེན་ཁ་ཅན་གྱི་གནས་བབ་ཅིག་ཡིན་པ་སྨོས་མ་དགོས། དེ་འདྲའི་ཛ་དྲག་ཆེ་བའི་གནས་སྟངས་འོག་སྐབས་དེའི་རྒྱ་ནག་གི་དབུ་ཁྲིད་ཅང་ཙེ་མེན་དང་ཀྲུའུ་རོང་ཇི་ལ་མཚོན་ན་མྱུར་བ་མྱུར་དུ་དཔལ་འབྱོར་གྱི་ཁ་ཕྱོགས་བསྒྱུར་ནུས་པའི་ཐབས་ལམ་ཞིག་ངེས་པར་དུ་འཚོལ་དགོས་པ་དེ་རེད།

དཔལ་འབྱོར་གྱི་འཕེལ་འགྲིབ་དེ་གུང་ཁྲན་གཞུང་གིས་མི་མཐུད་ནས་སྲིད་དབང་སྐྱོང་ཐུབ་མིན་ལ་ཐུག་ཡོད་པས། རྒྱ་ནག་ཕྱི་ནང་གཉིས་སུ་གུང་ཁྲན་ཏང་ལ་ལྟ་ཚུལ་ཧ་ཅང་དམའ་བའི་སྐབས་དེར་ལྟ་ཚུལ་ལ་བསྒྱུར་དགོས་ན་ཅི་ནས་ཀྱང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས།

ང་ཡི་ཁྲོད་ན་ཁྱོད་ཡོད། ཁྱོད་ཀྱི་ཁྲོད་ན་ང་ཡོད་པའི་དེང་གི་གོ་ལའི་གྲོང་ཚོའི་དུས་རབས་འདིར། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས་ན་རྒྱལ་སྤྱིའི་སྤྱི་ཚོགས་ལ་མ་བརྟེན་པར་གཅིག་པུར་གནས་ཐབས་བྲལ་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་བ་ཆགས་དགོས་ན་ངེས་པར་དུ་ཨ་རི་དང་འབྲེལ་བ་བྱེད་དགོས་པ་རྒྱ་ནག་གཞུང་གི་དབུ་ཁྲིད་ཚོས་ངེས་ཤེས་རྙེད། དེ་ཙ་ན། རྒྱ་ནག་གནའ་རབས་སྙན་གྲགས་ཆེ་བའི་ལོ་རྒྱུས༼   ཀྲན་གོའུ་ཐབས་ཇུས༽   སུ་སྐུ་ཞབས་ལཱོ་ཙི་ཡིས་ལྟ་བ་སྟེ། ཚུར་ལེན་འདོད་ན་ཐོག་མར་ཕར་ལ་སྟེར་དགོས་པའི་ཐབས་ཇུས་དེ་བཀོལ་ནས། ཉ་འཛིན་དགོས་ན་ཉ་དགའ་སའི་ཟས་སྤྲད་དགོས་པའི་དཔེ་ལྟར། ཨ་རི་འཛིན་དགོས་ན་ཨ་རི་དགའ་ས་དེ་སྟེར་དགོས་ན།  ཨ་མེ་རི་ཀའི་ཕུགས་རྒྱང་གི་དམིགས་ཡུལ་ནི་གོ་ལའི་སྒང་ན་ཉུང་ཉུང་ཞིག་ལྷག་ཡོད་པའི་དམར་ཤོག་རྒྱལ་ཁབ་དག་རིམ་གྱིས་འཛམ་གླིང་མཐུན་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཏུ་བསྒྱུར་ནས་གོ་ལ་གཅིག་གྱུར་བྱ་རྒྱུ་དེ་ཡིན་སྟབས། སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཅང་ཙི་མེན་དང་སྲིད་བློན་ཀྲུའུ་རོང་ཇི་གཉིས་ཀྱིས་དཔལ་འབྱོར་གྱི་ཐད་ནས་རོགས་རམ་ཐོབ་ཚེ་རིམ་གྱི་ཆབ་སྲིད་ཀྱི་ཐད་ནས་འགྱུར་བ་གཏོང་འདོད་ཡོད་ལུགས་ཁས་བླངས་པ་རེད།

དེའི་འདྲའི་གནས་སྟངས་འོག་ཨ་རིས་རྒྱ་ནག་འཛམ་ཚོང་སྒྲིག་འཛུགས་སུ་ཞུགས་རྒྱུར་རམ་འདེགས་ཞུ་རྒྱུ་དང་། རྒྱ་ནག་འཛམ་ཚོང་སྒྲིག་འཛུགས་སུ་ཞུགས་པ་བརྒྱུད་རིམ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོས་དང་མཉམ་དུ་ཆབ་སྲིད་ལ་བསྒྱུར་བཅོས་གཏོང་རྒྱུར་མོས་མཐུན་བྱུང་བ་རེད།

ཁས་བླངས་པ་དོན་དག་ཅིག་རེད། ལག་ལེན་དུ་བསྟར་རྒྱུ་ཡང་དོན་དག་གཞན་ཞིག་རེད། ཨ་རིས་མ་ཤེས་པ་ཞིག་ནི་རྒྱ་ནག་ནི་གཡོ་སྒྱུ་ཁྲམ་གསུམ་དང་མགོ་བདེ་དྲན་འཕྲུལ་ལ་མཁས་པའི་མི་རིགས་ཤིག་ཡིན་པ་དེ་རེད། རྒྱ་ནག་པའི་འདས་པའི་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་ལོ་རྒྱུས་ལ་ལྟོས་དང་། ནང་འཁྲུག་དང་ཕན་ཚུན་གཅིག་གིས་གཅིག་ལ་མགོ་བདེ་བོ་རྐྱང་རྐྱང་འཁྲབ་པའི་ལོ་རྒྱུས་རང་ཡིན།

དང་ཐོག་རྒྱ་ནག་རང་སྟེང་གི་གནད་དོན་མང་པོ་ཞིག་སེལ་ཐབས་སུ་འཛམ་ཚོང་སྒྲིག་འཛུགས་སུ་ཞུགས་རྒྱུའི་བློ་དེའང་མགོ་བདེ་བོས་ཁ་ལོ་བསྒྱུར་བའི་འཁྲབ་གཞུང་ཞིག་ཡིན།

དེ་ལྟ་ན། ཅང་ཀྲུའུ་གཞུང་གིས་ཕྱི་ཕྱོགས་སུ་ཆབ་སྲིད་དང་དཔལ་འབྱོར་ཕན་ཚུན་བརྗེ་རེས་རྒྱག་གིན་ཡིན་ལུགས་བསྒྲགས་པ་དང་ཆབས་ཅིག ནང་ཁུལ་དུ་ང་ཚོ་ལ་ང་ཚོའི་འགྲོ་ལུགས་འགྲིམ་སྲོལ་ཡོད་པས་དལ་བ་དམ་བོས་ཞིབ་འཇུག་བྱས་ཆོག་ཅེས་བསྒྲགས་ཀྱིན་ཡོད།

འཛམ་ཚོང་སྒྲིག་འཛུགས་ཀྱི་སྒྲིག་སྲོལ་ཡིག་ཆ་རིགས་རྒྱ་ཡིག་ཏུ་མེད་པ་དང་གཅིག རྒྱ་ནག་གཞུང་གིས་བསམ་བཞིན་དུ་མ་གེ་མོག་གེ་བཟོ་ཆེད་སྒྲིག་སྲོལ་ཡིག་ཆ་ཁེ་ལས་ཁང་དག་ལ་མཁོ་སྤྲོད་བྱེད་ཀྱིན་མེད་པ་དང་གཉིས། སྒྲིག་སྲོལ་ཡིག་ཆ་མང་དྲགས་པ་དང་གསུམ། དེ་ལ་སོགས་ཀྱི་དབང་གིས་རྒྱ་ནག་ནང་ཁུལ་གྱི་རྒྱ་ཆེའི་མི་དམངས་དང་ཁེ་ལས་ཁང་དག་གིས་འཛམ་ཚོང་སྒྲིག་འཛུགས་ཀྱི་སྒྲིག་སྲོལ་ཕལ་ཆེར་ཤོག་ལེབ་གཅིག་ཀྱང་མཐོང་མྱོང་མེད་པས་ལོང་བས་གླིང་ཆེན་ལ་སྦར་མྱུལ་བྱས་པའི་དཔེ་རུ་གྱུར་ཡོད་ན། རྒྱ་ནག་མི་དམངས་དང་ཁེ་ལས་ཁག་དག་ལ་མཚོན་ན་རྒྱ་ནག་གཞུང་གིས་ཅི་ཞིག་འགྲེལ་བཤད་བྱས་པ་དེ་ཡིན་པར་སྒོམ་རྒྱུ་ལས་ཐབས་གཞན་མེད། རྒྱ་ནག་གཞུང་གིས་དེ་ལྟར་བྱེད་དོན་ནི་ཕྱོགས་གཅིག་ནས་ཆབ་སྲིད་ཀྱི་ཉེན་ཁ་གཡོལ་ཐབས་དང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་མི་མང་ལ་མགོ་གཡོག་མགོ་སྐོར་གཏོང་ཐབས། འདི་ལྟ་བུའི་རྒྱབ་ལྗོངས་དང་བསམ་བློ་ཁྱེར་ནས་རྒྱ་ནག་འཛམ་ཚོང་སྒྲིག་འཛུགས་སུ་ཞུགས་པ་རེད།

འོ་ན་གཞི་རྒྱ་ཆེ་བའི་རྒྱལ་སྤྱིའི་ཚོང་ལས་དོ་མི་མཉམ་པའི་གནས་སྟངས་ལ་འགྱུར་བ་གཏོང་དགོས་ན་ཇི་ལྟར་གཏོང་དགོས་ཞེ་ན། རྒྱ་ནག་འཛམ་ཚོང་སྒྲིག་འཛུགས་སུ་ཞུགས་ནས་ལོ་བཅུ་འཁོར་བའི་སྐབས་སུ་ཨ་རིའི་གྲོས་ཚོགས་སུ་ཉན་ཞིབ་ཅིག་བསྐོངས་པའི་ཐོག་རྒྱ་རིགས་དམངས་གཙོ་ལས་འགུལ་བའི་བདག་པོ་སྐུ་ཞབས་ཝེ་ཅིན་ཧྲིན་ལགས་ཀྱིས་རྣག་ཐོག་གཙག་འཁེལ་གྱི་ཚུལ་དུ། ཐབས་ལམ་གཉིས་ཁོ་ན་ལས་མེད། གཅིག་ཏེ་རྒྱ་ནག་འཛམ་ཚོང་སྒྲིག་འཛུགས་ལས་ཕྱིར་ཕུད་གཏོང་དགོས། གཉིས་པ་ནི། འབྲེལ་ཡོད་རྒྱལ་ཁབ་ཚོས་ཀྱང་གཅིག་མཚུངས་ཀྱི་ཚོང་ལས་བཙན་རྫོང་བསྐྲུན་ནས་རྒྱ་ནག་གཞུང་གིས་རང་གི་ཁེ་བཟང་གི་ཆེད་དུ་འཛམ་ཚོང་སྒྲིག་འཛུགས་ཀྱི་བསྲུང་བྱ་དག་མི་གཙི་རང་གཙི་རུ་གཏོང་དགོས་ཞེས་པ་ལྟ་བུ་རེད།
རྒྱ་ནག་ལ་རྒྱུས་མངའ་ཅུང་ཞིག་ཡོད་པ་ཚོས་ཤེས་གསལ་ལྟར། ཕར་བལྟས་ཚོད་ཀྱིས་འཐུས་གུ་ཚང་བའི་རྒྱ་ནག་གི་ཁྲིམས་ལུགས་རིགས་ནི་གཞུང་འཛིན་གུང་ཁྲན་ཏང་ལ་དགེ་མཚན་ཡོད་དུས་མ་གཏོགས་གཙི་སྲུང་མི་བྱེད་པའི་ལག་ཆར་གྱུར་ཡོད་པ་དང་། དེའི་སྟབས་ཀྱིས་གལ་ཏེ་རྒྱ་ནག་གིས་རང་འགུལ་ངང་འཛམ་ཚོང་སྒྲིག་འཛུགས་ཀྱི་སྒྲིག་སྲོལ་གཙི་སྲུང་བྱས་ན་མ་གཏོགས་འཛམ་ཚོང་སྒྲིག་འཛུགས་རང་སྟེང་ན་བྱེད་ཐབས་ཡོད་མ་ཡིན།
སྤྱིར་བཏང་གིས་བཤད་ན། དགྲ་ནོ་ཁྲོ་འབར་གྱིས་མ་གཏོགས་སྔོན་བྱོན་དབུ་ཁྲིད་རྣམ་པས་ཨ་རྒྱའི་ཚོང་ལས་དོ་མི་མཉམ་པའི་གནས་སྟངས་མ་ཤེས་མ་མཐོང་མ་ཐོས་པ་མིན་ལ། དམངས་གཙོ་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་ཁུར་བའི་ཨ་རིའི་སྲིད་འཛིན་ཟུར་བ་ཨོ་བྷ་མས་གཙོས་དམངས་གཙོ་ཚོགས་པས་གོ་ལ་གཅིག་གྱུར་གྱི་ལྟ་གྲུབ་མཁྲེགས་བཟུང་གིས་རྒྱ་ནག་ལ་དཔལ་འབྱོར་ཐད་ནས་ཁེ་བཟང་སྤྲད་དེ། རྒྱ་ནག་གི་འབྱོར་འབྲིང་གྲལ་རིམ་གྱི་དཔུང་ཇེ་རྒྱས་སུ་སོང་ན་རྒྱ་ནག་དམངས་གཙོ་རུ་འགྱུར་སྲིད་པར་ཡིད་ཆེས་བརྟན་པོ་བཟུང་ཡོད་མོད། དམངས་གཙོ་ཚོགས་པ་རྨོངས་ས་དེ་རྒྱ་ནག་གུང་ཁྲན་གཞུང་གི་ནང་ཁུལ་གྱི་མ་ལག་གྲུབ་སྟངས་དང་འགྲོ་ལུགས་འདུག་སྟངས་ལ་རྒྱུས་མངའ་མེད་པ་དེ་ཡིན་ལ། ནང་སྒོས་སུ་ཨོ་བྷ་མ་གཞུང་གིས་རྒྱ་ནག་ཐད་སྲིད་ཇུས་མཁྲེགས་པོ་འཛིན་དགོས་པར་འདོད་པའི་ཆེད་མཁས་རིག་པ་བའི་ཚོགས་ཕོ་བྲང་དཀར་པོའི་དབང་ཆའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་དེད་ཡོད།

ཨ་རིས་དཔལ་འབྱོར་ཐད་ནས་རྒྱ་ནག་ལ་རོགས་སྐྱོར་བྱས་ནས་དུས་ཡུན་ཐུང་ཐུང་ཞིག་གི་ནང་རྒྱ་ནག་དེ་ཕྱི་དངོས་པོའི་ཆ་ནས་འབྱོར་ལྡན་རྒྱལ་ཁབ་ཀྱི་གྲོས་སུ་ཚུད་པ་དེར་རྒྱ་ནག་གུང་ཁྲན་གཞུང་གིས་བཟང་ངོ་ངན་དང་ཇ་ལན་གཅིན་བྱས་པའི་མ་ཚད། བྱི་ལར་ཤ་བྱིན་འཕྲོག་པའི་སེམས་པས་སྔར་ལས་ཧམ་པ་ཇེ་ཆེས་སྤྱོད་ངན་ལྷང་ངེར་མངོན་དུས། གང་ལ་གོམས་ན་དེ་ལ་མཁས་ཞེས་པ་ནང་བཞིན་མི་ཚེ་ཧྲིལ་བོ་ཚང་ལས་ཁྲོད་བསྐྱལ་ཞིང་ཚང་ལས་ལ་མཁས་པའི་དགྲ་ནོན་ཁྲོ་འབར་གྱིས་དེ་ལྟ་བུའི་ཚོང་ལས་དོ་མི་མཉམ་པའི་གནས་བབ་ཞིག་དང་ལེན་རྩ་བ་ཉིད་ནས་བྱེད་མི་ཐུབ་པར། མ་འོངས་པའི་སླད་དུ་ཨ་རྒྱའི་བར་ཚོང་ལས་དོ་མཉམ་ཡོང་ཐབས་སུ་འབད་རྒྱུ་ལས་བཟོད་སྒོམ་བྱེད་མི་སྲིད་ན། རྒྱ་ནག་གུང་ཁྲན་གཞུང་ལ་མི་སྐད་བཤད་ནས་མི་གོ་ན་ཚོང་དམག་གི་རྟ་གོན་ལ་ཞུགས་རྒྱུ་ལས་བྱེད་ཐབས་གཞན་མེད་དོ།

འདི་ན་གཏམ་ཨ་ཕས་བཤད་རྒྱུ་ཨ་མས་བཤད་དེ། ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀག་ནས་གོ་ནོར་ཞིག་ཐེབས་ཡོད་པ་འདྲ། གསར་འགྱུར་སྨྱན་བྱེད་ཁག་ན་ཨ་རིས་ཚོང་དམག་རྒྱག་གིན་འདུག་ཅེས་བཀོད་འདུག དོན་གྱིས་ཨ་རིས་རྒྱ་ནག་གིས་ལོ་དུས་མིའི་རིང་ནུབ་གླིང་རྒྱལ་ཁབ་ཁག་ལ་བརྒྱབས་དང་རྒྱག་མུས་སུ་ཡོད་པའི་ཚོང་དམག་ལ་གདོང་ལེན་དང་ཨ་ལན་སློག་པ་ཞིག་ཡིན་ཞིང་། དེ་ཡང་སྲིད་འཛིན་དགྲ་ནོན་ཁྲོ་འབར་མཆོག་གིས། ང་ཚོས་རྒྱ་ནག་ལ་ཚོང་དམག་རྒྱག་གིན་མེད། གཡུལ་འཁྲུག་འདི་ལོ་དུ་མའི་སྔོན་ནས་རྒྱ་ནག་གིས་བསླངས་ཡོད་། ཚོང་དམག་དེའི་ཁྲོད་ཨ་རིའི་སྐུ་ཚབ་ཡིན་ཟེར་བའི་ནུས་མེད་བླུན་རྒན་ཚོས་ཕམ་ཁ་ཉོས་ཚར་ཡོད། ཅེས་པ་ལྟ་བུའོ།